-ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཕྱི་ལུགས་དགུང་གྲངས་དོན་དྲུག་ཏུ་ཕེབས་པའི་འཁྲུངས་སྐར་བསུ་རྩོམ།
ཀླུ་སྨྱོན་ཧེ་རུ་ཀ
གུས་པར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དྲུག་ལས་རྙིང་མ་དང་བཀའ་བརྒྱུད། ས་སྐྱ་དང་དགེ་ལུགས་པའི་དགེ་བའི་བཤེས་གཉེན་ལྔ་བཅུར་ཉེ་བ་ཞིག་ཡོད་པའི་ཁྲོད་དུ། དཔལ་ལྡན་ས་སྐྱ་པའི་ཕྱོགས་སུ་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཐེག་ཆེན་དཔལ་འབར་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་ནི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་གཅིག་ཡིན།
གུས་པས་གོང་མ་ཁྲི་ཆེན་རིན་པོ་ཆེ་ཆེས་ཐོག་མར་བལ་ཡུལ་ལུམྦྷི་ནིའི་དཔལ་ལྡན་ས་སྐྱའི་སྨོན་ལམ་ཆེན་མོར་མཇལ་བ་ཡིན་ཞིང་། དེའི་རྗེས་སུ་བལ་ཡུལ་གྱི་ས་སྐྱའི་དགོན་པ་རྣམ་གསུམ་སྟེ་ཐར་ལམ་དགོན་པ་དང་ཁྲ་རིག་དགོན་པ། བྱམས་ཆེན་ལྷ་ཁང་བཅས་སུ་གོང་མ་རིན་པོ་ཆེས་བཀའ་ཆོས་གསུངས་པ་ལན་གྲངས་རེ་ཟུང་ལ་ཞུ་རྒྱུའི་གོ་སྐབས་ཐོབ་པ་དང་། རྗེས་སུ་གོང་མ་རིན་པོ་ཆེ་མཆོག་མཁན་ཆེན་ཨ་པད་རིན་པོ་ཆེས་གསར་བཞེངས་གནང་བའི་བལ་ཡུལ་ས་སྐྱའི་ནང་བསྟན་སློབ་གཉེར་ཁང་ལེགས་འགྲུབ་མཛད་སྒོར་ཆིབས་སྒྱུར་གནང་བའི་སྐབས་སུ། ཁོ་བོས་ཆེས་ཐོག་མར་རྡོ་རྗེ་འཆང་འདིས་དབྱིན་སྐད་ནང་བཀའ་ཆོས་གསུང་བ་མཇལ། རྗེ་བླ་མ་འདི་ཆེད་དུ་དབྱིན་ཇིའི་སློབ་གྲྭ་དེ་འདྲར་མ་ཕེབས་ན་ཡང་། ཁོང་ནི་བོད་ཀྱི་བླ་ཆེན་ཚོའི་ཁྲོད་ནས་དབྱིན་སྐད་མཁྱེན་རྒྱ་ཡག་ཤོས་དེ་ཡིན་འདུག དེའི་སྔོན་ཙམ་དེར་གུས་པས་ དཔལ་ལྡན་ས་སྐྱ་པའི་བྱུང་བ་བརྗོད་པ་ ཞེས་པའི་དེབ་གཅིག་རྩོམ་འབྲི་བྱེད་བཞིན་ཡོད་པ་དང་། དེབ་དེའི་སྐོར་མཁན་ཆེན་ཨ་པད་རིན་པོ་ཆེར་བཀའ་འདྲི་ཞུས་པ་མ་ཟད། ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་བཀའ་སློབ་ལམ་སྟོན་སོགས་བརྩེ་གཟིགས་བླ་མེད་གནང་བྱུང་།
རྗེས་སུ་གུས་པ་ཨ་རིར་བཞུགས་པའི་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཆོས་ཚོགས་སུ་ལོ་མང་བསྡད་པའི་རིང་། ཁྲི་ཆེན་རིན་པོ་ཆེ་ས་གནས་འདིར་ཆིབས་སྒྱུར་ཐེངས་ཁ་ཤས་ལ་གནང་བའི་སྐབས་སུ། གནམ་ཐང་དུ་ཕེབས་བསུར་བཅར་བ་དང་མགྲོན་ཁང་ཟ་ཁང་དུ་སྐུ་མདུན་དུ་བཅར་བ་སོགས་ཀྱི་སྐབས་སུ། ཁྲི་ཆེན་མཆོག་གིས་གུས་པར་ཐུགས་བརྩེ་དཔེ་མེད་གནང་སྟེ་ཞུ་བ་གང་ཡིན་ཐད་ཀ་ཐད་ཀར་ཞུ་ཆོག་པ་མ་ཟད། ནམ་རྒྱུན་བལ་ཡུལ་དུ་གུས་པས་རེ་ཞིག་སྙན་ངག་ལེ་ཚན་གྱི་རྩོམ་སྒྲིག་པ་བྱེད་མྱོང་བའི་གཉན་ཆེན་ཐང་ལྷ་གསར་ཤོག་དེའི་སྐོར་ཕལ་ཆེར་ནམ་མཇལ་བ་ཡིན་ཡང་བཀའ་འདྲི་གནང་གི་ཡོད།
ཁྲི་ཆེན་རིན་པོ་ཆེ་འདི་བ་གངས་ལྗོངས་རྡོར་འཛིན་ཡོངས་ཀྱི་གཙུག་རྒྱུན་མཆོག་གི་མི་འཇིགས་སེང་གེའི་ཁྲི་ལ་མངའ་དབང་སྒྱུར་བ་ཞིག་ཡིན་ན་ཡང་། གུས་པ་ལྟ་བུར་ཡང་སྐུ་འཁོར་ལྟ་བུའི་བཀའ་མོལ་ཅི་རིགས་དགྱེས་བཞིན་དུ་གནང་བ་དང་། སྐབས་རེར་ཁྲི་ཆེན་རིན་པོ་ཆེ་མཆོག་ཨ་རིའི་དགོན་པ་ཉིག་ཡོར་ཝན་ལྡན་དུ་གསར་བཞེངས་མཛད་པ་དེར་བཞུགས་སྐབས། འདི་ག་ནས་ཁོང་གི་སྐུ་མདུན་དུ་བཅར་མཁན་རེ་ཟུང་ལ་ཡང་གུས་པའི་སྐོར་བཀའ་འདྲི་གནང་བ་དེ་འདྲ་ཡང་ཐོས་རྒྱུ་བྱུང་བ་ཇི་འདྲའི་བསོད་ནམས་ཆེ་བ་ལ་ཨང་།
བདག་ཆེན་འཇིགས་བྲལ་རྡོ་རྗེ་འཆང་དགོངས་པ་ཞི་བར་གཤེགས་པའི་སྐབས་སུ། ཁྲི་ཆེན་རིན་པོ་ཆེ་སྐུ་འཁོར་རྣམས་འདི་གར་ཕེབས་བཞུགས་གནང་སྟེ་དགོངས་རྫོགས་རིམ་གྲོ་སོགས་ལ་ཐུགས་ཁུར་རྒྱ་ཆེར་བཞེས་པ་དང་། གུས་པ་དང་མཁན་རིན་པོ་ཆེ་བྱམས་པ་གཉིས་ཀ་སྐུ་མདུན་དུ་འབོད་འགུག་གནང་སྟེ་སླད་མའི་ཆར་འདི་གའི་ཆོས་ཚོགས་ཀྱི་ལས་འགན་མུ་མཐུད་དུ་སྒྲུབ་དགོས་པའི་བཀའ་སློབ་ཟབ་མོ་གནང་བ་སོགས་ཀྱང་ཡང་ཡང་དྲན། བདག་ཆེན་རིན་པོ་ཆེའི་དགོངས་རྫོགས་སམ་གདུང་མཆོད་གསུང་བཞིན་པའི་སྐབས་སུ། ཕུན་ཕོའི་གདུང་སྲས་ཨ་སངྒྷ་བཛྲ་རིན་པོ་ཆེ་མཆོག་གིས་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་འཇིགས་བྲལ་བདག་ཆེན་རིན་པོ་ཆེའི་མྱུར་འབྱོན་གསོལ་འདེབས་ཤིག་གསུང་སྐུལ་ཞུས་པ་དང་། ཁྲི་ཆེན་རིན་པོ་ཆེ་མཆོག་ནས་ལམ་སང་ཕྱག་སྨྱུག་དང་ཤོག་བུ་བསྣམས་ཏེ་མྱུར་འབྱོན་གསོལ་འདེབས་བརྗོད་བྱ་རྗོད་བྱེད་ངོ་མཚར་བ། སྙན་ངག་གི་རྒྱན་ཕུན་སུམ་ཚོགས་པས་སྤྲས་པ་ཞིག་ཐོལ་བྱུང་དུ་ལྗགས་རྩོམ་གནང་བྱུང་བས། གུས་པ་རང་ཉིད་ལ་མཚོན་ན་འཇམ་དབྱངས་འཁོན་གྱི་གདུང་རྒྱུད་རྣམ་པ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་ཡིན་པར་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཀྱིས་ལུང་བསྟན་ཡོད་པ་དེ་འདི་འདྲ་ཞིག་མིན་ན་ག་འདྲ་ཞིག་ཡིན་སྙམ་པའི་དད་གུས་བླ་ལྷག་ཏུ་སྐྱེས་པ་ཞིག་ཀྱང་བྱུང་སོང་།
ཁྲི་ཆེན་རིན་པོ་ཆེ་འདི་ནི་བོད་ཀྱི་དུས་ཚོད་ཆེས་གཉན་འཕྲང་ཆེ་བའི་སྐབས་ནས་བཟུང་སྟེ་གངས་ཅན་མགོན་པོ་མཆོག་གི་ཕྱག་གི་བཀའ་དགོངས་ཟབ་མོ་ཅི་ཡོད་ཐུགས་རྩོལ་ཆེན་པོས་སྒྲུབ་གནང་མཁན་གྱི་སྐྱེས་ཆེན་རང་ཚུགས་ཐུབ་ཅིང་གཟིགས་རྒྱང་རིང་བ་ཞིག་ཡིན་པས། བོད་པ་ཕྱིར་སྡོད་པ་ཚང་མས་ས་སྐྱ་གོང་མ་རིན་པོ་ཆེ་ཞེས་དད་བཀུར་བསྔགས་གསུམ་མི་ཞུ་མཁན་ཞིག་ལ་ཁོ་བོ་ནམ་ཡང་ཐུག་མ་མྱོང་།
རྗེ་འདི་ནི་རྩོལ་མེད་གངས་ལྗོངས་རིག་སྔགས་འཆང་བ་ཡོངས་ཀྱི་གཙུག་རྒྱན་དམ་པར་བཞེངས་པ་ཙམ་དུ་མ་ཟད། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཕལ་ཆེ་བའི་བླ་སྤྲུལ་མཁན་དགེ་དུ་མ་ཞིག་གི་དབང་ལུང་ཁྲིད་གསུམ་ཞུ་སའི་རྩ་བའི་བླ་མ་གཙུག་གི་ནོར་བུར་ཡང་བཞེངས་ཡོད་པ་དང་། རང་རིགས་དང་གཞན་རིགས་ཀྱི་དད་ལྡན་སེར་སྐྱ་ཁྲི་འབུམ་དུ་མའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་གཅིག་ཆོག་ཡིད་བཞིན་ནོར་བུ་དགོས་འདོད་ཆར་འབེབ་བསམ་འཕེལ་དབང་གི་རྒྱལ་པོའི་ངོ་བོར་བཞུགས་ཡོད།
གུས་པར་མཚོན་ན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ཁོང་གི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་མང་པོ་ཞིག་ཞུ་རྒྱུའི་སྐལ་བཟང་བྱུང་བ་དང་། ཁྱད་པར་དུ་ཁྲི་ཆེན་རང་ཉིད་ཀྱི་སྐུའི་ཕྲེང་བ་སྔོན་མ་དེ་མ་ཐག་པ་སྔ་འགྱུར་རྙིང་མའི་གཏེར་སྟོན་ཆེན་པོ་མགོ་ལོག་ཨ་པང་གཏེར་ཆེན་ཨོ་རྒྱན་འཕྲིན་ལས་གླིང་པའི་གཏེར་བྱོན་མཧྰ་གུ་རུ་རིན་པོ་ཆེའི་ལས་ཚོགས་བརྒྱ་རྩ་ཡི་ཁྲིད་ལུང་ཞུ་རྒྱུའི་སྐལ་བཟང་ཡང་མངོན་དུ་གྱུར་པ་ཞིག་ལགས།
སྔོན་མར་ཁོ་བོ་བལ་ཡུལ་དུ་ཡོད་སྐབས་ཤིག་ལ། ས་སྐྱ་ཁྲ་རིགས་དགོན་པའི་ལས་བྱེད་ཅིག་གིས་ཁྲ་རིགས་རིན་པོ་ཆེའི་སྐུ་ཚེའི་རྣམ་ཐར་རྩོམ་འཕྲོ་ཅན་དེའི་མཇུག་སྐྱོང་གི་རྩོམ་འབྲིའི་ལས་ཀ་ཞིག་ཁོ་བོར་བསྐུལ་བ་བཞིན་སྒྲུབ་སྐབས། ཁྲ་རིགས་རིན་པོ་ཆེའི་སྐུ་གོང་མ་དེའི་རང་རྣམ་ནང་དུ། སྐབས་ཤིག་ཁྲི་ཆེན་རིན་པོ་ཆེ་འདི་བ་བལ་ཡུལ་ཁྲ་རིགས་དགོན་པར་གདན་འདྲེན་ཞུས་ནས་རྡོ་རྗེ་ཕུར་པའི་གཏོར་ཟློག་གམ་བཀའ་དབང་ཞིག་གི་སྐབས་སུ། ཁྲི་རིགས་གྲྭ་མིག་མཐོང་མཁན་ཞིག་གིས་རྗེ་འདི་ཉིད་ཕུར་པ་རྡོ་རྗེ་གཞོན་ནུར་གྱུར་པའི་སྐུ་ལས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཁྲོ་ཆུང་ཁྲི་སྟོང་མང་པོ་ཕྱོགས་ཀུན་ཏུ་འཕྲོ་བ་ཡང་མཇལ་ལུགས་ཤིག་རྣམ་ཐར་དེའི་ནང་དུ་བྲིས་ཡོད་པ་ཡང་དྲན་སོས།
གུས་པར་ཁྲི་ཆེན་རྡོ་རྗེ་འཆང་འདིའི་རང་རྣམ་དེབ་ཆུང་ཞིག་ཡོད་པའི་ནང་དུ་སྤྲོས་མེད་ཁེངས་སྐྱུངས་ཀྱི་གསུང་ཚིག་འབའ་ཞིག་དང་། ཁྱད་པར་དུ་རྗེ་རང་ཉིད་ཀྱི་ཐུགས་འདུན་ཉག་གཅིག་ནི་ས་སྐྱའི་ཁྲི་པའི་མཚན་ཁུར་བཞེས་པ་ལས་རི་ཁྲོད་དབེན་པ་ཞིག་ཏུ་ཚེ་དང་སྒྲུབ་པ་སྙོམས་རྒྱུ་བྱུང་ན་སྙམ་པ་དེ་ཡིན་ཞེས་གསལ་བོར་གསུངས་པ་ཞིག་ཀྱང་མཇལ། རྗེ་འདི་ནི་ཆེ་རྒུ་ཀུན་ཀྱི་གཙུག་རྒྱན་དུ་གྱུར་ཀྱང་དམན་ས་ལྷག་ཏུ་བཞེས་པ་ཞིག་ཡིན་པ་རང་ཅག་ཀུན་གྱི་མཐུན་སྣང་དུ་གྲུབ་ཡོད་ལ། གུས་པ་རྡེ་ར་རྡུན་དུ་རྗེ་འདིའི་དགོན་པར་ཟླ་བ་གཅིག་ཙམ་ལ་སྡོད་དུས། རང་ཉིད་ཀྱི་སྡོད་ས་དེ་རྗེ་འདིའི་གཟིམ་ཁག་གི་ཁ་སྤྲོད་དེར་ཁེལ་ཡོད་པས། ནམ་རྒྱུན་ཞོགས་པ་དང་དགོང་མོར་རྗེ་ཉིད་ཞབས་སྐོར་ལ་ཕེབ་བཞིན་པ་མཇལ་བའི་སྐལ་བ་བཟང་པོ་ཡང་བྱུང་མྱོང་།
དེ་རེས་ཀྱི་སྐྱེ་བ་འདིར་རྗེ་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་ཡང་ཡང་མཇལ་ཏེ་ཟབ་རྒྱས་ཆོས་ཀྱི་བདུད་རྩིར་སྤྱོད་པ་དང་མཚན་བཟང་ཞལ་གྱི་དཀྱིལ་འཁོར་ལ་མཇལ་རྒྱུ་བྱུང་བ་འདི་ནི། སྐྱེ་བ་སྔོན་མ་ཞིག་ལ་རྗེ་འདི་ཉིད་ཀྱི་ཞབས་འོག་ཏུ་ཤི་བའི་འབུ་སྲིན་ཉམ་ཆུང་བ་ཞིག་འཁོར་བའི་འཁོར་ལོ་ཆེན་པོའི་མཐའ་དབུས་དག་ཏུ་ལན་གྲངས་དུ་མ་བརྒྱུད་པའི་རྗེས་སུ། ད་ལྟ་ཕ་མ་ཆོས་ལྡན་གྱི་བུ་རུ་སྐྱེས་ཏེ་རྗེ་འདི་ཉིད་ལ་ཡང་སྐྱར་མཇལ་བའི་སྐལ་བ་བཟང་པོ་ཐོབ་པ་ཞིག་ཡིན་པར་སེམས་སོ།།
མཐར་རང་ཉིད་ཀྱི་རྨི་ལམ་ཞིག་གིས་རྩོམ་མཇུག་བསྡུ་བར་བྱ་སྟེ། གུས་པ་ཨ་རིར་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཆོས་ཚོགས་སུ་བཅར་ནས་ལོ་ཤས་རྗེས་ཀྱི་མཚན་མོའི་རྨི་ལམ་ཞིག་ཏུ། རང་ཉིད་གཙང་ས་སྐྱ་ཡིན་རྒྱུའི་དགོན་པ་ཞིག་ཏུ་འབྱོར་བ་དང་། དེར་ཚོན་རྩི་དཀར་པོ་དང་དམར་པོ་བྱུགས་པའི་ལྷ་ཁང་ཞིག་གི་ནང་ཕྱིན་པ་ན། དེར་ཁྲི་ཆེན་རྡོ་རྗེ་འཆང་འདི་ཉིད་སྐུ་གཟི་བརྗིད་དང་ལྡན་པར་བཞུགས་པ་ཞིག་མཇལ། རང་ཉིད་ལ་ཁ་བཏགས་ཤིག་དགོས་སྣང་གིས་གོས་ཀྱི་ཁུག་མའི་ནང་དུ་ལག་རྙོབ་ཅིག་བྱས་པར་ཁ་བཏགས་དཀར་གཙང་ཞིག་ཀྱང་འདུག་པ་བཟུང་ནས་ཁོང་ལ་མཇལ་ཁ་ཞུས། ཁོང་གིས་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་སྔོན་དུ་ས་སྐྱའི་གདུང་སྲས་ཤིག་ལྷ་སར་ཕེབས་སྐོར་ཞིག་གསུངས་པ་དང་། དེ་རྗེས་རང་ཉིད་འདི་གར་བསྡད་ན་ལེགས་ཉེས་ཅི་འབྱུང་གི་ལུང་བསྟན་ཞིག་ཞུས་པར། དང་པོར་དཀའ་ངལ་ཕྲན་བུ་རེར་འཕྲད་ཀྱང་ག་ལེར་བྱ་བ་ཐམས་ཅད་ལེགས་འགྲུབ་ཡོང་ངོ་ཞེས་གསུངས་པ་ཞིག་ཀྱང་དྲན།།