ཀླུ་སྨྱོན་ཧེ་རུ་ཀ།
“ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །
རྒྱུན་མི་འཆད་པར་ཐོས་པར་ཤོག །”
-གླེང་སློང་བའི་ཚིག།
ཉེ་བའི་ཆར་གོང་ས་མཆོག་གིས་དྲ་ལམ་བརྒྱུད་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩོལ་རྒྱུའི་ཐད་དུ་ཨོ་རྒྱན་སྟོབས་རྒྱལ་གྱིས་བཤད་པའི་སྐད་ཆ་ཁག་ཅིག་དང་། དེ་ལ་ལན་བཏབ་པའི་སྐད་ཆ་གཉིས་ལག་པ་གཉིས་བརྡབས་ཐལ་སྒྲ་རུ་གྱུར་ནས་ང་ཚོའི་འཁྲུག་ཆོག་ཆོག་གི་སྤྱི་ཚོགས་ཆུང་ཆུང་འདི་སླར་ཡང་ཐེར་ཚལ་སྦར་ཚལ་བཟོས་སོང་། དེང་སྐབས་དྲ་ལམ་སོ་སོ་ནས་རྩོམ་ཡིག་དང་གཏམ་བཤད་སྤེལ་བ་མང་པོ་ཞིག་མཐོང་ན་ཡང་། ཡ་རབས་བཟང་སྤྱོད་དང་འབྲེལ་ནས་སྐད་ཆ་བཤད་མཁན་ནི་དགེ་ལུགས་པའི་དགེ་བཤེས་བློ་བཟང་ཟླ་བ་དང་རྙིང་མའི་མཁན་པོ་ཚེ་རིང་བཀྲ་ཤིས་གཉིས་ཀྱི་སྐད་ཆ་ལྟ་བུ་ཧ་ཅང་དཀོན་པོར་སྣང་།
སྐབས་འདིར་ང་ཚོའི་སེམས་ནང་འཁོར་དགོས་པའི་སྒྲུང་ཞིག་ངའི་སེམས་ནང་འཁོར་བ་ནི། སྔོན་ཆད་འབྲོང་རྒོད་ཅིག་གིས་སྤང་རྩྭ་འདོད་འདོད་ཅིག་ཟོས་ནས་ལྟོ་བ་འགྲངས་ཏེ་ཉལ་ནས་བསྡད་ཡོད་དུས། དུག་སྦྲང་ཞིག་འཕུར་ཡོང་ནས་འབྲོང་དེའི་རྭ་རྩེར་བབས་པ་དང་། དེའི་སེམས་ནང་ངའི་གཤོག་སྒྲ་ཆེན་པོ་དེས་འབྲོང་རྒོད་དེ་ལ་མི་བདེ་ཞིག་བཟོས་ཡོད་ཏན་ཏན་ཡིན་སྙམ་ནས། ཨ་རོགས་གྲོགས་པོ་འབྲོང་ལགས། ངས་ཁྱེད་ཀྱི་རྭ་རྩེ་ནས་དུས་ཡུན་གང་འཚམ་ཞིག་ལ་ངལ་གསོ་རྒྱག་འདོད་ཡོད་པས། དེས་ཁྱེད་ལ་མི་བདེ་བ་འདྲ་མི་བཟོ་བའི་རེ་བ་ཡོད་ཅེས་བརྗོད་པར། འབྲོང་རྒོད་ཁྲེལ་དགོད་ཅིག་བྱས་རྗེས། ཁྱོད་རང་ངའི་རྭ་རྩེར་བབས་ནས་བསྡད་པ་དང་རྭ་རྩེར་མ་བབས་པ་གཉིས་ཀ་ང་ལ་མཚོན་ན་ཁྱད་པར་ཅི་ཡང་མེད། དེས་ངའི་འབྲོང་རྒོད་དར་མའི་ལུས་པོ་འདིར་ཕན་གནོད་གང་ཡང་འབྱུང་གི་མ་རེད། ཅེས་ལན་བཏབ་པ་རེད།
ང་ཚོས་ཐོག་མར་སྟོན་པ་ཐུགས་རྗེ་ཅན་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེས་གསང་སྔགས་གསུང་བའི་ཡུལ་དུས་གནས་སྐབས་གསུམ་ལ་རོབ་ལྟ་ཞིག་བྱེད་དགོས། ཁོང་གིས་གསང་སྔགས་གསུང་ས་དེ་གང་ཟག་དེ་ཚོ་ཕལ་མོ་ཆེ་འཇིག་རྟེན་གྱི་མི་ཡིན་ན་རྒྱལ་བློན་བཙུན་མོ་ལྟ་བུ་ཁྱིམ་པའི་རིགས་དང་། ཤམ་བྷ་ལའི་རྒྱལ་བློན་དང་དུར་ཁྲོད་ཉུལ་བའི་མི་མ་ཡིན་པའི་དཔའ་བོ་མཁའ་འགྲོ་དེ་འདྲ་རེད། དུས་ཚོད་ཡིན་ན་གསུང་ཡུལ་དེ་ཚོའི་སེམས་ནང་གསང་སྔགས་ལ་རིན་ཐང་ཆེ་བའི་དུས་ཚོད་ཅིག་རེད། གནས་སྐབས་ནི་གསུང་ཡུལ་དེ་ཚོའི་ཞུ་བ་བོ་དེ་ཚོ་ཕལ་མོ་ཆེ་གསང་སྔགས་ལ་འདུན་པ་དང་གསང་སྔགས་ཀྱི་བྱིན་རླབས་མ་ཉམས་པའི་གནས་སྟངས་གཉིས་འཕྲད་པ་ཞིག་རེད།
དུས་དེ་ནས་བཟུང་སྟེ་དེང་སང་ལ་ཐུག་གི་བར་དུ་གསང་སྔགས་ཀྱི་བསྟན་པ་འདི་ཉིད་སྤྱིའི་ཆ་ནས་དར་རྒྱས་ཆེ་ནས་ཆེ་རུ་འགྲོ་བཞིན་པ་ཞིག་དང་། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང་། ཇི་སྐད་དུ། སྙིགས་མའི་མུན་པ་ཇི་ལྟར་བདོ་ན་ཡང་། །ཨོ་རྒྱན་ཆེན་པོའི་བྱིན་རླབས་ཟླ་ལྟར་གསལ། །ཞེས་གསུངས་པ་བཞིན། སྙིགས་མའི་མུན་པ་ཆེ་ཆེར་བདོ་བའི་དུས་ངན་དམག་འཁྲུག་དང་མུ་གེ ནད་ཡམས་དང་འབྱུང་བའི་གོད་ཆགས་སོགས་མི་འདོད་པ་སྣ་ཚོགས་ཤིག་མཉམ་དུ་བསྡོངས་ནས། ས་སྟེང་སྐྱེ་འགྲོ་ཀུན་གྱི་བདེ་སྐྱིད་ཉིན་རེ་ནས་ཉིན་རེར་བཅོམ་དང་འཇོམས་བཞིན་པའི་དུས་སྐབས་འདིར། ནང་བསྟན་སྤྱི་དང་ཁྱད་པར་བོད་བརྒྱུད་ནང་བསྟན་ལ་དད་པ་ཕྲན་བུ་ཙམ་རེ་ལས་མེད་མཁན་ཞིག་ཡིན་ན་ཡང་། རང་ལ་ཡོད་ན་ངོམ་རྒྱུ་དང་དགྲ་ལ་ཡོད་ན་སྨོན་རྒྱུ་དེ་ནི་གསང་སྔགས་ཀྱི་དབང་སྐུར་འདི་ཚོ་རེད་སྙམ།
ང་ཚོའི་ནང་བསྟན་གྱི་ཐེག་པ་རིམ་པ་གསུམ་ལ་གློག་བརྙན་ཞིག་གི་ཚད་དུ་བཞག་ནས་བལྟ་དུས། ཐེག་དམན་དེ་དཀར་པོ་དང་ནག་པོའི་གློག་བརྙན། ཐེག་ཆེན་དེ་ཚོན་ཁྲའི་གློག་བརྙན། གསང་སྔགས་དེ་རིམ་པ་གསུམ་པའི་ཚོན་ལྡན་3Dགློག་བརྙན་ཞིག་གི་ཚད་དུ་བཞག་ནས་བལྟས་པ་ཡིན་ན། ཐེག་པ་སོ་སོའི་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་གསལ་བོར་མཐོང་ཐུབ། དེའི་ཕྱིར། རིམ་པ་གསུམ་པའི་ཚོན་ལྡན་གློག་ལྡན་གློག་བརྙན་ལ་ལྟ་དུས་མིག་ཤེལ་དམིགས་བསལ་བ་ཞིག་གྱོན་ནས་བལྟས་པ་ཡིན་ན་གློག་བརྙན་དེའི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་བྲོ་བ་ངོ་མ་དེ་མྱོང་ཐུབ་པ་ང་ཚོས་གསལ་བོ་ཤེས་གསལ་རེད། འདི་ནི་ང་ཚོས་གསང་སྔགས་ཀྱི་དབང་ཞུ་དུས་ཕྱི་ནང་མཐུན་རྐྱེན་ཡོངས་རྫོགས་ཚང་ན་ད་གཟོད་དབང་སྐུར་གྱི་བྱིན་རླབས་ངོ་མ་དེ་འཐོབ་ཐུབ་པའི་གནས་སྟངས་དེ་ཤེས་རྒྱུར་ཕན་ཐོགས་ཡོད་པ་ཞིག་རེད།
རིམ་པ་གསུམ་པའི་གློག་བརྙན་དེ་བཟོ་སྐྲུན་མཁན་གྱིས་བཟོས་པ་ཙམ་གྱིས་མི་ཆོག་པར་གློག་བརྙན་ལ་ལྟ་མཁན་གྱིས་ཀྱང་ངེས་པར་དུ་མིག་ཤེལ་དེ་གྱོན་ནས་བལྟ་དགོས། གོ་རིམ་འདི་ཡིས་དབང་སྐུར་མཁན་གྱི་བླ་མ་དེ་ཚད་ལྡན་ཡིན་པ་ཙམ་གྱིས་མི་ཆོག་པར་དབང་ཞུ་མཁན་གྱི་སློབ་མ་དེ་ཚོར་ཡང་དད་པ་དམ་ཚིག་གཡོ་བ་མེད་པ་ཞིག་དགོས་པ་དེ་བསྟན་ཡོད། ཐེངས་འདིའི་དབང་སྐུར་གྱི་གནས་སྟངས་ལ་མཚོན་ན་རྒྱལ་དབང་དོན་གྱི་བདག་པོ་འཕགས་མཆོག་སྤྱན་རས་གཟིགས་དངོས་སམ་ཡང་ན་མགྲོན་གཉེར་འཁྲུལ་མེད་ཅིག་ཡིན་པ་དང་། དབང་སྐུར་དེ་ཞུ་མཁན་ཕལ་མོ་ཆེ་རང་མོས་རང་འཐད་དད་པ་དམ་ཚིག་གཡོ་བ་མེད་པ་ཡོད་མཁན་ཡིན་པའི་ཆ་ནས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་གསུངས་པ་བཞིན་རེད། དུས་ངན་སྙིགས་མའི་དུས་སུ་བསྟན་པའི་གཟུགས་བརྙན་ཙམ་དང་ཆོས་སྒྲ་ཚིག་བཞི་གཅིག་ཡན་ཆད་ཀྱིས་བསྟན་པའི་རྒྱུན་འཛིན་དང་སེམས་ཅན་གྱི་བདེ་སྐྱིད་ལ་ཕན་ཐོགས་ཡོད་པར་ཁྱོད་ཀྱང་ཡིད་ཆེས་ཡོད་པར་ངེས། དེ་ལྟར་མིན་ན་ཁྱོད་དང་ང་ལྟ་བུར་ཁུངས་བཙུན་པོ་ག་འདྲ་ཡོད་མེད་མ་ངེས་ཀྱང་དེང་སྐབས་ཀྱི་བོད་པའི་གྲྭ་ཆས་སུ་འབོད་པའི་གོས་དམར་པོ་དང་སེར་པོ་འདི་ཚོ་གྱོན་པའི་འོས་བབ་ག་ཚོད་ཅིག་ཡོད་མེད་ངེད་གཉིས་ཀྱི་སེམས་སུ་ནམ་ལངས་ཉི་ཤར་མ་ཡིན་ནམ།
རྩོམ་པ་པོ་རང་ཉིད་ལ་མཚོན་ན་གོང་ས་མཆོག་གི་ཞབས་དྲུང་ནས་རྡ་རམ་ས་ལ་རུ་ལམ་རིམ་ཆེན་མོ་དང་རྡོ་རྗེ་གདན་ནས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་དང་བྱང་ཆུབ་སེམས་བསྟོད་ཞུ་དུས་ཆམ་པ་ཕོག་ནས་འཆི་གྲབ་བྱེད་མྱོང་ཡོད། དེ་ནི་མི་ཚོགས་མང་པོ་མཉམ་གཅིག་ཏུ་འདུས་ཏེ་ས་རྡུལ་འཐིབས་པ་དང་ཟ་ཁང་དག་ནས་ཟ་མ་གཙང་སྦྲ་ཅན་བཟོ་རྒྱུར་དཀའ་ངལ་ཡོད་པ། གནམ་གཤིས་ཚ་གྲང་མི་སྙོམས་པ་སོགས་འགལ་རྐྱེན་དུ་མ་ཞིག་མཉམ་དུ་བསྡོངས་པས་ཡིན་པ་ཤེས་གསལ་དང་། དྲ་ལམ་ནས་བཀའ་ཆོས་ཞུ་དུས་གོང་གསལ་མི་མཐུན་པའི་འགལ་རྐྱེན་དེ་ཚོ་གཅིག་ཀྱང་མེད་པར་བཀའ་ཆོས་ཞུ་ཡུལ་གྱི་བླ་མ་དེ་དང་རང་ཉིད་གཉིས་པོ་ཁང་པ་གཅིག་ནི་ནང་དུ་ཞལ་དང་གདོང་གཏུགས་ནས་བསྡད་ཡོད་པའི་ཚོར་སྣང་ཞིག་འགོག་མེད་དུ་ཡོང་གིན་འདུག གང་ཞིག་མོས་པ་གཙོ་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས།། སོགས་ཀྱི་ལུང་འདྲེན་རྙིང་པ་དེ་ཚོ་ཁྱོད་ཀྱིས་ཀྱང་སྐྱོར་ཤེས་ཀྱི་ཡོད་པས་འདིར་སྐྱར་ཟློས་བྱེད་མི་དགོས་ལ། ང་ཚོས་རྒྱལ་བ་རིན་པོ་ཆེའི་དྲུང་དེ་ག་རང་ནས་དབང་ལུང་ཁྲིད་གསུམ་ཞུ་དུས་ཀྱང་། གཟུགས་མཐོང་བརྙན་ཤེལ་ཆེན་པོ་དེ་འདྲ་མེད་ན་རྒྱང་རིང་པོ་ནས་ཁོང་གི་སྐུ་མི་མཐོང་ལ། སྒྲ་སྐྱེད་གློག་དུང་མེད་ན་ཁོང་གི་གསུང་གསལ་བོར་མི་ཐོས་པ་སོགས་ཀྱི་དཔེ་བརྗོད་མང་པོ་ཞིག་ཡོད་པ་ཁྱོད་ཀྱིས་ཀྱང་ཁས་ལེན་དགོས། ཁྱོད་ལ་དགོན་པ་གྲྭ་ཚང་ཡོད་པས་དགོན་པའི་འདུ་ཁང་ནང་དུ་གུ་རུ་རིན་པོ་ཆེའི་སྐུ་བརྙན་དེ་ཁྱོད་ཀྱི་བླ་མ་དག་གི་སྐུ་པར་དེ་ཚོར་དད་པ་དམ་ཚིག་འགྱུར་མེད་ཀྱིས་གསོལ་བ་ཚུལ་བཞིན་དུ་བཏབ་པ་ཡིན་ན་དངོས་སུ་མདུན་དེར་བཞུགས་པ་ལྟ་བུའི་བྱིན་རླབས་ཐོབ་ཐུབ་པར་ཡིད་ཆེས་ཡོད་པས་ཡིན་རྒྱུ་རེད་པ།
གོང་དུ་ཞུས་པ་བཞིན་གསང་སྔགས་ཀྱི་དབང་སྐུར་དང་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་དེ་ཚོར་མཇལ་དུས། ལུས་སེམས་རླུང་གསུམ་རགས་པ་ནས་ཕྲ་བ་དང་ཕྲ་བ་ནས་ཤིན་ཏུ་ཕྲ་བའི་གནས་སྐབས་ཤིག་ཏུ་འགྱུར་བ་ངེས་པར་དུ་འགྲོ་དགོས་པ་ཞིག་ཡིན་པས། དེང་རབས་ཚན་རིག་འཇིག་རྟེན་གྱི་མྱུར་མགྱོགས་གློག་གི་རྦ་རླབས་ལ་ཞོན་པའི་ཀུན་ཁྱབ་དྲ་རྒྱའི་སྒེའུ་ཁུང་ཆེ་འབྲིང་ཆུང་གསུམ་ནི་ང་ཚོའི་ལུས་སེམས་རླུང་གསུམ་གྱི་ཆེས་ཕྲ་བའི་གཉུག་མའི་རང་ཞལ་སྟོན་པ་ལ་ནུས་པ་འགྲན་ཟླ་མེད་པ་སྟོན་རྒྱུར་གཞོག་འདེགས་བླ་ན་མེད་པ་ཐོན་མཁན་དེ་ཡིན་པ་སུ་ཡིས་མི་ཤེས། ཨོ་རྒྱན་སྟོབས་རྒྱལ་ཁྱོད་དང་ངེད་གཉིས་ཀྱིས་རྒྱལ་བ་རྡོ་རྗེ་འཆང་དང་སྤྱན་རས་གཟིགས་དངོས་སུ་ཞལ་མཇལ་བ་ཡིན་ན་ཡང་ཁོང་རྣམ་གཉིས་ཀྱི་སྐུ་གཟུགས་དེ་དེང་སྐབས་ཀྱི་རྒྱ་གར་བའི་གཟུགས་པོ་དེ་ལྟ་བུ་སྤུས་ཁེངས་ཤིང་འབྲས་ལྡ་ལིའི་དྲི་མ་ཅན་དེ་འདྲ་ཞིག་མ་གཏོགས་བརྙན་འཕྲིན་ནང་གི་སྐུ་གཟུགས་དེ་ནང་བཞིན་དྭངས་གསལ་འོད་ཀྱི་རང་བཞིན་ཅན་ཞིག་ཏུ་མཇལ་མི་སྲིད་པ། དེའི་ཕྱིར་དད་པ་དང་ལོག་ལྟ་གཉིས་ལས་ལོག་ལྟ་སྐྱེ་སླ་བའི་ཁྱོད་དང་ངེད་གཉིས་ལ་ཡུལ་གཉན་པོ་དེ་ཚོ་བརྙན་འཕྲིན་དྲ་ལམ་ནས་མཇལ་བ་ཡིན་ན་ཁེ་བཟང་ཉིས་བརྩེགས་ཤིག་ཡོད་པ་ཡང་ཤེས་ན་ལེགས། གསང་བ་ཁྲོམ་བསྒྲགས་ཟེར་བ་དེ་ནི་གཞི་རྩའི་ཆ་ནས་གསང་བ་བསྒྲགས་ན་དེའི་ལྟ་སྤྱོད་ཀྱིས་མི་གཞན་གྱི་རྒྱུད་ལ་ལོག་ལྟ་ཁྲོང་ཁྲོ་སོགས་བསྐྱེད་པར་དགོངས་པ་ཞིག་མ་གཏོགས། མདང་ནུབ་གོང་ས་མཆོག་གིས་གསུངས་པ་བཞིན། བྱམས་པ་དང་བརྩེ་བ་གཞི་ལ་བཞག་པའི་སྤྱན་རས་གཟིགས་ཀྱི་བཀའ་དབང་ལྟ་བུ་ནི་ནང་པ་ཡིན་མིན་གཉིས་གས་ཞུས་ཀྱང་དེ་ལ་ཕན་པ་ཞིག་མ་གཏོགས་གསང་བ་སྒྲོག་པའི་ཉེས་པ་ཞིག་ནམ་ཡང་རྙེད་དཀའ་བ་ཡིན།
དཔལ་དུས་ཀྱི་འཁོར་ལོའི་སྣ་ཚོགས་ཡུམ་གྱི་བསྟོད་པ་སྟེ། ཕྲ་རབས་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཞེས་པ་འདི་དང་དེང་རབས་དྲ་རྒྱའི་འཇིག་རྟེན་གྱི་དབང་སྐུར་ཆོས་འཆད་ཀྱི་བྱ་བ་འདི་གཉིས་ཐོད་གཏུགས་ཏེ་བལྟས་པ་ཡིན་ན། མཐར་ཐུག་གི་གོ་དོན་གང་ཡིན་ལ་མ་ལྟོས་དང་ཐད་ཀ་ཐད་ཀའི་ཕན་ཐོགས་དེ་གང་ཡིན། འགྲོ་བ་མི་ལ་དགོས་པ་དེ་གང་ཡིན། བསྟན་པ་སྟབས་བདེའི་སྒོ་ནས་འཛིན་སྟངས་དེ་གང་ཡིན། དབང་སྐུར་ཕྲ་རྡུལ་བརྒྱུད་ནས་ཞུ་སྟངས་དེ་གང་ཡིན་རྟོགས་ཐུབ་པ་ཡིན།
ཨོ་རྒྱན་སྟོབས་རྒྱལ་ཁྱེད་ཀྱིས་རང་གི་བླ་མ་སློབ་མ་ནང་མི་བུ་ཕྲུག་གྲོགས་པོ་སོགས་ལ་ཁ་པར་གྱི་ལམ་ནས་ཁ་བརྡ་བྱེད་མྱོང་རྒྱུ་རེད་པ། དེ་དུས་ཁྱོད་ཀྱིས་ཁ་པར་ཁ་བརྡ་དེ་ཁ་བརྡ་ངོ་མ་ཞིག་ལ་བརྩི་ཨེ་མྱོང་། ཡང་ན་ཁ་པར་ཁ་བརྡ་དེ་ཁ་བརྡ་མ་བྱས་པ་ཞིག་ལ་བརྩིས་པ་ཡིན། ཁྱོད་རླངས་འཁོར་ལ་བསྡད་མྱོང་ཡོད་པ་རེད་པ། རླངས་འཁོར་གྱིས་ཁྱོད་ཀྱི་གཟུགས་པོ་དེ་སྦི་རི་ནས་ལྡི་ལི་ལ་བསྐྱལ་པ་དེས་ཁྱོད་རང་ལྡི་ལི་ལ་བསྐྱོད་པའི་གོ་ཆོད་པ་རེད་དམ་མིན། ཁྱོད་རང་ལྟར་ན་ང་འགྲོ་གི་ཡོད་ཅེས་པ་དེ་མཐའ་གཅིག་ཏུ་ཁྱོད་རང་གི་རྐང་པ་གཉིས་ཀྱི་སྒང་ལ་ལངས་ནས་འགྲོ་དགོས་པ་དང་། ངས་མཐོང་སོང་ཞེས་པ་དེ་ངེས་པར་དུ་ཁྱོད་རང་ཡུལ་དངོས་དེར་ཡོད་དགོས་པ་ཡིན་ནམ། དེ་ཡིན་ན་ཁྱོད་ཀྱིས་ནམ་ཡང་རྒྱལ་བ་རིན་པོ་ཆེས་དབང་སྐུར་དྲ་ལམ་ནས་བསྐུར་རྒྱུ་ཞིག་མ་ཐོས་ཏེ། རྒྱུ་མཚན་ནི་རྒྱལ་བ་རིན་པོ་ཆེས་ཞལ་དང་གདོང་གཏུགས་ནས་ཁྱོད་ལ་དེ་ལྟར་མ་གསུངས་པའི་ཕྱིར། ཁྱོད་རང་གུ་རུ་རིན་པོ་ཆེའི་རྗེས་འཇུག་མ་ཡིན་ཏེ་ཁྱོད་ཀྱིས་གུ་རུ་རིན་པོ་ཆེ་དངོས་སུ་ནམ་ཡང་མ་མཇལ་བའི་ཕྱིར། ཡིན་ཡང་ཁྱོད་ཀྱིས་གུ་རུའི་རྒྱལ་ཚབ་ཏུ་བཞེངས་པའི་བླ་མ་དེ་རྣམ་པ་མཇལ་བར་གུ་རུ་རིན་པོ་ཆེ་དངོས་དང་མཇལ་བའི་དད་པ་བྱེད་ཀྱི་ཡོད་ངེས་རེད། ཡིན་ཡང་ཁྱོད་ཀྱི་བླ་མ་དེ་ཚོ་དང་གུ་རུ་རིན་པོ་ཆེ་བོད་ལ་ཕེབས་པའི་བར་གྱི་དུས་ཚོད། ཁྱོད་ཀྱི་བླ་མ་དེ་ཚོ་བཞུགས་ཡུལ་དང་སྲིན་ཡུལ་ལིངྐ་པྰུ་རིར་ཡོད་པའི་ཟངས་མདོག་དཔལ་རིའི་བར་དུ་ཡང་དཔག་ཚད་ཁྲི་ཕྲག་གིས་ཆོད་ཡོད་པ་མ་ཡིན་ནམ། ཡིན་ཡང་ཁྱོད་ཀྱིས་འདི་ཚོར་དད་པ་དག་སྣང་ཡོད་ན་ནམ་ཡང་བྱིན་རླབས་ལ་རྒྱང་རིང་ཐུང་མེད་པ་དང་། རང་རེ་སྔ་འགྱུར་བའི་བཀའ་གཏེར་དག་སྣང་གི་བརྒྱུད་པའི་བླ་མ་དང་ཟབ་ཆོས་འདི་ཚོ་དུས་ཚོད་དང་བར་ཐག་ལ་མི་ལྟོས་པར་དམ་པ་དང་དམ་ཚིག་ཁོ་ནར་ལྟོས་པ་ཞིག་ཡིན་པ་ཁས་ལེན་ངེས་ཅན་རེད་བསམས། དེ་འདྲ་ཡིན་ན་ཐེངས་འདིར་གོང་ས་མཆོག་གིས་ཏོག་དབྱིབས་ནད་ངན་འདིས་འཛམ་གླིང་ཧྲིལ་བོ་བཟང་བཙོན་དུ་བཅུག་པའི་དུས་ཚོད་སྡུག་པོ་འདི་འདྲ་ཞིག་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་དབང་སྐུར་བསྩལ་པའི་ཆོས་སྒྲ་ཙམ་ཡང་ལྷ་དང་མིར་བཅས་པའི་སྐྱེ་དགུའི་ཡིད་ཀྱི་གདུང་སེལ་བདུད་རྩིའི་གྲུ་ཆར་བླ་ན་མེད་པ་ཞིག་ཏུ་སྔོན་ཆད་མ་བསམས་ཀྱང་ཕྱིན་ཆད་བསམ་ན་ནམ་ཡང་འཕྱི་མི་དྲགས་ཏེ། བཤེས་སྤྲིངས་ལས།
གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །
ཕྱིས་ནས་བག་དང་ལྡན་པར་གྱུར་ཏེ་ཡང༌། །
ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །
དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། ། ཞེས་གསུངས་པ་ལྟར་དང་།
དེ་བཞིན་རང་རེ་གོང་ས་མཆོག་གི་དྲ་ལམ་དབང་སྐུར་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་ཚོར་མཚོན་ན་ཡང་ཕལ་མོ་ཆེར་སྐྱབས་འགྲོའི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོད་པས།
བཤེས་སྤྲིངས་ལས།
ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །
མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །
འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །
དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་དང་། སྔོན་མར་དོལ་རྒྱལ་རྗེས་འབྲངས་པ་ཚོས་རྡ་སར་མི་བསད་གཞིས་ཆགས་ནང་མེ་བཏང་མི་བརྡུངས་པའི་སྐབས་སུ། གོང་ས་མཆོག་གིས། ཁོ་ཚོས་བྱ་ངན་དེ་ཚོ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར་ནས་སྒྲུབ་ཀྱི་ཡོད་པ་རེད་དེ། གལ་སྲིད་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ད་ལྟ་ཞལ་བཞུགས་ཡོད་པ་ཡིན་ན། ཁོང་ལ་རྒྱབ་སྐྱོར་གྱི་ཚུལ་དུ་མི་བསད་མེ་བརྒྱབ་པ་གཟིགས་པ་ཡིན་ན་ཁོང་ཐུགས་དགྱེས་ཀྱི་རེད་དམ་ཐུགས་ཕམ་གྱི་རེད། ཅེས་གསུངས་པ་ཞིག་ང་ཚོས་ངེས་པར་དུ་དྲན་དགོས་ཏེ། གོང་ས་མཆོག་ལ་རྒྱབ་ལ་རྒྱབ་སྐྱོར་བྱེད་སྟངས་དེ་ནི། དབུ་མ་བཞི་བརྒྱ་པ་ལས། ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱི། །།ཉོན་མོངས་དང་འདྲེས་གང་ཟག་མིན། །ཞེས་པ་བཞིན་ཐབས་མཁས་ཞི་བདེའི་ལམ་ནས་སྤེལ་དགོས་པ་མ་གཏོགས། ཨོ་རྒྱན་སྟོབས་རྒྱལ་གྱི་མགོ་གཏུབ་དགོས་ན་ཡང་གཏུབ་རྒྱུར་ཐེ་ཚོམ་མེད་ཟེར་མཁན་དེ་ཚོ་ནི་རྒྱལ་བ་ཀུན་གྱི་བྱམས་བརྩེ་འགྲོ་བ་མིའི་རྣམ་པར་ཤར་བའི་རྒྱལ་བ་རིན་པོ་ཆེ་ནོ་སྦེལ་ཞི་བདེའི་བྱ་དགའ་བཞེས་མཁན་ཞིག་ལ་རྒྱབ་སྐྱོར་བྱེད་སྟངས་རྩ་བ་ཉིད་ནས་མ་ཡིན་པ་མ་ཟད། དེ་ལས་ལྡོག་སྟེ་ཕ་རོལ་བོའི་ཆབ་སྲིད་ཀྱི་ལག་ཆར་གྱུར་ནས། ད་ལྟོས་དང་། ཏྰ་ལའི་བླ་མའི་རྒྱབ་སྐྱོར་བ་ཚོས་མི་གསོད་འདོད་བྱེད་ཀྱི་ཡོད་པ་ཟེར་ནས་བརྙན་དང་བཅས་པ་སྤྱིར་ན་འཛམ་གླིང་མི་དམངས་ཀྱིས་ཡིད་ཆེས་བྱེད་དཀའ་བའི་གོ་ལའི་དུས་བབ་དང་ཤིན་ཧྭ་གསར་ཁང་སོགས་ནས་འཛམ་གླིང་ལ་བསྒྲགས་ན། ང་ཚོའི་ཕྱོགས་ནས་བརྙན་དེ་ཚོ་རྫུན་མ་རེད་ནི་ལབ་མི་ཐུབ་སྟེ་ཉེ་ཆར་རང་ག་གེ་མོ་རྒྱགས་པ་ཟེར་བ་ཞིག་གིས་ངོ་དེབ་ཐད་གཏོང་ནང་ཁོང་ཁྲོ་ཆེན་པོའི་སྒོ་ནས་དེ་ལྟར་བརྗོད་སོང་། དེའི་ཕྱིར། སྲིན་བུ་ཙམ་ཡང་མི་གསོད་པའི་དགེ་སློང་ཆགས་སྡང་ཕྱོགས་རིས་བྲལ་བ་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་ལ་རྒྱབ་སྐྱོར་བྱེད་སྟངས་དང་། རྒྱལ་ཁབ་གཞན་གྱི་མགོ་ཁྲིད་ཆབ་སྲིད་པ་རང་རྒྱལ་གཞན་ཕམ་གྱིས་སྐྱེ་འགྲོ་ལོག་ལམ་དུ་འཁྲིད་མཁན་གཉིས་ལ་རྒྱབ་སྐྱོར་བྱེད་སྟངས་རྦད་དེ་ཁ་ཁ་ཡིན་པ་ཡང་ཤེས་དགོས་ངེས་ཤིག་རེད་འདོད།།
ང་ཚོས་མཇུག་འདིར་ཤེས་དགོས་པ་ཞིག་ནི་དྲ་ལམ་དབང་སྐུར་ནི་དུས་རབས་ཉེར་གཅིག་པའི་ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་བསྟན་པ་སྤེལ་སྟངས་གསར་པ་ཞིག་གི་མགོ་བརྩམས་པ་ཡིན་པས། འདི་ལ་ཡང་བླ་སློབ་ཆོས་གསུམ་མཚན་ཉིད་དང་ལྡན་པ་ཞིག་ངེས་པར་དུ་དགོས་པར་ཡང་མཐོང་ཞིང་། གོང་ས་མཆོག་གིས་གཙོས་པའི་ཆོས་བརྒྱུད་ཀྱི་དབུ་ཁྲིད་རྣམ་པས་ཆོས་ལུགས་ཚོགས་འདུ་དེ་འདྲའི་སྐབས་སུ་མུ་མཐུད་དེ་བཀའ་མོལ་གནང་སྟེ་འདི་ལ་སྒྲིག་གཞི་འདྲ་བོ་དང་ཡང་ན་ས་མཚམས་འདྲ་བོ་ཞིག་བཟོ་ཐུབ་པ་ཡིན་ན། དྲ་བའི་ནང་བསྟན་འཛིན་སྤེལ་འདི་ཡང་འཐུས་ཇེ་ཚང་དང་སྤུས་ཇེ་ལེགས་སུ་འགྲོ་བ་གདོན་མི་ཟ།
མཐའ་སྡོམ་ཁ་སང་ངོ་དེབ་ནས་བོད་པའི་ཨ་ཅག་ལགས་ཕར་བལྟས་ཚོད་ལ་ཞིང་པ་དཀྱུས་མ་འདྲ་བོ་ཞིག་གི་ཚུལ་དུ་ཡོད་ཀྱང་སྐད་ཆ་ཧ་ཅང་གནད་འགག་ཅན་བཤད་མཁན་དེས་བརྗོད་པ་བཞིན། ཐེངས་འདིའི་དོན་རྐྱེན་འདི་ཆོལ་ཁ་དང་ཆོས་བརྒྱུད་རྙོག་དྲ་དང་ཁ་སྔོན་སྤེན་ཚེ་དང་བློ་སེང་གི་དོན་རྐྱེན་དེའི་ན་ཚའི་སློང་རྐྱེན་སོགས་སུ་མི་འགྲོ་བ་ཞིག་ལ་ཚང་མས་ཐུགས་བསམ་བཞེས་རོགས་ཞུ་རྒྱུ་ཡིན།།
མཇུག་ཏུ་མདང་དགོང་དྲ་ལམ་བརྒྱུད་གོང་ས་མཆོག་གི་ཞབས་རྡུལ་དྲི་མ་མེད་པའི་དྲུང་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཆེན་དང་སྤྱན་རས་གཟིགས་སེང་གེ་སྒྲའི་རྗེས་གནང་གཉིས་ཐོབ་རྗེས་དེ་མ་ཐག་ཏུ་བྲིས་པའི་སྙན་ངག
གངས་སེང་དཀར་མོའི་གཟི་བྱིན་འབུམ། །
གཅིག་ཏུ་འཁྱིལ་བའི་བླ་མ་ལས། །
སྙིང་རྗེའི་བདུད་རྩིའི་རོ་མངར་བོ། །
དོ་ནུབ་བདག་གིས་མྱངས་པ་ལགས། །
ཞེས་པ་འདིས་རྩོམ་ཐུང་འདི་མཇུག་བསྡུ་བར་བྱའོ།།
སྔོན་མར་དོལ་རྒྱལ་རྗེས་འབྲངས་པ་ཚོས་རྡ་སར་མི་བསད་་་ Good Very Good ? ཁྱེད་ཀྱི་དཔེ་ཡག་པོ་བཞག་འདུག ཁྱེད་ཀླུ་སྨྱོན་མ་ཡིན། ཀླུ་གྲུང་ཧེ་རུ་ཀ་རེད་འདུག
སྤྱོད་འཇུག་ལས་ཟེར་བ་དེ་ནོར་འདུག་སྤྱོད་འཇུག་གི་ལུང་མ་རེད།
གསང་སྔགས་ཉོན་མོངས་ལམ་འཁྱེར་ཟེར་ཡང་དེང་སང་གི་སྔགས་པ་མང་པོ་ཞིག་གི་ལམ་དུ་འཁྱེར་རྒྱུའི་ཉོན་མོངས་དེ་འདོད་ཆགས་ཡིན་པ་ལས་གཞན་པའི་ཉོན་མོངས་ལམ་དུ་འཁྱེར་མཁན་གྱི་སྔགས་པ་ཞིག་ཁྱེད་ཀྱིས་གཟིགས་མྱོང་ཡོད་དམ། ཡོད་ན་སུ་རེད་གང་དུ་ཡོད།
ཀླུ་སྨྱོན་ལ་དྲི་བ་ཞིག་འདྲི་རྒྱུར། ཨོ་སྟོབས་ཀྱིས་གསང་སྔགས་ཁྲོམ་སྒྲག་སྐོར་ནས་བཤད་པའི་སྐད་ཆར་རྒྱུ་མཚན་འདུག་གམ་མི་འདུག ?
ཀླུ་སྨྱོན་གྱིས་འབྲི་སྟངས་དེ་གཞན་དང་མ་འདྲ་བའི་དམིགས་བསལ་བ་ཞིག་ཏུ་མཐོང་། འོན་ཀྱང་
བསམ་འཆར་འདིའི་མགོ་བརྗོད་ཡང་ཧ་ཅང་ཐལ་འདུག
དང་ཐོག་ཨུ་སྟོབས་ལ་ངོ་ལེན་མེད་ཞུ་རྒྱུ། ཕྱོགས་སུ་ལྷུང་འདུག་མ་གཏོགས། སངས་རྒྱས་བསྟན་པར་ཞེན་ནས་མིན་པ་རྟགས་མཚན་ཧ་ཅང་གསལ།
འོན་ཀྱང་དྲ་ལམ་ཁག་ན་ལུང་རིགས་ཀྱི་སྒོ་ནས་དབང་བསྐུར་རུང་བའི་རྒྱུ་མཚན་དུ་མ་བཀོད་བཞིན་དུག གཅིག་ན་ལུང་རིགས་རྣམས་རྒྱུ་མཚན་ཡང་དག་དུ་སོང་བ་གཅིག་ཀྱང་མཐོང་མ་སོང་། གཉིས་ན་ཕྱིས་བླ་མ་དགེ་བཤེས་སུ་རུང་ནས་དྲ་ཐོག་བརྒྱུད་དབང་བསྐུར་ཆོག་པ་འདོད་པར་ཐལ། ཁྱེད་ཀྱིས་བཀོད་པའི་ལུང་རིགས་དེའི་ཕྱིར། འདོད་ན་ཧ་ཅང་ཐལ་ཟེར་རྒྱུ་ཡིན།
ངོས་ནས་བླ་མའི་ངོ་བོའི་ཆ་ནས་དང་། དབང་ཀྱི་སྡེ་ཚན་བྱ་རྒྱུད་ཡིན་པའི་ཆ་ནས། བླ་མའི་བྱེད་ལས་བཅས་ནས་དྲ་ཐོག་དབང་བསྐུར་རུང་བ། བླ་མའི་ཐུགས་བརྩེ་དང་། མཁྱེན་པའི་ཆ་ནས་ཁྲོམས་སྒྲགས་རུང་བ་བཅས་བཤད་ཡོད། གོ་དགོས་མཁན་ཞིག་གི་གོ་ཡོད། ཚང་མས་གོ་དགོས་པའི་བསམ་འདུན་མ་མཆིས།
གང་ལྟར་སྤྱིར་སྟངས་དམིགས་བསལ་དབྱེ་ནས་ལན་འདེབས་གནང་འགལ་ཆེ་བ་འདུག དེ་མིན་ཀླུ་སྨྱོན་རིན་པོ་ཆེ་ཁྱེད་ལ་སོགས་པ་ནས་ཀྱང་ལད་ཟློས་མི་བྱ་བའི་ངེས་པ་གཏན་ནས་མེད། ད་ལྟ་བཤད་པའི་སྐད་ཆ་དེ་ཚོས་མ་འོངས་པར་ཕོག་ཐུག་མེད་པ་དགོས་པས། དུས་གསུམ་ཕྱོགས་ཡོངས་ནས་བསམ་ཞིབ་གནང་ནས་བསམ་འཆར་གསུངས་དགོས་པ་གནད་ཀྱི་དོན་པོའོ་ཞེས་བླ་སྤྲུལ་དགེ་བཤེས་ཚང་མར་དྲན་བསྐུལ་ཞུ།
འདི་ཀླུ་སྨྱོ་ནས་བྲིས་པ་ཡིན་ན་མི་སྨྱོ་ནས་བྲིས་པ་ཡིན་གཅིག་གཏན་གཏན་རང་རེད་འདུག
ཁོ་རིམ་པ་གསུམ་པའི་མིག་ཤེལ་གོན་རྒྱུ་ཐོབ་མཁན་གྱི་མདུན་གྲས་སུ་བསྡད་ས་རག་ནའང་དབང་དངོས་གཞིའི་ཉིན་སྤྱན་དར་དམར་པོ་དེ་གྱོན་དུ་བཅུག་ནས་དཀྱིལ་འཁོར་ལེགས་པར་གཟིགས་པར་ཞུ་ཟེར་དུས་ཁོ་དཀྱིལ་འཁོར་མཇལ་རྒྱུ་བཞག་ནས་ཐབ་ཚང་ནང་དུ་ཚོགས་ཆང་འཐུང་ནས་ཆམ་པ་ཙམ་གཅིག་མ་ཕོག་ན་དབང་གི་གོ་ཆོད་མཁན་དུས་རབས་ཉེར་གཅིག་པ་ཚན་རིག་ལ་འགྲམ་ཆུ་ལྡང་ནས་བསྡད་མཁན་རི་རབ་ཁ་མི་ལེན་མཁན་ར་མ་ལུག་གི་དགེ་སློང་སུ་རློམ་མཁན་གྱི་གྲངས་བཅུ་ཕྲག་ལས་མེད་པའི་ཚོགས་མི་གསར་ཤོས་ཤིག་འགྱུར་ཐུབ་པའི་སྨོན་ལམ་བྱེད་པ་དང་གཉིས་སུ་མེད་པར་གྱུར།ཨོ་སྟོབས་ཀྱིས་ག་ཚད་བཤད་སྟང་མ་ཤེས་ནས་༧གོང་ས་མཆོག་ལ་མཚན་དམས་ཞུས་ནའང་གསང་ྔགས་ཁྲོམ་བསྒྲགས་སྐོར་གྱི་སྐད་ཆ་དེ་བསྟན་པ་སྤྱི་ཚན་གྱི་དབང་དུ་བཤད་པ་རེད་མ་གཏོགས་གང་ཟག་སྒོས་ཚན་གྱི་ཨོ་སྟོབས་རིམ་པ་གསུམ་པའི་མིག་ཤེལ་གྱོན་ནས་མཐོང་བའི་སྐད་ཆ་མ་རེད་ད།དེས་ན་ཀླུ་སྨྱོན་ཁྱོད་ཀྱིས་དཔེ་འདྲ་བོ་གཅིག་བཀོད་པ་མ་གཏོགས་ལུང་དང་རིག་པ་གང་ཡང་མེད་པའི་ཡིག་ཛར་ཉ་དང་ཉུང་མ་འདི་འདྲ་མ་བསྲེས་ན་དགའ།།
ཐང་སྟོང་སྤྲུལ་སྐུ་ལགས་བསྟན་པ་སྤྱི་ཚན་དང་གང་ཟག་སྒོས་ཚན་གྱི་བཀའ་མོལ་ནི་གོང་ས་མཆོག་གི་བཀའ་སློབ་བླ་ན་མེད་པ་དེ་རེད། དེ་ལག་ལེན་ལ་བཀལ་མཁན་ཉུང་དྲག་ནས་མ་གཏོགས་སེམས་ཅན་སུ་ཡིན་ནའང་་སྙིང་རྗེ་བྱེད་ཡུལ་ཞིག་ལས་ཚང་མས་ཚིག་རྩུབ་གང་བྱུང་སྨྲ་བ་ནི་ཆེས་མ་འོས་པར་སེམས། ཨོ་སྟོབས་ཀྱིས་བཤད་སྟངས་མ་ལེགས་ཀྱང་ཀུན་སློང་བསྟན་པ་སྤྱིའི་དོན་དུ་གསུངས་པར་བསམ་ཐུབ་ན་གང་ལེགས་ལགས་མོད། དེ་ལྟ་མ་་ཡིན་པར་ཤིན་ཏུ་བཅོལ་ཆུང་གིས་ཨོ་སྟོབས་བཤད་པ་ལས་ཀྱང་ཆེས་སྡུག་པའི་ཚིག་རྩུབ་སྨྲ་བ་ནི་དགོས་དོན་དང་དམིགས་ཡུལ་ལོག་སྒྲུབ་རེད། གཞན་གྱིས་ཚིག་སྨྲ་མ་ཤེས་ན་དེའི་གཉེན་པོ་ཁ་འཇམ་སེམས་བཟང་བྱེད་རྒྱུ་དེ་ཉམས་ལེན་རེད།་བཙོག་པ་གཙང་མ་བཟོ་བ་ལ་བཙོག་པ་བེད་སྤྱོད་བྱེད་མི་ཉན། བསྟན་བཤིག་མ་བྱེད་དང་འགྲོ་ལ་ཕན་ཕྱིར་མ་བྱེད་ཅེས་པའི་དམངས་ཁྲོད་དུ་བེད་སྤྱོད་བྱེད་ཀྱི་་ཡོདཔ་ཤེས་ནས་ད་གཟོད་ཁྲོ་བའི་གཏམ་དགོས་དོན་མ་མཆིས་སྙམ།
ཨ་ནི་ལགས། ཨུ་སྟོབས་བསྟན་པ་སྤྱི་ཚན་དབང་ལ་ཆ་བཞག དེ་ཙམ་གྱི་བསྟན་པ་ལ་ཤ་ཞེན་ཡོད་ན། ལུས་ལ་གྲྭ་ཆས་གྱོན་ལག་པར་འཕྲུ་གུ་འཁྱེར་ནས་མི་དམངས་ཀྱི་དབུར་ཞུགས་པ་རྣམས་བསྟན་པ་སྤྱི་ལ་ཕན་པ་ཡིན་ནམ། དེ་འདྲ་མང་། བྱས་གཙང་ཨུ་སྟོབས་ནས་ཆེད་གཉེར་གྱིས་༧གོང་ས་མཆོག་ལ་སྐྱོན་བརྗོད་པའི་ཀུན་སློང་ངན་པ་དེ་གཙང་གསལ་དགོས་པ་རེད། ཐུབ་པའི་ཉོན་མོངས་དགྲ་གཟིགས་ཀྱིས། །ཉོན་མོངས་དང་འབྲེལ་གང་ཟག་མིན།། གསུང་པ་བཞིན་ཀུན་སློང་དང་ལས་ངན་ལ་སྐྱོན་བརྗོད་འོས་པ་བཞིན་དམངས་ནས་གནང་བ་རེད།
ཐུབ་བསྟན་ལགས།འོ་ཡ་གལ་ཏེ་ཁྱོད་གཞན་གྱི་ཀུན་སློང་ཤེས་མཁན་ཡིན་དུ་ཆུག་ནའང་ཁྱོད་རང་ཉིད་ཀྱི་ཀུན་སློང་ག་རེ་ཡིན་ཨེ་ཤེས་གཟིགས་རོགས་གནང་།གཞན་ལ་ལྟ་བའི་མིག་ཡོད་ཀྱང་རང་ལ་ལྟ་བའི་མེ་ལོང་དགོས་གསུང་པ་ལྟར་གཞན་གྱི་གདོང་པ་ལ་ཤིག་ཡོད་པ་མཐོང་ནའང་རང་གི་གདོང་པ་འབྲོང་ཡོད་པ་མི་ཤེས་མཁན་མང་།སངས་རྒྱས་བཅོམ་ལྡན་འདས་ལའང་སྐྱོན་བཙུགས་མཁན་མང་པོ་བྱུང་མྱོང་རེད།