རྡོ་རྗེ་ཚེ་སྲུང་།
དེང་སང་COVID-19ནད་ཡམས་ཀྱིས་རྐྱེན་བྱས་ནས་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཁག་གཅིག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་དང་། རྒྱ་ནག་གཞུང་གིས་དེར་ཡ་ལན་སློག་པ་སོགས་ཀྱི་འགལ་བ་ཞིག་འབྱུང་བཞིན་འདུག འདི་ལྟར་བསམ་སྐབས་’ལོ་རྒྱུས་ཀྱིས་བསྐྱར་ཟློས་བྱེད་’ཅེས་བཤད་སྲོལ་ཡོད་པ་དེ་ལོས་བདེན་བསམ་བསམ་ཞིག་རེད། དུས་རབས་བཅུ་བདུན་པའི་མཇུག་ལ་(༡༦༩༣)མན་ཇུའི་གོང་མ་ཁང་ཤིས་(༡༦༥༤-༡༧༢༢)དུག་སྦྲང་གི་ནད་དམ་མ་ལ་རི་ཡ་ཞེས་པའི་ནད་ཀྱིས་ཟིན་པས་སྐུ་གྲོངས་བར་ཉེ་བའི་དུས་ཤིག་བྱུང་།
སྐབས་དེར་པེ་ཅིང་དུ་གནས་སྡོད་ཡེ་ཤུའི་ཆོས་སྤེལ་མཁན་Jean de Fontaneyཟེར་བ་ཞིག་གིས་མ་ལ་རི་ཡའི་ནད་སོས་ཐུབ་པའི་སྨན་རིལ་ཞིག་འབུལ་རྒྱུ་ཡོད་ཚུལ་ཞུས། གོང་མ་ཐུགས་མ་ཆེས་ནས་ཐོག་མར་དྲུང་འཁོར་བ་མི་བཞི་ལ་སྨན་དེ་ཟ་བཅུག སྨན་དེས་གནོད་པ་མེད་པ་ཤེས་རྗེས་སུ་གོང་མ་རང་གིས་བཞེས་པས་སྙུང་གཞི་ལས་སངས་དྲག་ཏུ་གྲོལ། དེར་གོང་མ་ཁང་ཤིས་ཐུགས་ཆེར་དགྱེས་ནས་ཡེ་ཤུའི་ཆོས་སྤེལ་མཁན་གཉིས་པོར་གོང་མ་རང་གི་ཕོ་བྲང་གི་ཉེ་འཁོར་དུ་ས་ཆ་བསྩལ་ཞིང་མཐུན་རྐྱེན་སྦྱར་ནས་ཡེ་ཤུའི་ལྷ་ཁང་རྒྱ་ཆེན་པོ་ཞིག་བཞེངས་བཅུག སྤྱི་ལོ་༡༧༠༣ལོར་ཆོས་ཁང་བཞེངས་གྲུབ་ཅིང་ཆོས་ཁང་དེའི་མིང་ལ་ཡང་སྐྱོབ་པ་ལྷ་ཁང་(救世主堂)ཞེས་གོང་མའི་སྐུ་སྲོག་བསྐྱབས་པའི་བཀའ་དྲིན་རྗེས་དྲན་གྱི་ནང་དོན་དང་ལྡན་པར་གསོལ།
དེང་སྐབས་COVID-19འགོས་ནད་ཀྱི་གནད་དོན་ཐད་ནས་ནུབ་ཕྱོགས་པའི་འབྱོར་ལྡན་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཉེན་བརྡ་དྲག་པོ་བསྟུད་མར་བཏང་ཡོད། དཔེར་ན། འཇར་མི་ནིའི་གཙོ་འཛིན་ཨན་འཇི་ལ་མར་ཁེལ་གྱིས་རྒྱ་ནག་གིས་འགོས་ནད་དེའི་ཐོག་མའི་བྱུང་སྟངས་ཁ་གསལ་བྱེད་དགོས་པའི་དགོས་འདུན་བཏོན་པ་ད་ང་། ཧྥ་རན་སིའི་སྲིད་འཛིན་ཨི་མ་ཉོལ་མག་རོན་གྱིས་རྒྱ་ནག་ཏུ་འགོས་ནད་དེས་རྐྱེན་བྱས་ནས་མི་གྲོངས་བའི་གྲངས་འབོར་དེར་དོག་པ་ཡོད་ལུགས་བཤད། ཨ་མེ་རི་ཁ་མངའ་སྡེ་ཆིག་སྒྲིལ་གྱི་ཁྲིམས་རྩོད་པ་ཚོས་ནད་ཡམས་དེས་རྐྱེན་བྱས་ནས་དཔལ་འབྱོར་དང་ཚེ་སྲོག་ལ་གྱོང་གུད་ཕོག་པའི་འགན་རྒྱ་ནག་ལ་ཡོད་པས་གུན་གསབ་འཇལ་དགོས་ཚུལ་བགྲང་བཞིན་ཡོད། ད་དུང་སྲིད་འཛིན་ཌོ་ནལ་ཌི་ཁྲི་རམ་པ་དང་སྲིད་འཛིན་མེག་རོན་གཉིས་ཀས་རྒྱལ་ཚོགས་མཉམ་འབྲེལ་འཕྲོད་སྟེན་སྒྲིག་འཛུགས་རྒྱ་ནག་གི་ཕྱོགས་སུ་ཡོ་བཞིན་ཡོད་པས་སྒྲིག་འཛུགས་བསྐྱར་བཅོས་དགོས་ལུགས་གྲོས་མཐུན་བྱུང་ཚུལ་འདུག
གནད་དོན་འདི་ལ་བལྟས་ཡོང་དུས་མི་ལོ་བརྒྱ་དང་ཉི་ཤུའི་སྔོན་ཏག་ཏག་ལ་རྒྱ་ནག་ཏུ་བྱུང་བའི་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་བཙན་འཛུལ་ཞེས་པ་དེ་ལ་དྲན་གསོ་སློང་། རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་བཙན་འཛུལ་ཞེས་པ་དེ་ནི་དབྱིན་ཡུལ་དང་། ཨ་མེ་རི་ཁ། འཇར་མན། ཧྥ་རན་སི། ཨེ་ཊ་ལི། ར་ཤི་ཡ། ཉི་ཧོང་། ཧང་ག་རི་བཅས་ཀྱི་དམག་གིས་སྡེབས་གཅིག་ལ་པེ་ཅིང་གི་གོང་མའི་ཕོ་བྲང་གི་ལྕགས་རིའི་ནང་དུ་འཛུལ་བའི་བྱུང་བ་ཞིག་རེད།
རྒྱལ་ཁབ་བརྒྱད་ཀྱི་བཙན་འཛུལ་བྱུང་རྐྱེན་ཅུང་ཙམ་གླེང་ན། རྒྱ་ནག་དུ་ཉལ་ཐའི་དམག་འཁྲུགས་སོགས་ལངས་རྗེས་སུ་ཡེ་ཤུའི་ཆོས་སྤེལ་མཁན་མང་དུ་སླེབས། རྒྱ་ནག་པ་རྣམས་ཡེ་ཤུའི་ཆོས་སྤེལ་མཁན་ལ་དགྲར་འཛིན་གྱི་འདུ་ཤེས་ཤུགས་ཆེར་ཕྱིན། མན་ཇུའི་ཕོ་བྲང་གི་རྒྱབ་སྐྱོར་འོག་ནས་༡༩༠༠ལོར་ཁུ་ཚུར་དྲག་རྒོལ་(拳亂)ལས་འགུལ་ཞེས་པ་ལངས། རྒྱ་ནག་གི་ཁུ་ཚུར་དྲག་རྒོལ་བས་འཇར་མ་ནིའི་ཡེ་ཤུའི་ཆོས་སྤེལ་མཁན་གཉིས་བསད་ཅིང་པེ་ཅིང་གྲོང་ཁྱེར་དུ་གནས་པའི་ནུབ་ཕྱོགས་པ་དང་དེ་དག་ལ་འབྲེལ་བ་ཟབ་པའི་རྒྱ་མི་ཡེ་ཤུའི་ཆོས་པ་རྣམས་དེད་ནས་སྐྱོབ་པ་ལྷ་ཁང་དུ་ཡིབས་དགོས་བྱུང་། དེའི་མཇུག་འབྲས་སུ་རྒྱ་ནག་ལ་རྒྱལ་ཁབ་བརྒྱད་ཀྱི་བཙན་འཛུལ་ཟེར་བ་བྱུང་ཞིང་རྒྱ་ནག་ལ་ཕམ་ཁ་ཆེན་པོ་ཐེབས་ནས་དངུལ་སྒོར་ས་ཡ་བཞི་བརྒྱ་ལྔ་བཅུ་ལོ་༣༩རིང་ལ་འཇལ་བའི་གྲོས་ཆོས་འཇོག་དགོས་བྱུང་། བྱུང་བ་དེ་ནི་གོང་མ་ཁང་ཤིས་ཀྱི་སྦྱིན་བདག་གནང་ནས་ལོ་ཉིས་བརྒྱ་ལྷག་ཙམ་གྱི་རྗེས་སུ་ཁེལ་ཡོད། སྤྱི་ལོ་༡༩༡༢ལོར་མན་ཇུའི་གཞུང་མཇུག་དྲིལ་ན་ཡང་རྒྱལ་ཁབ་བརྒྱད་ལ་འཇལ་དགོས་པའི་ཉེས་ཆད་དངུལ་སྒོར་འབོར་ཆེན་དེ་གོ་མིན་ཏང་སྲིད་གཞུང་གིས་འཇལ་དགོས་བྱུང་།
ཡ་མཚན་པ་ཞིག་ལ་སྔོན་ཆད་རྒྱ་ནག་གིས་དངུལ་སྒོར་ས་ཡ་མང་པོའི་ཉེས་ཆད་འཇལ་སའི་ནུབ་ཕྱོགས་རྒྱལ་ཁབ་འདི་དག་ལ་སྐབས་འདིའི་COVID-19ཞེས་པའི་འགོས་ནད་འདིས་ན་ཚ་ཤི་ཆད་ཆེས་ཆེན་པོ་བཟོས་ཡོད། དཔེར་ན། ཡོ་རུབ་ཀྱི་ཡུལ་ཨི་ཊ་ལི། སི་ཕེན། འཇར་མན་ནི། ཧྥི་རན་སི། དབྱིན་ཡུལ་སོགས་གཅིག་འཕྲོར་གཅིག་འགྲོ་བསྐྱོད་བཀག་སྡོམ་བྱེད་དགོས་ཐུག དེའི་འཕྲོར་ཨ་མེ་རི་ཁ་མངའ་སྡེ་ཆིག་སྒྲིལ་དང་། ཉི་ཧོང་། ཉེ་ཆར་ནས་ར་ཤི་ཡ་བཅས་ལ་འགོས་ནད་ཁྱབ་འཕེལ་གྱིས་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག ལྟ་ཚུལ་རགས་པ་ཙམ་བྱས་ན་ལས་རྒྱུ་འབྲས་འཁོར་ཞེས་པ་དེ་འདི་འདྲ་ཞིག་ཡིན་ནམ་བསམ་པ་ཞིག་ཀྱང་འདུག
ཨོ་སི་ཁྲི་ལི་ཡ་དང་། ཉུ་ཟི་ལན་ཌི་གཉིས་ཀ་སྔོན་དུས་ཀྱི་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་ནང་ལ་ཚུད་མེད་ཀྱང་སྐབས་འདིའི་ནད་ཡམས་ཀྱི་གནད་དོན་ཐད་ནས་རྒྱ་ནག་གཞུང་ལ་སྐྱོན་འཛུགས་ཀྱིས་གདོང་ཐུག་རྒྱག་བཞིན་འདུག ཨོ་སི་ཁྲི་ལི་ཡའི་སྲིད་བློན་སི་ཁོ་ཊི་མོ་རི་སོན་གྱིས་རྒྱ་ནག་གི་ནད་ཡམས་དེའི་བྱུང་སྟངས་ལ་ཐད་གར་ཞིབ་འཇུག་དགོས་ཚུལ་བཤད་པ་དང་། ཉུ་ཟི་ལན་ཌིའི་སྲིད་བློན་ཨར་ཌིན་གྱིས་ཐའེ་ཝན་རྒྱལ་ཚོགས་མཉམ་འབྲེལ་འཕྲོད་སྟེན་ལྷན་ཚོགས་སུ་འཇུག་དགོས་ཚུལ་བཤད་པས་རྒྱ་དམར་གཞུང་ལ་ཕོག་ཐུག་བཏང་ཡོད། དེ་ལ་རྒྱ་ནག་གཞུང་གིས་ཡ་ལན་དུ་ཨོ་སི་ཁྲི་ལི་ཡའི་ནས་ཉོ་བར་ཚོལ་ཁྲལ་བརྒྱ་ཆ་བརྒྱད་ཅུ་རྒྱག་རྒྱུ་ཡིན་ལུགས་དང་། ཨོ་སི་ཁྲི་ལི་ཡའི་བཤས་ར་ཆེན་པོ་བཞིའི་མིང་ནས་སྨྲོས་ཏེ་དེ་དག་ནས་གླང་ཤ་ཉོ་རྒྱུ་མིན་ལུགས། རྒྱ་མི་ཡུལ་སྐོར་བ་ཡོང་རྒྱུར་བསམ་བློ་གཉིས་པ་གཏང་རྒྱུ་ཡིན་ཚུལ་སོགས་དཔལ་འབྱོར་དང་ཚོང་ལས་ཀྱི་འཇིགས་སྐུལ་བྱས་ཡོད།
ཉེ་ཆར་ནས་རྒྱ་དམར་གཞུང་གིས་དྲུང་ཆེ་ཤིས་ཅིང་ཕེན་གྱིས་རྒྱལ་ཁབ་མང་པོའི་དཔོན་རིགས་ཁག་ལ་འབྲེལ་ལམ་བྱས་ཏེ་རང་ཕྱོགས་སུ་འགུགས་ཐབས་བྱེད་བཞིན་ཡོད་མོད་རྒྱལ་ཁབ་ཆུང་གྲས་དང་། དཔལ་འབྱོར་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་ཞན་གྲས་རིགས་མ་གཏོགས་རང་ཕྱོགས་སུ་འགུགས་ཐུབ་ཀྱིན་མི་འདུག ལྷག་པར་ཡང་སྔོན་ཆད་རྒྱ་ནག་ལ་བཙན་འཛུལ་བྱེད་མཁན་རྒྱལ་ཁབ་བརྒྱད་ཀྱི་གྲས་ནས་ཨི་ཊ་ལི་དང་མཐུན་ལམ་ཡག་པོ་བྱུང་བའི་གདེངས་ཚོད་ཡོད་པ་འདྲ། ཨི་ཊ་ལི་ནི་བཟོ་ལས་ཡར་རྒྱས་ཅན་གྱི་རྒྱལ་ཁབ་བདུན་ཟེར་བའི་ཁྲོད་ནས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ཅེས་པའི་ཚོང་ལས་འཆར་གཞི་ལ་མོས་མཐུན་མིང་རྟགས་འགོད་མཁན་དེ་ཡང་རེད། ཨི་ཊ་ལི་རྒྱ་ནག་གི་ཕྱོགས་སུ་འགུགས་ཐུབ་ན་དེ་ཙམ་གྱིས་ཀྱང་རྒྱ་ནག་གི་ཚོང་ལམ་ཡུ་རོབ་དུ་བཏོད་ཐུབ་པ་ཡིན་པས་གལ་ཆེན་པོ་ཆགས་ཡོད་ངེས།
རྒྱ་ནག་གི་བློས་ཐུབ་གྲོགས་པོ་གཞན་ཞིག་ཡོད་པ་དེ་ཕལ་ཆེར་ར་ཤི་ཡ་ཡིན་སྲིད། ར་ཤི་ཡས་གོ་སྐབས་གང་ཡོད་ལ་རྒྱ་ནག་དང་ལྷན་དུ་ཨ་མེ་རི་ཁ་མངའ་སྡེ་ཆིག་སྒྲིལ་ལ་ཁ་གཏད་གཅོག་པ་དེ་རྒྱུན་ལྡན་འགྲོ་ལུགས་ལྟ་བུར་གྱུར་ཡོད། ཉེ་ཆར་ཡང་། ར་ཤི་ཡའི་སྲིད་འཛིན་ཝི་ལ་ཌི་མར་ཕུ་ཊིན་དང་རྒྱ་མིའི་མགོ་ཁྲིད་ཤིས་ཅིང་ཕེན་གཉིས་ཀྱིས་ཁ་པར་བརྒྱུད་ནས་ཁོ་རོ་ནད་ཡམ་ལ་ཁ་གཏད་གཅོག་ཚུལ་ཚུད་པའི་གནད་དོན་འགའི་སྐོར་ལ་གྲོས་མོལ་བྱུང་ཡོད་སྐད།
ལོ་རྒྱུས་ལ་ཕྱིར་དྲན་བྱས་ན་ཁུ་ཚུར་དྲག་རྒོལ་གྱི་གྲོས་ཆོད་ཟེར་བ་དེ་ནི་རྒྱལ་ཁབ་བརྒྱད་ཀྱི་དམག་དཔུང་གི་འཇིགས་སྐུལ་འོག་ཏུ་བཞག་པ་ཡིན་སྟབས་འདྲ་མཉམ་དྲང་བདེན་མིན་པའི་གྲོས་ཆོད་ཅིག་ཡིན་པར་བསྙོན་དུ་མེད། མན་ཇུ་གོང་མའི་སྲིད་དབང་འཐོར་ཞིག་ཏུ་སོང་བ་དེའི་རྒྱ་རྐྱེན་གཅིག་ཀྱང་ཁུ་ཚུར་དྲག་རྒོལ་གྱི་གྲོས་ཆོད་ལས་བྱུང་བར་འདོད་པས་དྲན་སྣང་ཁ་ཏིག་ཏིག་ཅིག་ཡིན། ཡིན་ན་ཡང་། མི་ལོ་བརྒྱ་དང་ཉི་ཤུ་སོང་བའི་དེ་རིང་གི་ཉིན་མོར་རྒྱ་ནག་གཞུང་དང་སྟོབས་ཆེན་རྒྱལ་ཁབ་གཞན་ཁག་གི་བར་ལ་འབྱུང་བཞིན་པའི་COVID-19ནད་ཡམ་གྱི་གནད་དོན་ལས་བྱུང་བའི་འགལ་བ་འདི་ཡང་ཕལ་ཆེར་དེ་དང་ཆ་འདྲ་བ་ཞིག་ཀྱང་རེད། འོན་ཀྱང་། རྒྱ་དམར་གཞུང་གི་དཔལ་འབྱོར་དང་ཆབ་སྲིད་ཤུགས་རྐྱེན་ཆེ་རུ་ཕྱིན་ཡོད་པས་ཆིང་རྒྱལ་རབས་ཀྱི་དབང་བསྒྱུར་དུས་མཇུག་དང་བསྡུར་ཐབས་མེད། འགལ་བ་འདི་འགྲིགས་འཇགས་ཐུབ་དང་མི་ཐུབ་ནི་རྒྱ་དམར་གཞུང་གིས་ཕྱི་གསལ་ནང་གསལ་གྱིས་སྲིད་ཇུས་ལ་གཞི་བྱས་ཏེ་འཛམ་གླིང་ལ་འབྲེལ་ལམ་འཛུགས་ཐུབ་དང་མི་ཐུབ་ལ་རག་ལས་ཡོད་པས་དེ་ནི་རྒྱལ་སྤྱིའི་མི་མང་གིས་ཞིབ་ལྟ་བྱ་ཡུལ་ངོ་མ་དེ་ཡིན་ངེས།