རྩོམ་པ་པོ། ཝི་ཇེ་ཀ་རན་ཏི།(Vijay Kranti)
བོད་སྒྱུར་བ། འཕྲིན་ལས་དབང་འདུས།
མི་ལོ་ ༤༨ ཙམ་གྱི་རིང་ངས་བོད་ལ་དུང་བ་ཟབ་མོ་བཅངས་པའི་རྒྱུད་རིམ་ནང་བོད་མི་མང་པོ་ཞིག་གིས་གཙོས་ངོས་ཀྱི་གྲོགས་པོ་གཞན་ཁག་གཅིག་གིས་ “ཁྱེད་རང་བོད་ལ་དེ་འདྲའི་དགའ་ཞེན་བྱེད་དགོས་དོན་ཅི་ཞིག་ཡིན་ནམ།” ཞེས་པའི་དྲི་རྟགས་འདི་གཅིག་མཚུངས་ཀྱིས་དྲིས་མྱོང་། ང་ཚོ་གསར་འགོད་པ་ཞིག་ལ་ཆ་མཚོན་ན། རྒྱུན་མར་གནད་དོན་དུ་མ་ཞིག་དང་འགྲོག་འདྲིས་བྱེད་དགོས་སྟབས། ཁོང་ཚོའི་དྲི་བ་དེར་བསམ་བློ་ཞིག་བཏང་ཚེ་དོན་དངོས་དང་མཐུན་པ་ཞིག་རེད་འདུག་སྙམ། ང་ཚོས་ཐོག་མར་གནད་དོན་གཅིག་གི་ཐོག་དབྱེ་ཞིབ་གཏིང་ཟབ་བྱས་རྗེས་གཞི་ནས་འབྲི་བ་དང་། དེའི་རྗེས་གནད་དོན་གཞན་གྱི་ཐོག་ལ་ཁ་ཕྱོགས་པ་ཡིན། དེ་ལྟར་མདུན་སྐྱོད་བྱེད་པའི་དུས་ཀྱི་རྒྱུད་རིམ་ཁྲོད། ང་ཚོ་མང་པོ་ཞིག་གིས་གནད་དོན་མང་ཆེ་བ་དྲན་ལམ་ནས་གཏིང་བརྗེད་ཤོར་འགྲོ་ཡི་ཡོད། ལྷག་པར་རྒྱ་གར་ལྟ་བུའི་རྒྱལ་ཁབ་ཀྱི་གསར་འགོད་པ་དང་པར་པ་ཚོར་མཚོན་ན། འབྲི་གཞི་དང་རིག་གཅིག་རྐང་འཛིན་གནང་རིན་ལྡན་པའི་ཆབ་སྲིད་དང་སྤྱི་ཚོགས། འཕེལ་རྒྱས་ཀྱི་གནད་དོན་སོགས་འདྲ་མིན་སྣ་ཚོགས་ཤིག་ཡོད་སྟབས། ངའི་ལས་རོགས་གསར་འགོད་པ་མང་པོ་ཞིག་ནས་བོད་ཀྱི་གནད་དོན་འདི་ “འབྲེལ་མེད་དམ་ཤི་ཟིན་” པའི་གནད་དོན་ཞིག་ལ་དོན་དམ་གྱིས་ངོས་འཛིན་གནང་བཞིན་པའི་དུས་སྐབས་འདིར། ང་ལྟ་བུའི་གསར་འགོད་པ་ཞིག་ནས་མུ་མཐུད་གདོང་ལེན་གྱིས་བོད་ཐོག་ཇི་ལྟར་འབྲི་རྒྱུ་དེ་རེད།
ངོས་རང་གསར་འགོད་པ་ཞིག་གི་ངོ་བོའི་ཐོག་ནས་ཕྱི་ལོ་ ༡༩༧༢ ལོར་ཆེས་ཐོག་མར་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་དང་། སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་དང་ཇི་ལྟར་འཕྲད་པའི་རྒྱུད་རིམ་དེ་དག་ལ་ཕྱིར་དྲན་རེ་བྱེད་དུས། བོད་ལ་འདི་ལྟ་བུའི་དགའ་ཞེན་སྐྱེད་པའི་རྒྱུ་རྐྱེན་གཙོ་བོ་དེ། རང་ཉིད་ཀྱི་དྲིན་ཅན་ཕ་མ་རྣམ་གཉིས་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་། དེ་ཡང་རྒྱ་རི་བློ་གྲོས་རྒྱལ་མཚན་དང་འཇམ་དབྱངས་ནོར་བུ། བསྟན་འཛིན་དགེ་བྱེད། ལྷ་བཟང་ཚེ་རིང་། བསྟན་འཛིན་ཆོས་རྒྱལ། བསོད་ནམས་སྟོབས་རྒྱལ་སོགས་ལྟ་བུའི་སེམས་ཤུགས་དང་ཧུར་བརྩོན་ཆེ་བའི་སྐྱབས་བཅོལ་བའི་གཞོན་སྐྱེས་རྣམས་ཐོག་མར་ཐུག་འཕྲད་སྐབས། ཁོང་རྣམ་པས་བོད་དོན་འཐབ་རྩོད་ཐོག་བཅངས་པའི་སེམས་ཤུགས་ཀྱི་མེ་ལྕེ་དེ། རང་ཉིད་ཆུང་དུས་སྐབས་དོ་སྣང་བྱུང་བ་བཞིན་ཀཱཤི་མིར་ (Kashmir) ནས་རང་ས་ཤོར་བའི་ངའི་ཕ་དམ་པ་དང་གཅིག་མཚུངས་རེད་འདུག
རྒྱ་གར་དུམ་བུ་གཉིས་སུ་ཁ་གྱེས་ཏེ་ཟླ་གྲངས་གསུམ་ཙམ་ལས་ཕྱིན་མེད་པའི་དུས་སྐབས་དེར། པཱ་ཀི་སི་ཐན་ (Pakistan)གྱིས་ཀཱཤི་མིར་(Kashmir)བཙན་བཟུང་བྱས་པ་བཞིན། ངའི་ཕ་མ་རྣམ་གཉིས་ཀྱང་ས་ཁུལ་དེའི་ཁོངས་ནས་ཡོང་བའི་སྐྱབས་བཅོལ་བ་རེད། རྡ་ས་མེག་གྷན་གྱི་སུམ་མདོ་ནས་ལོ་ན་འབྲིང་གྲས་ཅན་གྱི་བུད་མེད་མིང་ལ་ཚེ་རིང་སྐྱིད་ཡ་ཞུ་བ་ཞིག་དང་ཐོག་མར་ཐུག་འཕྲད་བྱུང་། ཁོ་མོས་སེམས་ཚོར་ཆེན་པོས་བོད་ནང་གི་རང་ཁྱིམ་དུ་བྱུང་བའི་དོན་རྐྱེན་རྣམས་འགྲེལ་བརྗོད་བྱེད་སྟངས་དེ་ནི། ངའི་ཨ་མ་ལགས་ཀྱིས་མིར་པཱུར་ (Mirpur) དུ་ཡོད་པའི་རང་ཁྱིམ་དང་སློབ་གྲྭ གྲོང་ཁྱེར་དེའི་འཇིགས་སྣང་ཅན་གྱི་འཚོ་བའི་གནས་བབ་འགྲེལ་བརྗོད་བྱེད་པ་དང་ཨ་ན་མ་ན་རེད་འདུག གཅིག་བྱས་ན་བོད་དང་འབྲེལ་བའི་དོན་རྐྱེན་དེ་དག་རང་ཉིད་ཀྱི་ཕུགས་བསམ་ངོས་འཛིན་དང་འབྲེལ་ཡོད་པ་འདྲ་ལ། གནད་དོན་དེས་ང་ལ་ཡིད་དབང་འཕྲོག་བཅུག་སོང་།
སྐྱབས་བཅོལ།
ངའི་ཕ་དམ་པའི་མི་ཚེའི་ནང་སྐྱབས་བཅོལ་ཐེངས་གསུམ་འགྲོ་དགོས་བྱུང་འདུག ཕྱི་ལོ་ ༡༩༣༡ ལོར་ཇཱ་མུ་དང་ཀཤི་མིར་ནང་ཁ་ཆེའི་ལྷན་ཚོགས་ (Muslim Conference) ཞེས་པའི་ཆབ་སྲིད་ཚོགས་པའི་རྨོངས་ཞེན་ཅན་གྱི་འགོ་ཁྲིད་ཤཱེག་ཀི་ཨབཌུ་ལཱ་ (Sheikh Abdullah) ཡི་རྗེས་འཇུག་པ་ཚོས། སྡང་འཛིན་ཆེན་པོས་རྒྱལ་རྒྱུད་ལ་ཁ་གཏད་གཅོག་པའི་ལས་འགུལ་ (Anti-Maharaja Movement) འཇིགས་རུང་ཁག་གཅིག་སྤེལ་ཏེ་མང་ཚོགས་དམར་གསོད་ཀྱི་དོན་རྐྱེན་བྱུང་བའི་སྐབས་དེར། ངའི་ཕ་དམ་པ་ཁོང་རང་ལོ་གཉིས་ཙམ་ལས་སོན་མེད་འདུག ངའི་པོ་པོ་ལགས་ཚོང་པ་ཕྱུག་བདག་ཅན་ཞིག་ཡིན་འདུག་པའི་ཁར། ཁོང་ནི་ཕུལ་བྱུང་གི་སྨན་པ་(Hakim (Amchi) དང་སྒྲུང་གཏམ་ཤོད་མཁན་གྲགས་ཅན་ཞིག་དང་། རང་ཉིད་ཧིན་དྷུའི་ཆོས་ཉམས་ལེན་པ་དང་ཁ་ཆེའི་ཀོ་རན་ (Quran) འཆད་ཁྲིད་གནང་མཁན་གྲགས་ཅན་ཞིག་ཀྱང་ཡིན་འདུག སྐབས་དེར་ཁོང་གི་རྒྱུ་ནོར་ཡོངས་རྗོགས་འཕྲོག་བཅོམ་དང་མེར་བསྲེག་བཏང་འདུག་ཅིང་། ཐ་ན་རང་ཉིད་ཀྱི་ཕ་གཞིས་ཆགས་སའི་གྲོང་གསེབ་པཱན་འཇན་(Panjan) མི་འདོད་བཞིན་དུ་རྒྱབ་ཏུ་བསྐྱུར་ཏེ་མཐར་མཱིར་པུར་ (Mirpur) དུ་ཡུལ་བྱོལ་ལ་འགྲོ་དགོས་ཐུག་འདུག
ཕྱི་ལོ་ ༡༩༤༧ ལོར་པ་ཀི་སི་ཐན་གྱི་དམག་དཔུང་དང་རུས་སྡེའི་ཚོ་མི་(Tribesmen) ཡིས་དབང་ཤུགས་སྤྱད་དེ་འཐབ་རྒོལ་དྲག་པོ་བྱས་སྟབས། ངའི་ནང་མི་རྣམས་མི་འདོད་བཞིན་དུ་མཚན་གཅིག་ནང་མཱིར་པུར་ (Mirpur) དང་ཁ་བྲལ་ཏེ་ཐེངས་གཉིས་པར་སྐྱབས་བཅོལ་འགྲོ་དགོས་བྱུང་རྐྱེན་སླར་ཡང་རང་ཉིད་ཀྱི་རྒྱུ་དངོས་ཡོངས་རྫོགས་ཤོར་འདུག མཱིར་པུར་ (Mirpur) དུ་ཧིན་དྷུ་དང་སཱིཀ་ (Hindus and Sikhs) སྟོང་ཕྲག་ ༤༢ ཡོད་ཁོངས་ནས། སྟོང་ཕྲག་ ༡༨ ཀྱི་ཚེ་སྲོག་དྲག་རྒོལ་གྱི་དོན་རྐྱེན་དེའི་ཁྲོད་ནས་མཐར་ཐུབ་པ་བྱུང་འདུག། དེའི་ཁོངས་སུ་ངའི་པོ་པོ་ལགས་ཀྱི་ནང་མི་ཡང་ཚུད་འདུག ཐོག་མར་ངའི་ནང་མི་རྣམས་གྲོང་ཁྱེར་ཇཱམ་མཱུར་ (Jammu City)ནང་གནས་སྐབས་རིང་གཞིས་ཁྱིམ་བཟུང་འདུག་ཀྱང་། རིང་པོར་མ་ཐོག་པར་ཤཱིཀ་ཨཱབ་དྷུ་ལའི་ (Sheikh Abdullah) མངའ་གཞུང་ནས་སྐྱབས་བཅོལ་བ་མང་དྲག་པའི་དཀའ་ངལ་ལ་སྙད་དེ་ཁྱིམ་ཚེས་མངའ་སྡེ་པཱན་ཇབ་ (Panjab) ཕྱོགས་སུ་ཕྱིར་ཕུད་བཏང་འདུག དེ་ནི་རང་ཉིད་ཀྱི་ལྟེ་ཁྲག་འཐོར་སའི་ཕ་ས་དང་ཁ་བྲལ་ཏེ་སྐྱབས་བཅོལ་འགྲོ་དགོས་བྱུང་ཐེངས་གསུམ་པ་དང་མཐའ་མ་དེའང་ཡིན་འདུག པཱན་ཇབ་ (Panjab) དང་ཨཱུ་ཊར་པ་དྷེཤ་ (Utter Pradesh) ཧི་མ་ཅལ་མངའ་སྡེ་ (Himachal Pradesh) བཅས་ནང་ཡུན་རིང་མྱུལ་ཞིབ་རྗེས་ངའི་ནང་མི་རྣམ་དུམ་བུ་དུ་མར་ཞལ་གྱེས་དགོས་བྱུང་འདུག་ཅིང་། མཐར་ངའི་ཕ་དམ་པ་དེས་ལྡི་ལའི་དབུལ་གྲོང་སྲང་ལམ་ཞིག་ཏུ་གཞིས་ཁྱིམ་བཟུང་འདུག་པ་ལྟར། ང་རང་སཱབ་ཇཱི་མན་ཌི་རྙིང་པའི་ (Old Subzi Mandi) ཉེ་འདབས་ཀྱི་དབུལ་གྲོང་དེར་སྐྱེས་པ་ཡིན་འདུག
རེ་བ་དང་ངོ་བོ་བྲལ་བའི་སྐྱབས་བཅོལ་བ།
པ་ཀི་སི་ཐན་གྱི་མངའ་འོག་ཏུ་བཟུང་བའི་ཇཱ་མུ་དང་ཀཱཤི་མིར་ (Pakistan-occupied Kashmir: POK) ནས་འོང་བའི་སྐྱབས་བཅོལ་བ་འབོར་ཆེན་ཞིག་རྒྱ་གར་གྱི་ས་ཁུལ་གཞན་མང་པོར་གཞིས་སྤོས་སོང་ཡང་། ཁོང་ཚོའི་ཇཱ་མུ་དང་ཀཱཤི་མིར་གྱི་མི་སེར་གྱི་ངོ་བོ་དང་གནས་བབ་གཏན་འཕྲོག་བྱས་ཟིན། དེ་ཡང་འདས་པའི་མི་ལོ་ ༧༢ ནང་ཇཱ་མུ་དང་ཀཱཤི་མིར་གྱི་མངའ་གཞུང་(State Government of J&K) ཚང་མས་པ་ཀི་སི་ཐན་གྱི་མངའ་འོག་ཏུ་བཟུང་བའི་ཇཱ་མུ་དང་ཀཱཤི་མིར་ཁུལ་ནས་ཡོང་བའི་སྐྱབས་བཅོལ་བ་ (POK Refugees) རྣམས། མངའ་གཞུང་གི་གནད་དོན་དང་འབྲེལ་མེད་ཡིན་པར་ངོས་འཛིན་གྱིས་ངོས་བཞེས་གནང་མེད། ལྡི་ལི་གསར་པའི་གཞུང་ལ་མཚོན་ན་སྤྱི་ཚོགས་ཀྱི་སྡེ་ཁག་འདི་བཀག་འགོག་གིས་མཐའ་ན་ “སྐྱབས་བཅོལ་” ཅེས་པའི་ཐ་སྙད་ཀྱང་བརྗོད་དུ་མི་རུང་བ་དེར་རྒྱུ་མཚན་གཞན་ཞིག་ཡོད། དབུས་གཞུང་ནས་འདས་པའི་མི་ལོ་བཅུ་ཕྲག་བདུན་ཙམ་གྱི་རིང་། འབྱུང་འགྱུར་པ་ཀི་སི་ཐན་མཉམ་ཁྲིམས་ཐོག་ནས་འཐབ་རྩོད་བྱས་ཏེ་པ་ཀི་སི་ཐན་གྱིས་བདག་ཏུ་བཟུང་བའི་ཇཱ་མུ་དང་ཀཱཤི་མིར་གྱི་ས་ཁུལ་རྣམས་ཕྱིར་ལེན་རྒྱུར་དོ་ཕོགས་འགྲོ་བའི་ཞེད་སྣང་འོག ཁུལ་དེ་ནས་ཡོང་བའི་བུ་ཕྲུག་རྣམས་གཞུང་འབྲེལ་སྐྱབས་བཅོལ་བར་ངོས་འཛིན་གནང་རྒྱུར་དོགས་འདྲོག་བྱེད་བཞིན་ཡོད།
དེ་ལྟ་བུའི་རྒྱ་གར་དབུས་གཞུང་གི་སྲིད་བྱུས་འཛིན་ཕྱོགས་ལ་མཚོན་ན། རྒྱ་གར་དུམ་བུར་ཁ་གྱེས་དགོས་བྱུང་བའི་རྗེས། པ་ཀི་སི་ཐན་གྱི་པན་ཇཱབ་དང་མཱུལ་ཏན། སིན་ཌ། དེ་བཞིན་པ་ཀི་སི་ཐན་གྱི་ཤར་ཕྱོགས་ལ་སོགས་པའི་ནང་རྒྱུ་དངོས་ལ་གནོད་འཚེ་དང་གྱོང་གུན་ཇི་ཕོགས་ཀྱི་སྐྱབས་བཅོལ་བ་ཚོར་གུན་གསབ་འཐུས་ཚང་གནང་ཡོད། འོན་ཀྱང་གོང་གསལ་ས་ཁུལ་དེ་དག་དང་མི་འདྲ་བར་པ་ཀི་སི་ཐན་གྱི་བདག་ཏུ་བཟུང་བའི་ཀཱ་ཤི་མིར་ནས་ཡིན་པའི་སྐྱབས་བཅོལ་བ་ཡོངས་ཀྱིས་གཙོ་བྱས་ཏེ་ངའི་ཕ་དམ་པ་དང་ཁོང་གི་ཕ་མ་རྣམ་པའི་རྒྱུ་དངོས་ཡོངས་རྫོགས་རང་སར་བསྐྱུར་འཇོག་མི་བྱ་ཀ་མེད་བྱུང་བ་དེར། གུན་གསབ་སྤྲོད་རྒྱུ་ཕར་བཞག་ཏེ་ཐོབ་ཐང་ཡོངས་རྫོགས་རང་འགུལ་གྱིས་ཕྱིར་བསྡུ་བྱས་ཡོད། ངའི་ཕ་དམ་པས་ཚེ་སྲོག་གི་དབུགས་རྒྱུན་མཐའ་མ་མ་ཆད་བར་ཏེ། སྔར་ལོའི་ཕྱི་ཟླ་དྲུག་པ་བར་ཞུ་གཏུགས་ཀྱི་སྙན་ཞུ་གྲངས་ལས་འདས་པ་བྲིས་ཡོད་ལ། རྔམ་སྟོན་ཁྲོམ་སྐོར་རབ་དང་རིམ་པའི་ནང་མཉམ་ཞུགས་བྱས་ཡོད། གཞན་ཡང་སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་བྱས་ཏེ་ཇཱ་མུ་དང་ཀཤི་མིར་གྱི་བུ་ཕྲུག་རྣམ་པའི་གཞི་རྩའི་ངོ་བོ་དང་ཐོབ་ཐང། དྲང་བདེན་བཅས་ཀྱི་ཆེད་འཐབ་རྩོད་ལུ་གུ་རྒྱུད་འབྲེལ་ཞུས་ཀྱང་དོན་འབྲས་སོན་པ་བྱུང་མེད།
ཁོང་གིས་རང་ཉིད་སོ་སོའི་ཕ་ས་ནས་མཆེད་པའི་ཁྲིམས་མཐུན་གྱི་བུ་ཕྲུག་ཞིག་རེད་ཅེས་ཞུ་འབོད་གྲངས་ལས་འདས་པ་བྱས་ཀྱང་ངོས་བཞེས་གནང་མཁན་གཏན་ནས་བྱུང་མེད། དེར་བརྟེན་མི་ཚེ་ཡོངས་རྫོགས་དེ་ལྟའི་ན་ཟུག་ཁྲོད་ནས་ཟད་པ་རེད། ལྷག་པར་ཇཱ་མུ་དང་ཀཤི་མིར་ནས་མཆེད་པའི་བུ་ཕྲུག་ཚོར་མཚོན་ན། སོ་སོའི་ཕ་མེས་ཡང་མེས་ཀྱི་གཞིས་ཁྱིམ་ནང་ཁྲིམས་མཐུན་མི་སེར་བྱས་ཏེ་བློ་སྤོབས་དང་གཟི་བརྗིད་ལྡན་པའི་སྒོ་ནས་ཁྲིམས་མཐུན་གཏན་སྡོད་བྱ་རྒྱུ་ལྟ་ཞོག རང་ཉིད་དང་འབངས་མི་གཞན་ཚོས་ཁྲལ་འབབ་ཕུལ་བའི་དངུལ་གྱིས་འགྲོ་གྲོན་བཏང་བའི་ཚན་རྩལ་མཐོ་སློབ་དེ་དག་དམིགས་བསལ་མངའ་སྡེའི་གནས་བབ་དང་ཟུར་བཅད་ཞབས་སྟེག་ལ་ཁ་གཡར་ཏེ། ཕྲུ་གུ་སུའང་མཐོ་སློབ་འགྲིམས་པའི་གོ་སྐབས་ཡེ་ནས་ཐོབ་མྱོང་མེད།
མཐའ་མཇུག་གི་རེ་བ།
མི་ཚེའི་མཐའ་མཇུག་གི་ཟླ་བ་ཁ་ཤས་ནང་ངའི་ཕ་དམ་པ་ཁོང་གི་མིག་གི་དབང་ཤེད་ཉམས་ཏེ་མི་མཐོང་བར་གྱུར་སྟབས། དེ་དུས་ཁོང་གི་དགའ་མོས་བྱེད་ཡུལ་གཙོ་བོ་ནི། བརྙན་འཕྲིན་དང་རླུང་འཕྲིན་གྱི་གམ་དུ་བསྡད་དེ་རང་ཉིད་ཀྱི་ཕ་ས་ཇཱ་མུ་དང་ཀཤི་མིར་སྐོར་གྱི་གསར་འགྱུར་ཉན་རྒྱུ་དེ་ཁོ་ན་ཡིན། སྲིད་བློན་བོ་དྷི་མཆོག་གིས་ཆབ་སྲིད་སྐྱོང་བའི་ལོ་ལྔ་ཚན་དང་པོ་དེར་ཁོང་ནས་རེ་བ་ཆེན་པོ་ཞེ་དྲག་བསྐྱོན་སོང་ཡང་། རིམ་པས་ཡིད་ཐང་ཆད་འགོ་ཚུགས་སོང་། ཁོང་འཆི་ཁའི་ཉིན་མཐའ་མ་དེ་ཚོར་འབད་བརྩོན་ཆེན་པོས་བཀའ་མོལ་ཚིགས་འགའ་རེ་བརྗོད་ཐུབ་པ་ནི་ “མོ་དྷིས་གཅིག་གནང་ཐུབ་ཀྱི་རེད་པས། (Modi Kuj Karega?)” ཅེས་པའི་དྲི་བ་འདི་གཅིག་པོ་རེད། དྲི་ཚིག་རྡོག་པོ་འདི་བརྒྱུད་ང་ཚོ་ཚང་མས་ཁོང་གི་སེམས་ནང་ཅི་ཞིག་འཚོལ་གྱིན་པ་གསལ་པོ་ཤེས་ཐུབ།
ཁོང་གིས་ཚེ་གང་རེ་སྒུག་དང་རེ་སྨོན་ཞུས་པའི་དོན་ཆེན་དེ་ཁོང་རང་ཉིད་འཇིག་རྟེན་འདི་དང་གཏན་བྲལ་ཕྱིན་པའི་ཉིན་ཞག་ལྔ་བཅུ་སོང་བའི་རྗེས་ཏེ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༥ ཉིན་གཞི་ནས་མངོན་འགྱུར་ཐུབ་པ་བྱུང་ཡོད། དེ་ནི་འདི་ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༤ ཉིན་སྲིད་བློན་མོ་དྷིའི་གཞུང་ནས་ཇཱ་མུ་དང་ཀཤི་མིར་ཆེད་གཏན་སྡོད་མི་སེར་ཐོབ་ཐང་གི་ཁྲིམས་ལུགས་གསར་པ་གསལ་བསྒྲགས་གནང་བ་དེ་ལོས་ཡིན། སྐབས་དེར་ངའི་ཨ་མ་ལགས་ཀྱིས་ “ཁོང་གིས་ཚེ་གང་གསར་འགྱུར་འདི་ཐོས་རྒྱུར་རེ་སྒུག་བཅངས་ནས་བསྡད་པ་རེད། གལ་ཏེ་དེ་རིང་ཁོང་ (ངའི་པ་ལགས།) འཇིག་རྟེན་འདིར་འཚོ་བཞུགས་ཡོད་ཚེ། དགའ་བ་ཆེན་པོས་ཧང་སང་ཧོན་ཐོར་ཏེ་འཆི་ཡོད་ངེས།” ཅེས་གསུངས་སོང་། ངའི་ཕ་དམ་པ་ཁོང་དགུང་ལོ་ ༩༠ བཞུགས་པ་རེད། དེའི་ཁོངས་ནས་མི་ལོ་ ༧༢ སོ་སོ་རང་ཉིད་དང་བུ་ཕྲུག གཞན་ཡང་ང་ཚོ་དང་འདྲ་བར་རང་ཉིད་ཀྱི་ངོ་བོ་བརླག སོ་སོའི་ཕ་གཞིས་རྒྱབ་ཏུ་བསྐྱར་ཏེ་སྐྱབས་བཅོལ་ཕེབས་དགོས་བྱུང་མཁན་ཀ་ཤི་མིར་ས་ཡ་གཅིག་ལྷག་དང་འདྲ་བར། མཱིར་པུར་དང་མྰུ་ཙར་ཧྥར་བྷཊ། བྷིམ་བྷར། ཀོ་ཊི་ལི། ཌེཝི་བྷ་ཏ་ལ། ཀཡེ་ནི། ཨ་ལི་བྷེག དེ་བཞིན་པཱན་ཇན་ལྟ་བུའི་གྲོང་གསེབ་ཆུང་ཆུང་སྟོང་ཚོ་བརྒལ་བའི་ནང་ཁོང་ཚོའི་ངོ་བོ་བསྐྱར་གསོ་ཐུབ་ཕྱིར་འཐབ་རྩོད་བསྟུད་མར་གནང་ནས་བཞུགས་པ་རེད།
ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༥ ཚེས་ ༢༤ ཉིན་སྐྱ་རེངས་འཆར་བའི་ཉིན་བཟང་དེར། རང་ཉིད་ཀྱི་ཕ་ས་ཇཱ་མུ་དང་ཀཤི་མིར་ནས་མཐར་ང་ཚོ་མངའ་སྡེ་དེའི་བུ་ཕྲུག་ཡིན་པའི་ངོས་འཛིན་གནང་བ་རེད། འོན་ཀྱང་གསར་འགྱུར་དེ་མིག་གིས་མ་མཐོང་གོང་དང་རྣ་ལམ་དུ་མ་ཐོས་གོང་། ངའི་ཕ་དམ་པའི་མི་ཐོག་གཅིག་པའི་སྐྱབས་བཅོལ་ཕེབས་རོགས་མང་ཆེ་བ་འཇིག་རྟེན་འདི་དང་གཏན་དུ་ཞལ་གྱེས་ཟིན། ངོས་རང་དང་ངའི་བུ་ཕྲུག་གི་མི་ཐོག་འདིས། སོ་སོའི་ཕ་ས་ཇཱ་མུ་དང་ཀཤི་མིར་དངོས་སུ་མིག་མཐོང་ལག་ཟིན་གྱིས་ཚོར་འདུ་གསོན་པོ་རོལ་མྱོང་ཡོད་པ་མ་རེད། རེད་དེ། ད་ཆ་ང་ཚོས་སོ་སོའི་མི་རིགས་ཀྱི་ཐོག་མའི་ངོ་བོ་ཕྱིར་བླངས་བའི་རྒྱལ་ཁར་རེ་སྨོན་བྱས་ཆོག་པ་ཡིན། ད་དུང་ངའི་ཕ་དམ་པའི་མི་ཐོག་གི་ཕུགས་བསམ་གཞན་ཞིག་ནི། པཱ་ཀི་སི་ཐན་གྱི་མངའ་འོག་ཏུ་ཡོད་པའི་ཇཱ་མུ་དང་ཀཤི་མིར་གྱི་ང་ཚོའི་ཕ་མེས་ཡང་མེས་ཀྱི་ཐོག་མའི་གཞིས་ཁྱིམ་དེ་ཚུར་ལེན་རྒྱུ་དེ་རེད། དེ་ནི་ད་རུང་ཡང་ཁ་ཐག་ཧ་ཅང་རིང་བར་སྣང་། དེ་ལྟར་ཡང་། ང་ཚོའི་ཁྲོད་ནས་མང་པོ་ཞིག་གིས། ད་ཡོད་མོ་དྷིའི་སྲིད་གཞུང་དང་འབྱུང་འགྱུར་གྱི་སྲིད་གཞུང་གཉིས་ནས་གཅིག་བྱས་ན་པ་ཀི་སི་ཐན་གྱི་མངའ་འོག་ཏུ་ཤོར་བའི་ཇཱ་མུ་དང་ཀཤི་མིར་གྱི་ས་ཁུལ་རྣམས་ཉིན་གཅིག་མ་ཡུམ་ཇཱ་མུ་དང་ཀ་ཤི་མིར་ཕྱོགས་སུ་ཕྱིར་ལེན་པའི་རེ་བ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད།
སྐབས་མང་པོར་ངའི་ཕ་དམ་པས་གསར་ཤོག་སྟེང་འཁོད་པའི་ངའི་རྩོམ་བྲིས་བཀླགས་རྗེས་དང་། སྐབས་འགར་ངོས་རང་བརྙན་འཕྲིན་ནང་བོད་དོན་ཐོག་བགྲོ་གླེང་བྱེད་པ། གཞན་ཡང་བོད་དོན་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུའི་ཐོག་གཏམ་བཤད་བྱེད་པ་སོགས་ཅི་རིགས་མཐོང་ཐོས་སྐབས། ཁོང་གིས་ངའི་ལག་ནས་དམ་པོར་འཇུས་ཏེ་ “ཁྱེད་རང་རྒྱལ་ཁབ་གཞན་ནས་ཡོང་བའི་བོད་མིའི་འཐབ་རྩོད་ཆེད་སྐུ་ལས་ཞེ་དྲག་བསྐྱོན་གནང་གི་འདུག འོན་ཀྱང་ཁྱེད་རང་གིས་སྙིང་སྟོབས་དང་མཆོད་སེམས་དེ་རང་ཐོག་ནས་སོ་སོའི་མི་རིགས་ཆེད་འཐབ་རྩོད་མི་བྱེད་དོན་ཅི་ཡིན་ནམ།” ཞེས་དྲིས་མྱོང་།
ངས་ཁོང་གི་སེམས་ནང་གི་བཟོད་ཐབས་བྲལ་བའི་ན་ཟུག་དེ་ཚོ་ཚོར་ཐུབ་ཀྱི་འདུག་ཀྱང་། དེ་ལྟ་བུའི་ན་ཟུག་གི་གནས་བབ་དེར་བློ་སྤོབས་སྦྱིན་ཐུབ་པའི་ཐབས་ལམ་ཞིག་བདག་ལ་དབེན། སྐབས་རེ་བློ་སྟོབས་ཆེན་པོས་ངས་ཁོང་ལ་འདི་ལྟར་བརྗོད་མྱོང་ “ང་ཚོའི་སྐྱེ་ས་སྐྱེས་ཡུལ་དགྲ་ལག་ཏུ་ཤོར་སོང་ཡང་། ང་ཚོ་ད་རུང་རང་དབང་ལྡན་པའི་སྒོ་ནས་སོ་སོའི་རྒྱལ་ཁབ་ནང་འཚོ་བཞིན་པ་རེད། པ་ལགས་ཁྱེད་རང་གིས་བསམ་ན། ང་ཚོ་བསོད་ནམས་ཆེན་པོ་ཞེ་དྲག་ཡིན་པ་ཚོར་གྱི་མི་འདུག་གམ། འུ་ཐུག་ཐབས་ཟད་ཀྱི་ཉམ་ཐག་པའི་བོད་མི་ཚོར་མཚོན་ན། སོ་སོའི་སྐྱེས་ཡུལ་དང་རྒྱལ་ཁབ་གཉིས་ཀ་དགྲ་ལག་ཏུ་ཤོར་སོང་བ་རེད། སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་ལ་ཁ་གཏད་གཅོག་མཁན་ཁོང་ཚོ་ཉུང་ཤས་ལས་ཡོད་པ་མ་རེད། ཁྱེད་རང་གིས་བསམ་ན། ཁོང་ཚོར་ང་ཚོ་ལྟ་བུའི་སྡོངས་གྲོགས་མི་དགོས་སམ།” ཞེས་ཞུས་པར། ཁོང་གིས་ཐེངས་གཉིས་ཙམ་ཞིག་ལ་གདོང་ལ་འཛུམས་མདངས་མཁྱུད་དེ་ “ལན་ཟུག་པོ་ཞེ་དྲག་བསྐྱོན་སོང་། ཁྱེད་རང་གིས་བཤད་པ་དེའང་བདེན་པ་མ་རེད་ཞུ་རྒྱུ་མི་འདུག” ཅེས་གསུངས་མྱོང་། ཁོང་གིས་བོད་ཀྱི་དངོས་ཡོད་གནས་སྟངས་གསལ་པོར་རྟོགས་པའི་ཐོག་ནས་བཀའ་ལན་འདི་འདྲ་ཞིག་གནང་བ་ཡིན། ཡང་མིན་ན་རེ་ལྟོས་བྲལ་བའི་སོ་སོ་རང་ཉིད་ཀྱི་མདུན་དུ་ལྷག་པའི་འཐབ་རྩོད་དེས་ཡིན། གང་ལྟར་ངས་གསལ་པོ་ཞིག་རྟོགས་ཐུབ་མ་སོང་།
དེ་རིང་ངས་ཕ་དམ་པ་ཁོང་གཤེགས་པའི་ལོ་མཆོད་དང་པོ་དེ་དྲན་གསོ་བྱེད་པ་དང་སྦྲགས། ཁོང་གི་དྲི་ཚིག་གི་ཨ་ལོང་དེས་ངའི་དཔྱོད་ཤེས་ཡོངས་སུ་གཡོ་འགུལ་བཏང་སོང་། དྲང་པོར་བཤད་ན། ངར་དྲང་ཚུགས་ལྡན་པའི་གསལ་འདེབས་ཅི་ཡང་མེད། གང་ལྟར་ངས་བོད་ལ་དུང་བ་ཟབ་མོ་བཅངས་པའི་ལོ་ཟླ་འདི་དག་གི་ཁྲོད་ “ངོ་མ་ངས་ཕ་དམ་པ་ཁོང་མགོ་སྐོར་གཏོང་ཕྱིར་བོད་ལ་དེ་འདྲའི་དགའ་ཞེན་བྱས་པ་ཨེ་ཡིན་ནམ།” ཞེས་རང་གིས་རང་ལ་དྲི་གཞི་འདི་འཕེན་དགོས་བྱུང་།
མཆན། རྩོམ་པ་པོ་ཝི་ཇེ་ཀ་རན་ཏི་ལགས་ནི་གསར་འགོད་ལས་རིགས་པ་དང་བོད་གནས་ཉམས་ཞིབ་པ། དེ་བཞིན་ Centre for Himalayan Asia Studies and Engagement (CHASE) ཚོགས་གཙོ་ཡང་ཡིན།
མ་རྩོམས་འབྲེལ་ཐག https://www.newsintervention.com/tibetans-have- lost-their-motherland-they-need-some-friends/
ཕ་ས་དགྲ་ལག་ཏུ་ཤོར་བཅུག་མཁན་དེ་སུ་ཡིན་ནམ་? སྐུ་དྲག་ཀླད་སྟོང་དང་དཔོན་ཀླད་སྟོང་ཚོ་མ་ཡིན་ནམ་ ? བསྟན་འཛིན་དགེ་བྱེད་ནི་ དགའ་ལྡན་ཕོ་བྲང་ གློད་མ་བཏང་པ་ནང་སྲིད་བྱེད་ནས་སྡད་ཡོད། འཇམ་དབྱངས་ནོར་བུ་ནི་ཕྱི་སྲིད་བྱེད་ནས་རྒྱུག་སྡད་ཡོད། ལྷ་བཟང་ཚེ་རིང་ནི་སྙིང་རྗེ་ འཇམ་དབྱངས་ནོར་བུས་རྒྱུག་ཁྱི་ཡིན། ? ? ? ?