སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གཞུང་གིས་རྒྱ་ནག་དང་མཉམ་འབྲེལ་བྱེད་པ་ལས་འགྲན་བསྡུར་བྱེད་རྒྱུ་ནི་མཉམ་གནས་ཀྱི་ཐབས་ལམ་ཁོ་ན་དེ་ཆགས་ཡོད་སྐོར་གསུངས་འདུགཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་བསྟི་གནས་ཁང་(The Foundation for Non-violent Alternatives)གི་གོ་སྒྲིག་འོག རྒྱ་དཀར་ནག་གི་འབྲེལ་ལམ་ཁྲོད་བོད་དང་འབྲེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པ་ཞེས་པའི་བརྗོད་གཞིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཁང་གི་འཛིན་སྐྱོང་ཚོགས་གཙོ་མཱ་ཤལ་(Dr. Michael van Walt van Praag)ལགས། ཨ་རུ་ན་ཅལ་མངའ་སྡེའི་སྲིད་སྐྱོང༌ཟུར་པ་དང་དམག་སྤྱི་ཟུར་པ་ཇི་ཇི་སིངྒ་(J.J.Singh) ལགས་བཅས་ནས་དྲ་ཐོག་བགྲོ་གླེང་གནང་འདུག
བགྲོ་གླེང་གི་ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། འདས་པའི་ལོ་རྒྱུས་ནང་རྒྱས་གར་གྱི་སྲིད་བློན་ཟུར་བ་ལཱལ་བྷ་དུར་ཤ་སི་ཏི་རི་ (Shri Lal Bahadur Shashtri) ལགས་ཕུད་པའི་གཞན་རྣམས་ཀྱིས་རྒྱ་ནག་དང་མཉམ་དུ་འགྲན་བསྡུར་བྱེད་པ་ལས་རྒྱ་ནག་དང་མཉམ་འབྲེལ་བྱེད་པའི་གདམས་ཀ་དེ་འདེམས་ཡོད་པ་རེད། རྒྱ་ནག་དང་མཉམ་དུ་ལོ་ངོ་བཅུ་ཕྲག་འགའི་མཉམ་འབྲེལ་རྗེས། མཉམ་འབྲེལ་གྱི་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད་པ་རེད། དེ་བས་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་ནི་རྒྱ་ནག་དང་མཉམ་འབྲེལ་བྱེད་པ་ལས་རྒྱ་ནག་དང་འགྲན་བསྡུར་བྱེད་པ་ནི་རྒྱ་ནག་དང་མཉམ་གནས་ཀྱི་ཐབས་ལམ་ཁོ་ན་དེ་ཡིན་པ་དང་། ད་ལྟ་ཨ་རི་དང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས། ཨོ་གླིང་དང་ཉི་ཧོང་སོགས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་དང་མཉམ་འབྲེལ་གྱི་སྲིད་བྱུས་ནས་འགྲན་བསྡུར་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་གི་ཡོད་སྐོར་གསུངས་འདུག
ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། འཛམ་གླིང་གི་རྒྱལ་ཁབ་ཚང་མས་ཨེ་ཤ་ཡའི་གླིང་ཕྲན་ལ་བལྟས་ཏེ། དམངས་གཙོ་ཅན་གྱི་རྒྱ་གར་ཡར་རྒྱས་ཀྱི་ལམ་ལུགས་དང་དམངས་གཙོ་མེད་པའི་རྒྱ་ནག་གི་ཡར་རྒྱས་ལམ་ལུགས་གཉིས་ཀྱི་བར་མིག་དཔེ་བལྟ་རྒྱུའི་གདམས་ཀར་བལྟས་ནས་ཡོད་པ་དང་། རྒྱ་གར་ནི་ཨེ་ཤ་ཡའི་དམངས་གཙོའི་མིག་དཔེ་ཞིག་ཡིན་པའི་ཆ་ནས་དམངས་གཙོ་སྲུང་སྐྱོབ་ལ་སྣེ་ཁྲིད་དེ་ལྟ་གྲུབ་གྱི་འཐབ་རྩོད་ཁྲོད་རྒྱ་ནག་ལས་རྒྱལ་དགོས་སྐོར་དང་། ཉེ་ལམ་རྒྱལ་ཁབ་ ༦༣ གྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་རྒྱལ་སྤྱིའི་གྲོས་ཚོགས་མཉམ་འབྲེལ་གྱིས་བོད་ནང་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་པར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་ཡོད་ལ། རྒྱ་གར་གྱིས་བློ་སྤོབས་ཆེན་པོའི་ངང་དེ་འདྲའི་བྱ་འགུལ་ནང་མཉམ་ཞུགས་བྱེད་པ་ཙམ་མིན་པར་བོད་དོན་ཐད་ནུས་ཤུགས་འདོན་པ་དང་། དམངས་གཙོའི་མཐུན་ཕྱོགས་མཉམ་འབྲེལ་གསར་འཛུགས་བྱེད་དགོས་སྐོར་གསུངས་འདུག དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཅིག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་གནང་རྒྱུ་དེ་ཡིན་ལ། གནས་མཆོག་རྡོར་རྗེ་གདན་དུ་ན་ལེན་ཌ་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་བ་ཡིས་འཛམ་གླིང་གི་ནང་པའི་རྗེས་འཇུག་པ་ཚོ་རྒྱ་གར་ནང་འདྲེན་ངེས་ཡིན་སྐོར་གསུངས་འདུག
ཨ་རུ་ན་ཅལ་མངའ་སྡེའི་སྲིད་སྐྱོང༌ཟུར་པ་དང་དམག་སྤྱི་ཟུར་པ་ཇི་ཇི་སིངྒ་(J.J.Singh) ལགས་ཀྱིས། བོད་ཧིན་མི་མང་གཉིས་ཀྱི་མཛའ་འབྲེལ་ནི་དུས་རབས་འགའི་རིག་གཞུང་དང་ཚོང་འབྲེལ་གྱི་རྨང་གཞིའི་ཐོག་བསྐྲུན་ཡོད་པ་དང་། ཕྱི་ལོ་ ༡༩༤༠ ནང་ཙམ་བར་དུ་བོད་མི་ཚོར་རང་ཉིད་ཀྱི་ཁྲིམས་དང་དངུལ་སྒོར་སོགས་ཡོད་པ་དང་། འཛམ་གླིང་མི་མང་གིས་བོད་ལ་རང་བཙན་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་རྒྱ་ནག་གི་ཐེ་བྱུས་ཉུང་བའི་རང་སྲིད་རང་སྐྱོང་ཞིག་དགོས་པ་འདོད་ཀྱི་ཡོད་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་རྗེས་བོད་ཧིན་མཐའ་མཚམས་ཀྱི་ཨེག་ས་ཆེན་(Aksai Chin)བཙན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་ཨ་རུ་ན་ཅལ་མངའ་སྡེ་དེ་བཞིན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་གཞི་མེད་ཀྱི་སྐད་ཆ་བཤད་ཀྱི་ཡོད་སྐོར་སོགས་གསུངས་འདུག
དེ་བཞིན་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཁང་གི་འཛིན་སྐྱོང་ཚོགས་གཙོ་ (Dr. Michael van Walt van Praag) ལགས་ཀྱིས། འཛམ་གླིང་གི་སྲིད་གཞུང་ཁག་གི་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཞེས་བརྗོད་དེ་རྒྱ་ནག་གཞུང་ལ་ངོ་དགའ་བྱེད་མཚམས་འཇོག་དགོས་པ་དང་། ཨ་རིའི་སྲིད་གཞུང་གིས་བོད་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་ཡོད་པ་དེ་ལ་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་མིག་དཔེར་བལྟས་ཏེ་བོད་ལ་ངོས་འཛིན་དང་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་དམ་ཟབ་དུ་གཏོང་དགོས་སྐོར་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་ཁོང་ཁྲོ་སློང་རྒྱུར་ཞེད་སྣང་སྐྱེས་ཀྱི་ཡོད་ནའང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་མིག་དཔེ་ལྟ་དགོས་སྐོར་གསུངས་འདུག
གསར་འགོད་པ། ཀླུ་མགོན་ཐར།
Wao ? ་ (Dr. Michael van Walt van Praag) ལགས། ? Exactly. You Good. Why India’s Till use Tibet Is Part Of China ? རྒྱ་གར་མུ་ཐུས་ བོད་རྒྱ་ཁོངས་ཡིན་པ་གསུངས་དགོས་དོན་ཅི་ ! བོད་དོན་ཐོག་ཁུ་སིམ་མེར་སྡོད་དགོས་དོན་ཅི་ !