རིགས་པ་སྨྲ་བ་ཆོས་སྐྱོང་རྒྱ་མཚོ།
༄༅། །འཇིག་རྟེན་གསུམ་མགོན་བརྩེ་ཆེན་ལྷག་པའི་ལྷས།།
གཽ་ཏམ་རྒྱལ་ཐབས་བདག་གིར་ཡོངས་བཟུང་སྟེ།།
ཟབ་རྒྱས་ཆར་ཆེན་གླིང་འདིར་འབེབས་མཁས་པ།།
ཞི་བདེའི་དེད་དཔོན་ཆེན་པོས་བདག་ལ་སྲུངས།།
འདི་ན་དགུ་སྦྱོར་བསྟེན་སྟངས་ལ་རྨོངས་ནས།།
ཟོས་ཤིང་ཡིད་རྨུགས་བརྡོལ་གཏམ་སྨྲ་བ་ལ།།
བརྩེ་བས་དཔྱད་ལན་རིན་ཆེན་མང་སྦྱོར་ཞིག །
སྟེར་གྱིས་ལོངས་ལ་དེང་ནས་བག་ཡོད་སྟེན།།
ཅེས་ཤིས་པ་བརྗོད་པ་དང་བརྩེ་བས་སྐུལ་བ་སྔོན་དུ་བཏང་སྟེ། སྐབས་དོན་གནད་དྲིལ་དུ་གླེང་བར་བྱ་བ་ནི། དེང་འཛམ་གླིང་ཡུལ་གྲུ་གང་སར་ནད་དུག་གིས་ཁྱབ་སྟེ་སྐྱེ་བོ་འབུམ་ཕྲག་མང་པོའི་ལུས་སེམས་སྡུག་གིས་གཟིར་བའི་སྐབས་འདིར། ༸གོང་ས་༸རྒྱལ་བའི་དབང་པོའི་ཞལ་མཇལ་འདོད་དང་གསུང་ཐོས་འདོད་ཀྱིས་ཤར་ནུབ་ཀྱི་དད་ལྡན་མང་པོས་དྲ་ལམ་ནས་གསོལ་བ་ཡང་ཡང་བཏབ་པར་བརྟེན། ཇི་སྐད་དུ་དཀོན་མཆོག་བརྩེགས་པ་ལས། སེམས་ཅན་གཅིག་གི་དོན་གྱི་ཕྱིར། །ཕྱི་མཐའི་བར་དུ་གནས་པར་བགྱི། །ཞེས་གསུངས་པ་ལྟར། ༸རྒྱལ་བའི་དབང་པོ་མཆོག་ཉིད་ཀྱང་ཐུགས་བརྩེ་བའི་གཞན་དབང་དུ་གྱུར་ཏེ་དགྱེས་བཞིན་དུ་ཞལ་བཞེས་གནང་ཞིང་། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཀྱང་དེ་དོན་འཁོད་པའི་གསལ་བསྒྲགས་བསྐྱངས་པ་ལ། ངན་པ་བརྒྱགས་ན་ཤིང་ལས་རྩུབ། །ཟེར་བ་ལྟར། ༸རྒྱལ་བ་ཡིད་བཞིན་ནོར་བུའི་མཚན་ཐོག་ནས་རང་དབང་ལུང་པར་རྒྱགས་པ་རིལ་རིལ་ཆགས་པ་ཞིག་གིས་༸གོང་ས་ཡིད་བཞིན་ནོར་བུར་དོན་མེད་ཀྱི་དགག་པ་དང་ཉན་མི་བཟོད་པའི་མཚན་སྨོད་ཞུས་འདུག་པ་དེ་ནི། ཅི་ཡང་མི་ཤེས་པའི་གྲོང་རྒན་བླུན་པོའི་ཧམ་བཤད་འབའ་ཞིག་དང་། ཤི་རྒྱགས་ཆོས་མི་དགོས་པའི་སྐད་ཆ་རང་ལས་ཁུངས་ལུང་ཆུ་ཐུབ་པ་གང་ཡང་མེད་པ་མཐོང་གསལ་ཡིན་པས། འདིར་ཨ་ལན་ཨང་ལན་གང་ཡང་སྟེར་དགོས་པར་མ་མཐོང་བར་མ་ཟད། སྤྱི་སྒེར་མང་པོ་ཞིག་ནས་རྣག་ཐོག་གཙག་ཁེལ་གྱི་དགག་པ་ཚ་ནན་བཏང་འདུག་ཅིང། ཁྱད་པར་དུ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཐུགས་དཀྱེལ་ཡངས་ཆེན་པོས་ལས་ཤོག་ཐོག་གཏན་ཚིགས་དང་དཔེ་ལས་བརྩམས་པའི་སྔོན་མེད་གསལ་བཤད་མདོ་ཙམ་གནང་འདུག་པས། ཤི་ཟིན་པའི་རོ་ལ་མཚོན་སྣུན་པའི་དགོས་པ་མ་མཐོང་ཡང་། ཝ་མོ་སྟག་མཆོང་དང་། འབུ་ནག་འབྲོང་འགྲོས་བྱེད་མཁན་བསྟན་སྲུང་བ་ཟེར་བའི་དྲ་འབུ་ཞིག་གིས། དགའ་ལྡན་ཕོ་བྲང་གི་བཀའ་ཤོག་ལ་དཔྱད་པ་ནག་པོ་དགུ་སྦྱོར་ཟེར་བ་ཞིག་བྲིས་འདུག་པ་དོན་ལ་གནས་པའི་ཆ་ཅི་ཡང་མི་འདུག་པའི་བྱིས་པའི་བརྡོལ་གཏམ་ལྟ་བུར་མཐོང་སྟེ་རགས་རིམ་ཞིག་མཐར་ཆགས་སུ་འགོག་པ་ལ།
ལོག་བཤད་ནག་པོ་དགུ་སྦྱོར་ལས། དད་ལྡན་སྤྱི་དམངས་ཡོངས་ཀྱིས་དབང་ལུང་མན་ངག་རྣམས་ཐོབ་ནུས་པར་ནན་གྱིས་སྒྲུབ་པའི་ལས་བྱེད་པ་དག་ལ་རྒོལ་ཡོད། ཅེས་པ་ལ། ལས་གྲུབ་པ་ལས། ཕྱི་རོལ་བསྐྱོད་པའི་འགྱུར་བ་དག་གིས་ནི། །སྐྱེས་བུའི་སྙིང་ལ་གནས་པའི་བསམ་པ་སྟོན། །མཚོ་ན་གནས་པའི་ཉ་ནི་རབ་གབ་ཀྱང༌། །ཆུ་ཡི་རླབས་ཀྱི་འགྱུར་བ་རྣམས་ཀྱིས་སྟོན། །ཞེས་དང་། རྣམ་འགྲེལ་ལས། མ་བརྗོད་ན་ཡང་འདོད་པས་ཁྱབ། །ཅེས་གསུངས་པ་ལྟར། དངོས་སུ་སྔོན་ཚེ་སྟོན་པ་བཀའ་དྲིན་ཅན་དང་། སློབ་དཔོན་ཐུགས་རྗེ་ཅན། འཇམ་མགོན་རྒྱལ་བ་ཙོང་ཁ་པ་ཆེན་པོ་གསུམ་ལ་ཆེ་གེ་མོ་དག་གིས་རྒོལ་བ་ལྟར་༸ཕྱག་ན་པདྨོའི་མཚན་ནས་སྨོས་ཏེ་ཕྱོགས་སྔར་མ་བཟུང་བ་ཙམ་མ་གཏོགས། དོན་གྱིས་༸རྒྱལ་བའི་དབང་པོ་མཆོག་ལ་ཡང་རྒོལ་མཁན་ཞིག་ཡིན་པ་གླེན་པ་ལུག་གི་མགོ་བོ་ཅན་ཞིག་མིན་ན་སུས་མི་ཤེས། དེས་ན་དཀར་འོད་ཅན་ཁྱོད་ནི། སྔོན་གྱི་རྒོལ་བ་དེ་དག་ཅི་རིགས་ཡུལ་དང་དུས་དང་ཤ་ཚུགས་ཙམ་བརྗེས་ཏེ་དུས་འདིར་ཡང་བསམ་བཞིན་འགྲན་པར་ཆས་པ་ཞིག་ཡིན་པར་ཐེ་མི་ཚོམ་མོ།།
ཡང་ལོག་བཤད་དེ་ལས། མདོ་སྔགས་གཞུང་ལུགས་ལ་ཐོས་པ་ཟབ་པའི་དགེ་བའི་བཤེས་གཉེན་རྣམ་ལ་རང་རང་གི་བློ་རྩེ་གཏད་ས་རེ་ཡོད་ངེས་པས། འདིར་རྩོད་པའི་ཡུལ་དུ་བཟུང་མེད་པ་མཁྱེན་གལ་ཆེ་ཞིང་། དེ་དག་ལྷན་དུ་སྦྱར་ནས་རྩོད་ཉོག་གིས་རྒྱུད་ཉམས་པར་མི་བྱེད་པའི་རེ་བ་ཡོད། ཅེས་པ་ལ། ལྷ་ལས་ཕུལ་བྱུང་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་ལྡང་ཡང་། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཅེས་གསུངས་པ་ལྟར། ཁྱོད་ཀྱི་ཚིག་དཔྱད་པས་དག་སྟེ་བདེན་པའི་དོན་ཅན་ཞིག་ཡིན་ན་ཐོག་མའི་རེ་བ་བཞིན་གེགས་མེད་ལྷུན་གྱིས་འགྲུབ་ངེས་ལ། ཅི་སྟེ་རང་ཚིག་སྔ་ཕྱི་དང་དངོས་ཤུགས་འགལ་བ་སོགས་འགལ་བའི་ཕུང་པོ་དགུ་བསྒྲིགས་ཤིག་ཡིན་ན་རེ་འབྲས་ཇི་བཞིན་དོན་སྨིན་འབྱུང་དཀའ་བས། ཉིན་མོར་ཟས་མི་ཟ་བ་ཁྱོད་ནི། འཕྲལ་མ་ཉིད་དུ་ལུང་རིགས་ཀྱི་གཟི་འོད་མི་མཐོང་བའི་མུན་པའི་ཁུང་བུར་འཛུལ་བའི་གྲབས་བྱོས་ཤིག།།
ཡང་ལོག་བཤད་དེ་ལས། སྔ་མས་བསམ་མི་ཁྱབ་པའི་རྫུ་འཕྲུལ་ལ་བརྟེན་ནས་ཞིང་ཁམས་བྱེ་བ་ཕྲག་བརྒྱར་དངོས་སུ་གཤེགས་ཏེ་དབང་དང་མན་ངག་རྣམས་ཞུས་ཤིང་ཐོབ་པ་དང་། ཕྱི་མས་ཐེམ་སྤངས་བཀའ་རྒྱའི་འོག་ནས་མལ་སར་ལྷུང་བཞིན་དུ། སྒྲ་བརྙན་གཟུགས་བརྙན་ཙམ་ལ་བརྟེན་ནས་དབང་ལུང་མན་ངག་རྣམས་ཐོབ་ན་ཐོབ་མཉམ་དུ་འཛིན་པ་ནི་རྟོག་གེ་པ་རྣམས་རིགས་འགྲེས་ཕུང་བའམ། ཞེས་ཟེར་བ་ལ། བསམ་མི་ཁྱབ་པའི་རྫུ་འཕྲུལ་ལ་བརྟེན་ནས་ཞིང་ཁམས་བྱེ་བ་ཕྲག་བརྒྱར་དངོས་སུ་གཤེགས་ནས་དབང་ལུང་མན་ངག་ཐོབ་པ་དང་། སྒྲ་བརྙན་གཟུགས་བརྙན་ཙམ་ལ་བརྟེན་ནས་དབང་ལུང་མན་ངག་ཐོབ་ན་ཐོབ་མཉམ་དུ་འཛིན་པ་ནི། མི་རིགས་པ་སྨྲ་བ་ཁྱོད་ཁོ་ན་ལས་གཞན་རིགས་པ་སྨྲ་བ་སུ་ཡང་མེད་པས། ཕྱོགས་སྔའི་ནམ་མ་ལངས་གོང་ནས་དགག་བཞག་གི་ཉི་འོད་མ་སྤྲོ་ཞིག།།
གཞན་ཡང་། དྲ་ལམ་ནས་ཐད་ཀར་༸ལྷ་གཅིག་ཕྱག་ན་པདྨོའི་གསེར་ཞལ་དྲོན་མོ་མཇལ་བ་དང་། གསུང་གདངས་སྙན་མོ་ཐོས་ཤིང་། དབང་བརྡ་ཟབ་མོ་ཡང་ཉམས་པ་དང་མ་འབྱོར་བའི་སྐྱོན་གྱི་ཆ་ཕྲ་མོ་ཙམ་ཡང་མེད་པར་ལེགས་པར་འཕྲོད་པས། དེ་ལ་གཟུགས་བརྙན་ཙམ་ཞེས་ལོག་པར་སྨྲ་བ་ཁྱོད་ཀྱི་དུག་ལྕེ་ནག་པོ་དཔག་ཚད་བརྒྱར་རྐྱོང་ཕོད་དམ། དངོས་སུ་སྐུ་མདུན་རང་དུ་བཅར་ནས་བཀའ་དབང་ཐོབ་པ་དང་ཁྱད་པར་ཅི་ཞིག་འདུག །དཔལ་ཆོས་ཀྱི་གྲགས་པའི་རིགས་པའི་གསང་བ་ཡང་ཞེ་ནས་རིགས་སྐམ་དུ་འདོད་ཅིང་སྒྲོགས་པའི་ཕྱོགས་ལྷུང་གི་ཁོལ་བོ་ཁྱོད་ཀྱིས་ངེས་པ་རྙེད་རྙེད་དུ་དཔྱོད་ཅིག།།
གཞན་ཡང་། མིག་དང་རྣ་བའི་མངོན་ཤེས་ལ་བརྟེན་ནས་གྲངས་མེད་འཇིག་རྟེན་ཕ་རོལ་ནས་ཆོས་མཉན་པ་ནི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པའི་མཐུ་ལ་བརྟེན་པ་དང་། རྡོ་རྗེ་སློབ་དཔོན་དང་སློབ་མ་མཚན་ཉིད་ཚང་བ་གཞིར་བྱས་པ་སོགས་ཡན་ལག་གཞན་ཚང་གི་དབང་དུ་བྱས་ཏེ་དྲ་ལམ་ནས་ཐད་ཀར་༸རྒྱལ་བ་རིན་པོ་ཆེ་སྐུ་དངོས་ལས་བཀའ་དབང་ཐོབ་པ་ནི་རྫས་སྦྱོར་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ལ་བརྟེན་པས། འདི་གཉིས་དཔེ་དོན་མི་འབྱོར་བའི་རྒྱུ་མཚན་རུས་སྦལ་གྱི་སྤུ་དུམ་བུ་བརྒྱར་གཏུབས་པའི་ཆ་ཙམ་ཡང་མ་མཆིས་ཕྱིར། བསམ་གྱིས་མི་ཁྱབ་པ་འདི་གཉིས་ཀྱི་ཁྱད་པར་རང་རློམ་ཅན་ཁྱོད་ཀྱིས་མ་ནོར་མ་འདྲེས་པར་འབྱེད་ཐུབ་ན། ད་ལྟ་ཉིད་དུ་ལེགས་བཤད་ཀྱི་རྔ་བོ་རྡུངས་ཤིག་དང་། གལ་ཏེ་ཁྱོད་ལ་བདེན་པའི་ཆ་ཞིག་ཡོད་ན་བདག་གིས་ཀྱང་གནམ་འོག་དགྲ་རུ་ལངས་ཀྱང་ཁྱོད་ཀྱི་ཕྱོགས་ཅིས་ཀྱང་འཛིན་ངེས་སོ།།
ཡང་ལོག་བཤད་དེ་ལས། སྐྱབས་རྗེ་བདེ་བར་གཤེགས་པ་ཟོང་རྡོ་རྗེ་འཆང་ལྟ་བུ་ཉམས་མྱོང་ལྡན་པའི་བཤེས་གཉེན་དུ་མས། རང་གི་སློབ་མ་རྣམས་ལ་སྒྲ་ཐག་རྒྱུད་ནས་ཐོས་བསམ་བྱེད་པ་ལ་དགག་པ་ཡང་ཡང་གནང་ཡོད། དེ་བས་མྱོང་བ་མངོན་སུམ་པ་ལ་རིགས་སྐམ་གྱིས་རྒྱས་འགེབས་བྱེད་པ་ནི་ཀྱེ་མ་བསྟན་པ་ཉམས་པའི་རྟགས་མིན་ན་ཅི་ཞིག་ཡིན། ཞེས་པ་ལ། སྐྱབས་རྗེ་ཟོང་རིན་པོ་ཆེས་རང་གི་སློབ་མ་རྣམས་ལ་སྒྲ་ཐག་ལས་དཔེ་ཁྲིད་ཉན་པ་བཀག་པ་བདེན་པ་ཡིན་མཆི་ཡང་། དེ་ནི་གཟུ་བོར་གནས་པའི་སྒོ་ནས་དགོངས་པ་དྲང་ཐད་དུ་འགྲེལ་ན། སློབ་མ་རྣམས་རང་གི་དགེ་རྒན་གྱི་མདུན་དུ་འགྲོ་བར་སྲོག་ལ་བར་ཆད་སོགས་ཀྱི་དགག་བྱ་གཞན་མེད་པའི་དབང་དུ་བྱས་པ་གདོན་མི་ཟ་ཞིང། དགག་བྱ་གང་ཆུང་དང་དགོས་པ་གང་ཆེར་གཟིགས་ནས་ཡུལ་དང་དུས་བསྟུན་གྱི་ཐབས་ཀྱི་སྒོ་སྣ་དགུ་ནས་བསྟན་པ་སྤེལ་བ་བསྟན་འཛིན་མཁས་པའི་སྤྱི་ལུགས་ཡིན་པའི་ཕྱིར། གནང་སྟངས་དེ་ལྟ་བུ་དུས་དང་གནས་སྐབས་ཀུན་ཏུ་རིགས་འགྲེ་བྱས་ཏེ་འཁྱེར་རུང་བ་མ་ཡིན། དཔེར་ན་སྟོན་མཆོག་རྣམ་འདྲེན་བཞི་པས་ཀྱང་ཡུལ་དང་དུས་བསྟུན་གྱིས་དགག་དགོས་ལ་གཟིགས་ཏེ་དགག་སྒྲུབ་གནང་གསུམ་གྱི་བཅས་པ་མཛད་པ་མ་ཡིན་ནམ། ཅི་སྟེ་མིན་ན་གནང་བའི་རྗེས་སུ་བཀག་པ་དང་བཀག་པའི་རྗེས་སུ་གནང་བ་བཅས་དོན་ཅི། མྱོང་ཐོག་ལ་མྱོང་བ་འགེབས་པ་ཁྱོད་ཀྱིས་རྫོགས་པའི་སངས་རྒྱས་ལ་ཡང་མྱོང་བ་ལ་རིགས་སྐམ་གྱི་རྒྱས་འགེབས་པ་ཞེས་མཚན་སྨོད་མི་ཞུ་བའི་ངེས་པ་ཏིལ་འབྲུ་ཙམ་ཡང་མི་སྣང་ངོ་།།
གཞན་ཡང་། དེང་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་རྒན་དར་གཞོན་གསུམ་འབུམ་ཕྲག་རེ་བདུན་ལྷག་གི་ལུས་སེམས་ནད་དུག་གིས་མནར་ཏེ། གཉིད་དང་ཟས་ཀྱི་དང་ག་མེད་ཅིང་དུས་རབས་གཅིག་གི་ཡ་ང་བའི་གོད་ཆག་འདི་ལྟ་བུའི་སྐབས་སུ། དད་ལྡན་ལས་འཕྲོ་ཅན་མང་པོས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་དྲ་ལམ་བརྒྱུད་ཡང་ཡང་གསོལ་བ་ཕུར་ཚུགས་སུ་བཏབ་པར་བརྟེན། ༸བླ་མ་སྤྱན་རས་གཟིགས་ལྷ་སྐལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་བདག་པོར་བཞེངས་ཏེ། དྲ་ལམ་ནས་ཐད་ཀར་སྐུ་དངོས་ཀྱིས་ཐུགས་རྗེ་ཆེན་པོའི་བཀའ་དབང་ཟབ་མོའི་བཀའ་དྲིན་སྩལ་ནས། སྐྱེ་བོ་ས་ཡ་བཞི་དང་བཞི་འབུམ་ལྷག་གིས་ཞལ་མཇལ་གསུང་ཐོས་ཀྱིས་དགའ་དད་སྤྲོ་གསུམ་ལོངས་སུ་བྱས་པ་འདི་བསྟན་པ་ཉམས་པའི་རྟགས་ཡིན་ན། ཀྱེ་མ་ལོག་མཐོང་ཅན། ཁྱོད་ཀྱི་ཞེ་འདོད་ལ་བསྟན་པ་འཕེལ་བའི་རྟགས་ཇི་ལྟར་ཡིན་གསང་པོར་སྨྲོས་ཤིག་དང་། རྣ་བ་གཉིས་ཀྲོང་ཀྲོང་བྱས་ནས་བསྒུགས་ཡོད།
ཡང་ལོག་བཤད་དེ་ལས། དེ་ལས་ཀྱང་བློ་གྲོས་ཀྱི་རྩལ་རྣམས་བག་ལ་ཞ་ཞིང་དད་གུས་བན་བུན་ཙམ་ལས། མཐའ་ན་ཚོར་སྣང་གྲུང་པོ་ཙམ་ཡང་སྐྱེ་བར་དཀའ་བའི་སྒྲ་བརྙན་གཟུགས་བརྙན་གྱི་ལམ་ནས། ཐུགས་རྗེ་ཆེན་པོའི་བཀའ་དབང་ཙམ་ལས་བརྒལ་ནས། མཐའ་ན་རྡོ་རྗེ་བླ་ན་མེད་པའི་དབང་ལུང་ཟབ་མོ་རྣམས་ཀྱང་ཐོབ་ནུས་པ་དང་། དེ་ཡང་རྒྱ་ཆེ་མང་ཚོགས་སྤྱི་ཡིས་ཐོབ་བཞིན་ཡོད་དོ་ཞེས་མགྲིན་པ་སྲིང་ནས་གནམ་འོག་ལ་སྒྲོག་པ་དག་གིས། གདུལ་བྱ་བསླུས་པར་འགྱུར་མིན་ཅི་བས་ཀྱང་བཤད་དཀའ་ཞིང་། ཞེས་སོགས་ཟེར་བ་ལ། ༸རྒྱལ་མཆོག་མཐོང་བ་དོན་ལྡན་གྱི་གསེར་ཞལ་བརྙན་ལམ་ནས་མཇལ་བའི་ཚེ། ཆུའི་གཏིང་གི་གོར་མ་ནག་པོ་ཁྱོད་ལྟ་བུར་ཚོར་སྣང་གྲུང་པོ་ཙམ་ཡང་སྐྱེ་བར་དཀའ་ཟེར་ན་དེ་ག་རང་ངེས་པར་བདེན། རྗེ་བཙུན་བྱམས་པས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་གསུངས་པའི་དོན་ཁྱོད་ཀྱི་རང་བཞིན་ལ་གཟུགས་ཅན་བཞིན་དུ་གྱུར་པས་བྱ་ཐབས་ཅི་ཡང་མེད། དད་ལྡན་གཞན་ལ་ཚོར་སྣང་གྲུང་པོ་ཙམ་ཡང་སྐྱེ་བར་དཀའ་ཟེར་ན་ཆར་སྡོད་བྱིའུས་གནམ་ཆུར་སྒུག་པ་ལྟ་བུའི་ཤར་ནུབ་ཀྱི་དད་ལྡན་རྣམས་ཀྱིས་སྐུ་དངོས་ཀྱི་མདུན་ནས་གསུང་ཆོས་ཞུ་བ་དང་འདྲ་བར། དྲ་ལམ་ནས་ཐད་ཀར་དགའ་དད་སྤྲོ་གསུམ་གྱིས་གསུང་ཆོས་ཞུ་བའི་ཚུལ་དྲ་ལམ་ནས་མངོན་སུམ་དུ་གྲུབ་པས། དེ་དག་ལ་ཚོར་སྣང་གྲུང་པོ་ཙམ་ཡང་སྐྱེ་བར་དཀའ་ཞེས་རང་མྱོང་གཞན་འགེབས་ཀྱིས་བསྙོན་མ་བཙུགས་ན་གླེང་ནག་གི་ཉེས་པ་མི་གསོག་གོ །
གཞན་ཡང་། བཀའ་དབང་དངོས་གཞིའི་སྐབས་༸རྒྱལ་བ་ཐམས་ཅད་མཁྱེན་པའི་ཞལ་དྲོན་མོ་ནས་དངོས་སུ་བླ་མེད་ཀྱི་དབང་ལ་དོག་དམ་པོ་བྱེད་ཀྱིན་ཡོད། ན་ནིང་རྡོ་རྗེ་གདན་ནས་འཇིགས་བྱེད་ཀྱི་དབང་ཞིག་བྱས་པ་དྲ་ལམ་དུ་བཏང་མེད་ཅེས་མ་གསུངས་སམ། དེ་སྐད་མ་གསུངས་ཟེར་ན། སྐབས་དེའི་དད་ལྡན་ས་ཡ་བཞི་ལྷག་ངེད་ཅག་གི་གཉའ་བོར་སྦྲོན་ཆོག་ཆོག་ཏུ་ཡོད། དེས་ན་ནག་པོ་ཡོར་འགེལ་གྱི་ཧམ་བཤད་འབྲུག་སྐད་འདྲ་ཞིག་སྐེ་བསྲིངས་ནས་གནམ་འོག་ལ་བསྒྲགས་ཏེ་རིགས་མཐུན་སླུ་བར་བྱེད་པ་ནི། བསྙོན་ཧམ་རི་ལས་མཐོ་བ་ཁྱོད་ཉིད་གཅིག་པུར་འཁུམས་སོ།།
གཞན་ཡང་། རྣམ་རྟོག་དང་བྱ་བའི་མཐའ་སུས་ཀྱང་འགོག་མི་ནུས་པས་དེའི་ལད་མོའི་མཐའ་ཡང་འགོག་མི་ནུས། དེའི་ཕྱིར་ཉམས་རྟོགས་ཀྱི་ཆ་ནས་ཚད་མ་ལོངས་བཞིན་དུ་སྟོན་པའི་མཛད་པ་དང་སློབ་དཔོན་གྱི་རིག་པ་བརྟུལ་ཞུགས་ཀྱི་མཛད་པ་ལ་མིག་འགྲན་བྱེད་པ་ཡང་གནའ་ནས་ད་བར་དུ་བྱུང་དང་འབྱུང་བཞིན་པ་ཡིན་ན། སྟོན་པ་བཅོམ་ལྡན་འདས་དང་སློབ་དཔོན་རིན་པོ་ཆེ་རྣམ་གཉིས་ལ་ཡང་དོན་འདི་དག་ལ་རྒྱལ་བ་སྲས་བཅས་རྣམས་དཔང་པོར་བཞག་ནས་ལག་ལེན་དུ་འབེབས་དགོས་ཞེས་དང་། མཛད་པ་འདི་ཉིད་སྐབས་འཚོལ་བ་དག་གིས་ཁེ་ཕན་སྒྲུབ་པའི་ལག་ཆར་གྱུར་པ་ཙམ་ལས་གཞན་ཅི་ཞིག་ཡིན་སྨྲ་དགོས་སོ་ཞེས་ཁྱོད་ཀྱིས་སྨྱོ་གཤེ་རྩུབ་པོ་ཞུ་དགོས་པར་འགྱུར་བས། བློ་མིག་ཡ་གཅིག་མ་རིག་ལིང་ཏོག་གིས་བསྒྲིབས་པ་ཁྱོད་ཀྱིས་ཅི་བཤད་ལ་བདེན་པའི་ཆ་མ་མཐོང་ངོ་།།
ཡང་ལོག་བཤད་དེ་ལས། དབང་གི་ལས་ཆོག་མགོ་མཇུག་ཀུན་ཏུ་བླ་སློབ་མཉམ་དུ་ཡོད་དགོས་པའི་གནད་རབ་ཏུ་མང་བས་ཅི་ཕྱིར་སྙོན། དེ་ཡང་སྒོ་གསུམ་གྱི་དྲི་མ་སྦྱང་ཕྱིར་དང་། དེ་ཉིད་བྱིན་གྱིས་བརླབ་ཕྱིར་ཁྱོར་ཆུ་སྦྱིན་པ་དང་། སོ་ཤིང་སྦྱིན་ཞིང་འདོར་དུ་འཇུག་པ་དང་། ཞེས་སོགས་སྨོས་པ་ལ། སྟོན་པ་རྡོ་རྗེ་འཆང་དང་། རིགས་ལྡན་འཇམ་དཔལ་གྲགས་པ། སློབ་དཔོན་བཀའ་དྲིན་ཅན། པཎ་ཆེན་བློ་བཟང་ཆོས་རྒྱན། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། ཆོས་རྒྱལ་གཏེར་བདག་གླིང་པ། རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱིས་ཁྲོམ་དབང་གནང་བ་གྲགས་ཤིང་གྲུབ་པས་སྒྲུབ་མི་དགོས་ལ། དབང་གྲལ་དུ་སློབ་མ་མ་མཐའ་ཡང་བརྒྱ་ཕྲག་དང་། བརྒྱ་ཕྲག་ཁ་ཤས། སྟོང་ཕྲག །སྟོང་ཕྲག་ཁ་ཤས། ནས། ས་ཡ་ཁ་ཤས་སོགས་ཅི་རིགས་འཛོམས་ཡོད་ངེས་པས། ཁྲོམ་དབང་གི་སྐབས་གང་ཡིན་དུ་སློབ་མ་ངོ་རེ་ལ་དངོས་སུ་ཁྱོར་ཆུ་སྦྱིན་པ་དང་། སོ་ཤིང་སྦྱིན་པ། མེ་ཏོག་གི་འཕྲེང་བ་འཛིན་དུ་འཇུག་པ། དཀྱིལ་འཁོར་དུ་མེ་ཏོག་འདོར་དུ་འཇུག་པ། ཀུ་ཤ་སྦྱིན་པ། སྲུང་སྐུད་སྦྱིན་པ། བུམ་ཆུ་སྦྱིན་པ། རྡོ་རྗེས་དམ་བཞག་བྱེད་པ། ཅོད་པན་གཡོག་པ་སོགས་གནང་ཡོད་དམ་མེད། ཡོད་ན་ལུང་རིགས་ཀྱི་སྒྲུབ་བྱེད་ཅི་ཡོད་ད་ལྟ་ཉིད་དུ་སྟོན་ཅིག །
མེད་ན་དེ་དག་གི་སྐབས་སུ་དངོས་སུ་ཁྱོར་ཆུ་སོགས་སྦྱིན་པ་མོས་པས་འཐུས་པ་གནང་ཡོད་པ་ཐག་ཆོད་པས། ཤིང་ཐམས་ཅད་བེ་དོར་འཛིན་པ་ཁྱོད་ཀྱིས། སྔོན་བྱོན་དམ་པ་དེ་དག་གིས་དངོས་སུ་གསན་པའི་ཚོད་ཙམ་དུ་སྐད་གསང་མཐོན་པོས་ཁྱེད་རྣམ་པས་དངོས་སུ་བུམ་ཆུ་སོགས་ངེས་པར་བརྒྱུད་མི་དགོས་དོན་ཅི། དབང་གི་ལས་ཆོག་གི་མགོ་མཇུག་ཀུན་ཏུ་བླ་སློབ་མཉམ་དུ་འཛོམ་དགོས་པའི་གནད་རབ་ཏུ་མང་། དེ་ཡང་ཁྱོར་ཆུ་སྦྱིན་པ་དང་། ཞེས་སོགས་རེ་རེ་བཞིན་བགྲངས་པའི་མཐར་བླ་སློབ་ལྷན་དུ་མ་འཛོམས་ན་ཇི་ལྟར་བགྱི་བསམས་ནས་སྨྲོས་ཤིག་ཅེས་སྒྲོགས་ཤིག་དང་། མི་མངོན་དབྱིངས་ནས་ཁྱོད་ཀྱི་གུ་དོག་གི་འཆིང་རྒྱ་གཏོར་བའི་བཀའ་ལན་ཞལ་གསལ་ཞིག་བརྩེ་བས་གནང་ངེས་སོ།།
ཡང་ལོག་བཤད་དེ་ལས། དེ་བས་མཚམས་དངོས་སུ་བཅད་པ་མེད་པ་ལ་ཁ་གཡར་ནས་ཤར་ནུབ་ཡུལ་གྲུ་ཀུན་ལ་དབང་གནང་བའི་སྐད་བྱེད་ན་ཆོ་ག་ཆད་པའི་སྐྱོན་དུ་ཅི་ཕྱིར་མི་འགྱུར། འདི་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། ལེན་པའི་ཚེ་ཆོ་ག་མ་ཆད་ཅིང་བརྡ་འབྱོར་ལ། ལེན་འདོད་དང་བསྲུང་འདོད་དྲག་པོ་དང་། འབོགས་པ་པོ་ཡང་སྔགས་ཀྱི་རྩ་ལྟུང་དང་མི་ལྡན་པའི་སྡོམ་ལྡན་གྱིས་ཆོ་ག་བྱ་བ་ནི་ཤིན་ཏུ་གལ་ཆེའོ། །ཞེས་གདམས་པར་མཛད་པ་དང་། ཞེས་སོགས་ཟེར་བ་ལ། དབང་དོན་དེ་ཉིད་རབ་གསལ་གྱི་དོན་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་གཉིས་པོ་གང་ཡང་མ་བསྲུངས་ན། ཆུ་དབང་ཡན་ཆད་བསྐུར་མི་རུང་བ་དང་། དང་པོ་བསྲུངས་ལ་གཉིས་པ་མ་བསྲུངས་ན། བུམ་དབང་གི་གཙོ་བོ་ཡན་ཆད་བསྐུར་མི་རུང་བས། དེ་གཉིས་ལེན་པ་ན་ཆོ་ག་མ་ཆད་པ་སོགས་ཚང་དགོས་པ་སྐབས་ཀྱི་དོན་ཡིན་ལ། ཁྱོད་ཀྱིས་སྒྲུབ་བྱེད་ཡ་མེད་དུ་རློམས་ནས་དེ་འདིར་དྲངས་པ་ནི། བྱ་རྒྱུད་ལ་ཐུན་མོང་མ་ཡིན་པའི་སྡོམ་གཟུང་མེད་པ་ཡང་མ་ཤེས་པས་ནོངས་འདུག་པ་དང་། སྡོམ་ཆོག་དང་དབང་རྫས་གཅིག་ཏུ་འཁྲུལ་བས་ཀྱང་ནོངས་འདུག་ན། ཁྱད་པར་རགས་པ་འདི་ལྟ་བུ་ཡང་མ་ཕྱེད་པར་དགའ་ལྡན་ཕོ་བྲང་གི་བཀའ་ཡིག་ལ་དཔྱད་ཁུལ་བྱས་པ་ནི་ཕྲག་དོག་གི་དབྱུག་པས་ཡིད་ཀྱི་བོང་རྒན་རང་དབང་མེད་པར་དེད་པའོ།།
གཞན་ཡང་། བཀའ་དབང་གི་ཉིན་དེར་ངེས་པ་དོན་གྱི་རྡོ་རྗེ་སློབ་དཔོན་༸སྐྱབས་མཆོག་༸རྒྱལ་བའི་དབང་པོས་ཤར་ནུབ་ཀྱི་དད་ལྡན་སློབ་མ་རྣམས་ལ། སྔོན་ལ་དགེ་བསྙེན་གྱི་སྡོམ་པ་དང་བྱང་སྡོམ་གནང་། དེ་ནས་བཀའ་དབང་དངོས་གཞི་གནང་བ་དྲ་ལམ་ནས་ཐད་ཀར་དབང་ཞུས་པ་ཀུན་ལ་མངོན་སུམ་དུ་གྲུབ་པ་ཡིན་ན། ཁྱེད་ཅག་ལ་ཕྱག་ལེན་འདི་དག་ཡོད་མེད་ཅི་བྱས་ཆོག་པའི་གནང་བ་སུ་ཡིས་བྱིན་སྟོན་དགོས་སོ་ཞེས་ནག་པོ་དགུ་སྦྱོར་གྱིས་བཟི་བའི་སྐྱུར་འགོང་ཅི་ལ་ཤོད་སྨྲ་དགོས་སོ།།
ཡང་ལོག་བཤད་དེ་ལས། རྒྱལ་མཆོག་སྐུ་ཕྲེང་བདུན་པ་ལ་ཡང་རྗེ་རོལ་པའི་རྡོར་རྗེས་དམིགས་བསལ་ཕུལ་བ་ལ། དུས་ཕྱིས་ཨ་ཁུ་ཤེས་རབ་རྒྱམ་མཚོས་དེ་ནི་ལན་མ་ཐེབ་པ་ཡིན་པ་ལས། སུ་དང་གང་གིས་དམིགས་བསལ་གནང་བ་མེད་དོ་ཞེས་པའི་དཀའ་གནད་སྐོར་ཅིག་ཡོད་པ་ཡང་དྲན་དགོས་ལ། ཞེས་བྲིས་པ་ལ། རྒྱལ་མཆོག་བདུན་པར་རྗེ་རོལ་རྡོར་གྱིས་དམིགས་བསལ་ཕུལ་བར། ཕྱིས་ཨ་ཁུ་ཤེར་རྒྱམ་གྱིས་དེ་ནི་ལན་མ་ཐེབས་པས། སུ་གང་གིས་དམིགས་བསལ་གནང་བ་མེད་ཅེས་པའི་ཉ་དང་ཉུང་མ་བསྲེས་པའི་བཀའ་མོལ་འདི་འདྲ་ཞིག་ད་སྔ་བདག་གིས་ཡེ་ནས་མ་མཐོང་བས། གཟུ་ལུམ་ཅན་ཁྱོད་ཀྱི་མགོའི་རྭ་གཉིས་ཀྱི་སྦོམ་ཕྲའི་དཀའ་གནད་སྐོར་ཞིག་ཡོད་པ་དྲན་དགོས་པ་ཡིན་ནམ།
དེས་ན་གསང་འདུས་བསྐྱེད་རིམ་ལས། ད་ལྟ་རྒྱུད་གྲྭ་སྟོད་སྨད་སོགས་སྔགས་གྲྭ་རྣམས་སུ་དབང་དང་བསྙེན་པ་མ་སོང་བ་མང་བས་དེ་ཐམས་ཅད་ཚོགས་ནས་དཀྱིལ་འཁོར་སྒྲུབ་མཆོད། བདག་འཇུག །སྦྱིན་སྲེག་སོགས་བྱས་པ་ལ་ཕན་ཡོན་དང་ཉེས་དམིགས་གང་ཡོང་ཞེས་ལྕང་སྐྱ་ཐམས་ཅད་མཁྱེན་པ་ལ་ཞུས་པས། ཁོང་གི་ཞལ་ནས། རྒྱུད་སྟོད་སྨད་རྗེ་ཐམས་ཅད་མཁྱེན་པས་སྔགས་ཀྱི་བཀའ་བབས་ཡིན་པས་ཚོགས་མང་གིས་དེ་ལྟར་མཛད་པ་ལ་ཉེས་པ་མེད། རྒྱུད་སྟོད་སྨད་ཀྱི་གྲྭ་པ་ཡིན་ཀྱང་རང་རང་སོ་སོས་གཞན་དུ་དེ་ལྟར་བྱས་མི་ཆོག་གསུངས་པ། ངས་བལྟས་ན་དེ་ལྟར་ཡིན་པ་ལྟ་བུའང་འཆར། སྐབས་རེ་བསམས་ན་དེ་ལས་གཞན་གསུང་རྒྱུ་མ་རྙེད་པའང་ཡིན་ནམ་སྙམ་གསུངས། ཞེས་པ་འདི་ལ་བསམས་པའི་ཁུལ་ཡིན་ངེས་ཀྱང་། ཤེས་པ་རྣལ་དུ་མི་གནས་པ་ཁྱོད་ཉོན་ཅིག །འདི་སྒྲས་ཟིན་གྱི་དབང་དུ་བྱས་ན་དབང་དང་བསྙེན་པ་མེད་པས་དཀྱིལ་འཁོར་སྒྲུབ་མཆོད་དང་། བདག་འཇུག །སྦྱིན་སྲེག་སོགས་བྱས་མི་ཆོག་པའི་ཁུངས་ཡིན་པ་ལས་ཁྲོམ་དབང་བསྐུར་མི་ཆོག་པའི་སྒྲུབ་བྱེད་མིན་ལ། གལ་ཏེ་ཡིན་ན་ཡང་རྟགས་མ་གྲུབ་སྟེ། སློབ་དཔོན་རྡོ་རྗེ་འཆང་༸རྒྱལ་མཆོག་ཡིད་བཞིན་ནོར་བུ་ཐོས་པའི་རྣམ་གྲངས་ཙམ་བསགས་པ་དྲེད་པོ་ཁྱོད་ལྟ་བུ་མིན་པར་དབང་དང་བསྙེན་པ་ཐུགས་ལ་ཡར་ལྡན་དུ་མངའ་བའི་ཕྱིར་རོ།།
ཡང་ལོག་བཤད་དེ་ལས། གལ་ཏེ་འདི་ཐམས་ཅད་བླ་མའི་ཐུགས་གཏད་དང་སློབ་མའི་དམིགས་པས་འཁྱོངས་བཞིན་ཡོད་ན། དཀྱིལ་འཁོར་ལ་ཡང་བསམ་གཏན་གྱི་དཀྱིལ་འཁོར་ཁོ་ནས་འཐུས་པར་གྱིས་ཤིག་དང་། དེང་ནས་བཟུང་ལས་བྱེད་པ་རྣམས་སྟབས་སྟབས་པོས་མཆོག་འགྲུབ་པར་འགྱུར་རོ། །ཞེས་བཤད་པ་ལ། བསམ་གཏན་གྱི་དཀྱིལ་འཁོར་དུ་དབང་སྐུར་བ་ལ་སློབ་དཔོན་དང་སློབ་མ་གཉིས་ཀ་ལྷའི་རྣལ་འབྱོར་ཁྱད་པར་ཅན་དང་ལྡན་དགོས་པས། སྤྱི་སྒོས་ཀྱི་ཁྱབ་པ་ལ་རྨོངས་པ་ཁྱོད་ཀྱིས་ངེད་ལ། ཁྲོམ་དབང་གི་ཚེ་དཀྱིལ་འཁོར་ལ་ཡང་བསམ་གཏན་གྱི་དཀྱིལ་འཁོར་ཁོ་ནས་འཐུས་པར་གྱིས་ཤིག་དང་། ཁྲོམ་དབང་ཐམས་ཅད་བླ་མའི་ཐུགས་གཏད་དང་སློབ་མའི་དམིགས་པས་འཁྱོངས་བཞིན་ཡོད་པའི་ཕྱིར། ཞེས་འཕངས་ན་ཁྱབ་པ་མ་གྲུབ་ཀྱི་ལན་བཏབ་སྟེ་ཁྱོད་ཀྱི་མངོན་པའི་ང་རྒྱལ་གྱི་རི་བོ་གཞོམ་པར་འགྱུར་ངེས་ལ།
མགོ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ནས་བཟུང་ཁྱོད་ཀྱི་དྲིན་ཅན་རྩ་བའི་བླ་མའི་བར་ཁྲོམ་དབང་གནང་མཁན་ཐམས་ཅད་ལ། ཁྲོམ་དབང་གི་ཚེ་དཀྱིལ་འཁོར་ལ་ཡང་བསམ་གཏན་གྱི་དཀྱིལ་འཁོར་ཁོ་ནས་འཐུས་པར་གྱིས་ཤིག་དང་། ཁྲོམ་དབང་ཐམས་ཅད་བླ་མའི་ཐུགས་གཏད་དང་སློབ་མའི་དམིགས་པས་འཁྱོངས་བཞིན་ཡོད་པའི་ཕྱིར། ཞེས་མ་རྟོགས་ལོག་རྟོག་གི་ཀུན་སློང་ངན་པས་ཁ་དོག་དཀར་དམར་རྒན་ཞུགས་ཀྱི་ཐལ་འགྱུར་ལྟར་སྣང་དེ་འཕོངས་ཤིག་དང་། ཆོས་དྲེད་ཁྱོད་ཀྱིས་རིངས་པ་རིངས་པར་དཀོན་མཆོག་གཏོང་བར་འགྱུར་རོ།།
ཡང་ལོག་བཤད་དེ་ལས། འཕྲིན་གྱིས་བསྙེན་པར་རྫོགས་པའི་སློབ་མ་ལ་ཚེ་དེར་མཐོང་ལམ་སྐྱེས་རུང་ཡན་ཆད་དགོས་པ་དང་། དེ་འདྲ་ཡིན་པར་བླ་མས་མཁྱེན་པ་དང་། གདུལ་བྱ་བླ་མའི་དྲུང་ལ་འོང་བའི་དབང་མེད་པ་སྟེ་ཆོས་གསུམ་དང་ལྡན་དགོས་པར། འདུལ་བ་རྒྱ་མཚོའི་མངའ་བདག་ཀུན་མཁྱེན་མཚོ་སྣ་བས་གསུངས་པས། དེ་དང་ཁྱེད་རྣམས་མཚུངས་པར་སྦྱར་བའི་གོ་སྐབས་གང་དུ་འདུག་སོམས་ལ། དོན་དུ་ལས་བྱེད་པ་རྣམས་ཚེ་འདིར་མཐོང་ལམ་སྐྱེ་རུང་ཡན་ཆད་ཤ་སྟག་ཡིན་པར་ཁས་བླངས་ཟིན་པས། བདག་གིས་སྒྲུབ་བྱེད་ལ་སྒུག་ནས་འདུག་ལ། ཞེས་ཟེར་བ་ལ། བཅོམ་ལྡན་འདས་ཀྱིས་ཀུན་བཏགས་ཀྱི་དཔེར་ནམ་མཁའི་མེ་ཏོག་བཞག་པ་དང་། དཔལ་མགོན་ཀླུའི་ཞབས་ཀྱིས་ཆོས་ཐམས་ཅད་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ལ་གནས་པར་སྒྲུབ་པའི་དཔེར་རི་བོང་རྭ་བཞག་པར། གོ་རྒྱུ་ཟབ་མོ་ཞིག་ཡོད་པ་གཏན་མ་ཤེས་པར་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་དང་འཕགས་མཆོག་ཀླུ་སྒྲུབ་ཞབས་རྣམ་གཉིས་ལ་ཡང་། ནམ་མཁའི་མེ་ཏོག་དང་ཀུན་བཏགས་གཉིས་དཔེ་དོན་དུ་བཞག་པ་དང་། རི་བོང་རྭ་དང་ཆོས་ཐམས་ཅད་གཉིས་དཔེ་དོན་དུ་བཞག་པའི་གོ་སྐབས་གང་དུ་འདུག་སོམས། དོན་དུ་ཁྱོད་གཉིས་ཀྱིས་ཀུན་བཏགས་དང་ཆོས་ཐམས་ཅད་གཉིས་མེད་པར་ཁས་བླངས་ཟིན་པས། བདག་གིས་སྒྲུབ་བྱེད་ལ་བསྒུགས་ནས་འདུག་ཅེས་ཧམ་ཤེད་ཀྱི་ཁ་ཤོམ་དེ་འཐེན་ཅིག་དང་། བརྒྱ་པ་ལས། འཇིག་རྟེན་ཡོངས་སུ་མི་ཤེས་གང་། །དེ་ནི་ཐུབ་པའི་ལྟ་བུར་མངོན། །ཞེས་གསུངས་པ་ལྟར། དེ་ལས་རང་མཚང་ཟང་མར་བསྟན་པ་ཅི་ཞིག་ཡོད་སོམས་ཤིག །
དེས་ན་ཕྱོགས་གཅིག་མཚུངས་པས་དཔེ་དོན་སྦྱོར་རུང་བ་མདོ་སྡེ་དགོངས་འགྲེལ་དང་། ཆོས་དབྱིངས་བསྟོད་པ། མཛོད་རང་འགྲེལ། ཚད་མ་ཀུན་བཏུས་རང་འགྲེལ། དབུ་མའི་རྒྱན་སོགས་རྒྱ་གཞུང་མང་པོའི་དགོངས་པ་རྨ་མེད་པ་ཡིན་ཞིང་། བཀའ་ཡིག་ཏུ་བུ་མོ་ཆོས་སྦྱིན་མ་སྟོན་པས་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་དཔེར་གསུངས་པ་ཡང་། བུ་མོ་ཆོས་སྦྱིན་མ་སྟོན་པའི་དྲུང་དུ་དངོས་སུ་མེད་ཀྱང་ངག་འཕྲིན་གྱི་སྒོ་ནས་སྟོན་པ་སྐུ་དངོས་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པ་དང་། ད་ལྟའི་དད་ལྡན་སློབ་མ་རྣམས་རྡོ་རྗེ་སློབ་དཔོན་༸རྒྱལ་བ་ཐམས་ཅད་མཁྱེན་པ་སྐུ་དངོས་ཀྱི་དྲུང་དུ་མེད་ཀྱང་དྲ་ལམ་ནས་ཐད་ཀར་ཞལ་མཇལ་གསུང་ཐོས་སོགས་ཀྱི་སྒོ་ནས་༸རྒྱལ་བའི་དབང་པོ་སྐུ་དངོས་ལས་བཀའ་དབང་ཐོབ་པ་གཉིས་ཐོབ་པ་ཙམ་དུ་འདྲ་བའི་ཆ་ནས་དཔེ་དོན་སྦྱར་བ་ལས། བུ་མོ་ཆོས་སྦྱིན་མ་དང་ད་ལྟའི་དད་ལྡན་སློབ་མ་རྣམས་ཕྱོགས་ཀུན་ནས་འདྲ་བའི་ཆ་ནས་དཔེ་དོན་སྦྱར་བ་མིན་པས། དོན་དུ་ལས་བྱེད་པ་རྣམས་ཚེ་འདིར་མཐོང་ལམ་སྐྱེ་རུང་ཡན་ཆད་ཤ་སྟག་ཡིན་པར་ནམ་ཡང་ཁས་བླངས་པ་མེད་ལ། དོན་མེད་དུས་ཚོད་ཆུད་ཟོས་སུ་བཏང་ནས་སྒྲུབ་བྱེད་ལ་སྒུག་པའི་ངལ་བའང་བསྟེན་དགོས་པ་མི་སྣང་། དེས་ན་ཀྱེ་རང་མཐོང་ཅན། དཔེ་དོན་ཙམ་ཡང་སྦྱོར་མི་ཤེས་པའི་བླུན་པོས་བལྟས་ན་ཚུལ་དེ་ལ་རྩོད་པ་གཞན་ཡོད་པ་ལས་མཁས་པས་བརྟགས་ན་རྩོད་ས་རི་བོང་རྭའི་རྩེ་མོ་ཙམ་ཡང་མེད་དོ།།
སྨྲས་པ། བྲག་རྫོང་ཐན་སྐད་སྒྲོག་པ་འཁོས་ཆུང་མིན།།
ལེགས་ཉེས་མི་ཤེས་ཤེས་རབ་ལྡན་པ་མིན།།
ནང་ཉམས་ཕྱི་རུ་བསྟན་པ་འཛུམ་དྲུག་མིན།།
ལུང་ལོག་རིགས་ལོག་སྨྲ་བ་ལུང་རིགས་མིན།།
ཞེས་ཀྱང་བར་སྐབས་སུ་སྨྲའོ།།
མུ་འགོད།