ཞང་བློན།
ཕྱི་ལོ་༢༠༢༠ ཟླ་ ༩ ཚེས་ ༢༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་གྲངས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ཆད་འགེལ་གྱི་ཐག་གཅོད་དོན་ཚན་ ༢༡ ཅན་གྱི་བཀའ་ཁྱབ་ཅིག་གནང་བ་དང་། དབུས་འོས་བསྡུ་ལས་ཁང་ལ་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༥༡ [ཁ] ༢) པའི་ཆ་རྐྱེན་འོག་འགན་བསྐུར་བཀའ་ཁྱབ་གནང་སྟེ། གོང་གསལ་སྤྱི་འཐུས་རྒྱུན་ལས་༡༡ གི་འདེམས་བྱེད་ཐོབ་ཐང་བཀག་སྐྱིལ་བྱས་པ་ལག་བསྟར་དགོས་པའི་བཀའ་གནང་ཡོད།
ཉིན་དེ་རང་དུ་སྤྱི་འཐུས་ལྷན་ཚོགས་ཀྱིས་”ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དང་འགལ་བའི་ཆད་འགེལ་བྱས་པར་ངོས་ལེན་མེད་པའི་གསལ་བསྒྲགས་”ཤོག་ངོས་ ༤ ཅན་ཞིག་སྤེལ་ཡོད་པ་དང་། གསལ་བསྒྲགས་དེའི་དོན་ཚན་༦ པར་”ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གོང་དུ་བསྡད་ནས་ཐག་གཅོད་བྱས་པ་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་པ་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གཙོས་འབྲེལ་ཡོད་ཚང་མས་བཅའ་ཁྲིམས་དང་འགལ་བའི་ཐག་གཅོད་དེར་ངོས་བཞེས་གནང་ན་འགྲིག་ཐབས་མེད།” ཅེས་བཀོད་འདུག
ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་པ་དང་། སྤྱི་འཐུས་ལྷན་ཚོགས་ནི་ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་ཡོད་པའི་ཁྲིམས་བཟོ་ལྷན་ཚོགས་དེ་ཡིན་པས། བཀའ་ཁྱབ་དང་གསལ་བསྒྲགས་དེ་གཉིས་གང་ཞིག་ལག་བསྟར་དགོས་མིན་ལ་ཁྲིམས་ལུགས་མི་ཤེས་པའི་མང་ཚོགས་མགོ་བོ་རྨོངས་པ་དང་། དབུས་འོས་བསྡུ་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་ལའང་གནོན་ཤུགས་འཕར་མ་ཞིག་སླེབས་ཡོད།
དོན་དངོས་ཐོག་སྤྱི་འཐུས་རྒྱུན་ལས་ཀྱིས་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལ་ངོས་ལེན་མེད་པའི་གསལ་བསྒྲགས་བྱས་མ་ཉིད་དུ་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་གཉིས་པ་ཞིག་ངེས་པར་དུ་གཏོང་དགོས་མོད། དེ་མ་བྱུང་གོང་སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་དེའི་རྒྱབ་གནོན་ལྟ་བུར། ཕྱི་ལོ་༢༠༢༠ ཟླ་ ༩ ཚེས་ ༢༧ ཉིན་སྤྱི་འཐུས་རྒྱུན་ལས་ཤིག་གིས་ཁ་མཆུ་བོགས་མར་བླངས་ནས། ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་ཞེས་པའི་རྩོམ་ཡིག་སྤེལ་བ་དང་། “གུས་པའི་ཤེས་ཚོད་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རང་གིས་རང་ལ་བསྣན་པའི་དབང་ཚད་སྤྱད་དེ། གུས་ཅག་བཅའ་ཁྲིམས་དང་འགལ་མཁན། དམ་བཅའ་མི་བརྩི་མཁན་དུ་ཐེ་ཚོམ་གང་ཡང་མེད་པར་བསྒྲགས་རྒྱུ་ཡིན་པ་དེ་སྔ་ནས་གསུངས་པ་མ་ཟད། ཉེ་སྔོན་ནས་བཏང་བའི་བརྡ་ཐོ་ཟེར་བའི་ནང་གདམ་བྱ་འདེམས་བྱེད་གཉིས་ཀའི་ཐོབ་ཐང་འཕྲོག་ངེས་པ་ཚིག་ཐག་བཅད་འདུག་ཀྱང་། སྐབས་མཚམས་འདེམས་བྱེད་ལས་ཕྲོགས་མི་འདུག་པ་ནི། དབུགས་བརྡོལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།” ཅེས་ནན་བརྗོད་བྱས།
ཨ་བུ་ཧྲལ་པོས། གཏམ་རྣམས་བྲག་ཅ་ལྟ་བུར་རྒྱལ་བས་གསུངས། །ད་ནི་བྲག་ཅ་ལས་ཀྱང་ཡང་ཅ་སྟེ། །ཁ་དང་དོན་དུ་མི་མཚུངས་བྲག་ཅའི་གཏམ། །སླུ་ཚིག་བྲག་ཅ་འདི་ལ་སུན་པ་སྐྱེད། །ཅེས་གསུངས་པར་ཐུགས་མད་སྙམ་པ་བྱུང་ཞིང་། བཙན་བྱོལ་སྤྱི་ཚོགས་ནང་ཁྲིམས་ཀྱིས་སྐྱོང་བའི་མང་གཙོ་ཡང་དག་པ་ཞིག་ཡོང་རྒྱུར་ཁ་ཐག་ཧ་ཅང་རིང་བའི་ངལ་སྣང་ཇེ་ཆེར་ཤར། དུས་རྒྱུན་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་ཆོས་གནང་ས་སོགས་སུ་ཞལ་འདེབས་བསྡུ་མཁན་གྱི་ཁྲིམས་ལུགས་དང་མང་གཙོའི་མིང་འཁུར་ཅན་གྱི་ཚོགས་པ་དེ་ཚོས་གནས་སྟངས་འདི་འདྲའི་སྐབས་སུ་མང་ཚོགས་ལ་ཁྲིམས་ཀྱི་གོ་རྟོགས་སྤེལ་བ་དང་། སྤྱི་ཚོགས་ལེགས་ལམ་དུ་འཁྲིད་པའི་སྲི་ཞུ་བསྒྲུབ་དགོས་རུང་། དེ་དག་ནི་དགོས་སར་ཆད། མི་དགོས་སར་འཐོལ། ཞེས་པ་ལྟར་རྔོ་ཐོགས་པ་གང་ཡང་མ་བྱུང་།
མང་གཙོའི་ཀ་བ་གཉིས་ཀྱི་ཐག་གཅོད་བྱེད་སྟངས་ལ་ཕྲན་གང་ཟག་སྒེར་པ་ཞིག་གིས་སྡུག་འཁུར་བྱེད་དགོས་མེད་བསམས་ནས་ཅམ་སྐྱུར་བྱ་འདོད་རུང་། བཅའ་ཁྲིམས་རིན་པོ་ཆེས་བསྐུར་བའི་ཡུལ་མིའི་ལས་འགན་ནང་། བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་། ཉམས་ལེན་བྱེད་དགོས་པའི་འགན་འཁུར་གནང་ཡོད་སྟབས། སླར་ཡང་ཁྲིམས་སྒྲིག་གལ་ཆེར་བརྩི་མཁན་གྱི་མི་བུ་ཞིག་ཡིན་པའི་ཆ་ནས་དེ་མུར་བསྐྱུར་འཇོག་མ་ཕོད་པར། ཁྲིམས་བཞིན་རྩོད་པ་བྱེད་པའི་ངལ་བ་དང་དུ་བླངས།
ཁྲིམས་བཟོ་བས་ཁྲིམས་སྒྲིག་འགལ་འཛོལ་རིམ་བྱས།
༡། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་བཞི་བཅུ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ། འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང༌། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང༌། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ། ཞེས་པ་ལྟར། སྤྱི་འཐུས་རྒྱུན་ལས་ཀྱིས་ཚོགས་འདུ་དུས་ཐོག་ལ་མ་ཚོགས་པ་དང་། དབང་ཚད་མེད་པར་ཚོགས་འདུ་མེད་པར་བཟོས་པའི་སྒྲིག་འགལ་བྱས་ཡོད། འདིའི་སྐོར་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ནང་རྒྱས་པར་གསལ་བ་དང་། གུས་ཀྱི་མིག་སྔའི་རྩོམ་ཡིག་ཏུའང་ཞིབ་པར་བཀོད་པས་འདིར་རྒྱས་བཤད་མི་བྱེད།
༢། གོང་གསལ་བཅའ་ཁྲིམས་སྒྲིག་འགལ་ལ་ལྟོས་མེད་ཀྱིས། སྤྱི་འཐུས་ལྷན་ཚོགས་ཀྱིས། ཕྱི་ལོ་༢༠༢༠ ཟླ་༩ ཚེས་༢༥ ཉིན་”ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དང་འགལ་བའི་ཆད་འགེལ་བྱས་པར་ངོས་ལེན་མེད་པའི་གསལ་བསྒྲགས་”སྤེལ་ཡོད། དེ་ནི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ལེའུ་བཅུ་གསུམ་པ། དོན་ཚན་གྱ་བཞི་པའི་ཁ་པའི་༢ པ། “ཁྲིམས་ཞིབ་ཁང་གི་བཅད་ཁྲའམ། བཀའ་ཁྲ། བཀའ་ཁྱབ། བཀའ་ཤོག བཀོད་འདོམས། བྱ་རིམ་གཞན་བཅས་གང་རུང་ལ་བརྩི་མེད་བྱེད་པ་བཅས་ཡིན།” ཞེས་པའི་འབྲུ་དོན་དང་འགལ་བ་དང་། སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལ་ངོས་ལེན་མི་བྱེད་པའི་ཁྱད་གསོད་བྱས་ཡོད་སྟབས། དེ་འབྲེལ་གྱི་ཆད་པ་འགེལ་དགོས། གནད་དོན་འདི་དང་འབྲེལ་ནས་གོང་སྨོས་སྤྱི་འཐུས་རྒྱུན་ལས་དེ་པ་ཁྲིམས་ཞིབ་ཁང་དུ་ཉན་ཞིབ་ཏུ་འབོད་འགུགས་བྱས་ཡོད་མོད། སྤྱི་འཐུས་ལྷན་ཚོགས་ལ་ད་དུང་ཆད་འགེལ་དང་བཀའ་ཁྱབ་གཉིས་པ་སོགས་གནང་མེད་པས། དེ་དོན་ཐག་གཅོད་གང་མགྱོགས་གནང་དགོས།
༣། སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་གཏོང་སའི་ཁྱབ་ཁོངས་སུ་མེད། ཅེས་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད། ཅེས་བཀོད་ཡོད། འོན་ཀྱང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག བོད་རྒྱལ་ལོ་ ༢༡༢༣ ཕྱི་ལོ་ ༡༩༩༦ གི་དགོངས་དོན་བཞིན་བཀོད་ཁྱབ་གནང་ཡོད། ཁྲིམས་ཡིག་འདིའི་དོན་ཚན་བཞི་པ། ཁྱབ་ཚད། ཀ) ཁྲིམས་ཡིག་འདིས་བོད་མིའི་སྒྲིག་འཛུགས་དང༌། དེའི་མངའ་ཁོངས་སུ་གཏོགས་པའི་བོད་མི་སྤྱི་སྒེར་ཡོངས་ལ་ཁྱབ་པ་ཡིན། ཞེས་གསལ་བར་བཀོད་ཡོད་པས། ཁྲིམས་བཟོ་བ་ཚོས་ཤེས་བཞིན་དུ་ཁྲིམས་ཡིག་དོན་ཚན་འདི་དང་འགལ་བ་མ་ཟད། དེ་འབྲེལ་གྱི་ལོག་བཤད་ཀྱང་བྱས་ཡོད་སྟབས། དེ་འབྲེལ་གྱི་མཇུག་གནོན་ངེས་པར་གནང་དགོས།
༤། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་༦ པའི་ཁ་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་ཁག་གཞིར་བཟུང་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། འགྲོ་ལུགས། སྒྲིག་གཞི་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་དང་འབྲེལ་གཏན་འབེབས་བྱུང་མཚམས་ནས་ལག་ལེན་བསྟར་རྒྱུའི་དབང་ཆ་ཡོད། ཅེས་གསལ་བ་ལྟར། སྐབས་དོན་ཁྲིམས་སྒྲིག་ལ་ཐག་གཅོད་དང་བཀོད་ཁྱབ་གནང་བར། སྤྱི་འཐུས་ལྷན་ཚོགས་ཀྱིས། “གནད་དོན་འདི་འབྲེལ་དགྲ་དགའ་གཉེན་སྡུག་སོགས་ཀྱི་དཀའ་རྙོག་བྱུང་རིགས་ཡོངས་རྫོགས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་རྣམས་ནས་འགན་ཁུར་དགོས་པ་བཅས།” ཞེས་ཁྲིམས་སྒྲིག་ལ་བརྩི་བཀུར་ཞུ་རྒྱུ་ལྟ་ཞོག ད་དུང་ཁྲིམས་ཞིབ་པ་རྣམས་ཀྱི་མཚན་དངོས་སུ་སྨོས་པ་དང་། ཁོང་རྣམ་པའི་ལྷག་བསམ་དང་ལས་དོན་བྱེད་ཕྱོགས་ལ་ངན་ཁག་དཀྲིས་པ་འདིས། བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་མ་བསྒྲུབས་པ་དང་། ཁྲིམས་ཡིག་ལ་བརྩི་བཀུར་དང་ཉམས་ལེན་ཞུ་དགོས་ཀྱི་བོད་ཀྱི་ཡུལ་མིའི་ལས་འགན་མ་བསྒྲུབས་པ་ཡིན་སྟབས། དེ་དོན་ཁྲིམས་ཀྱིས་ངེས་པར་ཐག་གཅོད་གཙང་སེལ་གནང་དགོས།
བཀའ་ཁྱབ་དང་ཁྲིམས་ཆད།
ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ནང་གོང་གསལ་སྤྱི་འཐུས་རྒྱུན་ལས་ ༡༡ ལ་ཕྱི་ལོ་༢༠༢༡ ཟླ་ ༣ ཚེས་༡༡ བར་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ ནང་གསལ་ལྟར་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་གནང་ཡོད་པ་དང་། དེ་དོན་འོས་བསྡུ་ལས་ཁུངས་སུ་བཀའ་ཁྱབ་འདི་ཉིད་ལག་བསྟར་དགོས་པའི་བཀའ་ཁྱབ་ཀྱང་ཕེབས་ཡོད། བཀའ་ཁྱབ་འདིའི་ནང་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་སྐྱིལ་ཞེས་གསལ་བ་ལས་གདམ་བྱའི་སྐོར་དངོས་སུ་མ་འཁོད་སྟབས། ཁྲིམས་ལུགས་མི་ཤེས་པ་མང་པོའི་སེམས་སུ་གོང་གསལ་སྤྱི་འཐུས་༡༡ པོ་འདི་དག་༢༠༢༡ ལོའི་འོས་གཞིར་ཞུགས་པའི་ཆ་རྐྱེན་ཚང་བར་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་སོ་བརྒྱད་པའི་ནང་གསེས་ ༨ སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་ལ། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ། ཞེས་གསལ་ཡོད་པས། འོས་བསྡུའི་སྒྲིག་གཞི་འདིའི་འོག་གོང་གསལ་སྤྱི་འཐུས་རྒྱུན་ལས་ཡོངས་རྫོགས་སྤྱི་འཐུས་འོས་མིར་ལངས་རྒྱུའི་འོས་ཆོས་མ་ཚང་བར་གྱུར་ཡོད། གནད་དོན་འདིའི་ཐོག་འོས་བསྡུ་ལས་ཁུངས་ནས་ཀྱང་ཐུགས་སྣང་ཆེར་བསྐྱེད་གནང་དགོས་ལ། ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ཁག་ལག་བསྟར་ཚུལ་བཞིན་གནང་དགོས། སྤྱི་འཐུས་ཀྱི་མཁྲེགས་འཛིན་དང་དཔུང་ཤུགས་ལ་བརྟེན་ནས་འོས་བསྡུ་ལས་ཁུངས་ཀྱིས་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དང་ལེན་གནང་རྒྱུར་ཀར་ཀོར་གནང་ཚེ། འོས་བསྡུ་ལས་ཁུངས་ཀྱང་བཀའ་ཁྱབ་དང་ལེན་མི་བྱེད་མཁན་ལ་འགྱུར་འགྲོ་བ་དང་། ཕྱི་ལོ་ ༢༠༢༡ གི་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ཁག་ཀྱང་དུས་དང་མཐུན་པར་འགྲོ་རྒྱུར་དཀའ་ངལ་འབྱུང་སྲིད།
ཁྲིམས་སྒྲིག་སྲུང་སྐྱོབ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་སྒྲིག་ཁག་ལ་བྱ་ར་བྱེད་རྒྱུ་ནི་ཁྲིམས་ཞིབ་ཁང་ལ་རང་ཆས་སུ་ཡོད་པའི་འགན་དབང་ཡིན་སྟབས། ཁྲིམས་སྒྲིག་སྲུང་སྐྱོབ་དང་། ཐག་གཅོད་ཇི་ཡོད་དུས་འགྱངས་མེད་པར་གནང་དགོས། ལྷག་པར་དུ་ཕྱི་ལོ་༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུའི་ལས་རིམ་འགོ་བཙུགས་ཟིན་སྟབས། འོས་བསྡུ་ལས་ཁུངས་ལ་བྱ་ལམ་བྱེད་བདེ་ཡོང་ཆེད། སྤྱི་འཐུས་རྒྱུན་ལས་དང་འོས་བསྡུ་ལས་ཁུངས་ལ་བཀོད་ཁྱབ་བསྐྱར་གཏོང་དགོས་རིགས་གང་མགྱོགས་གཏོང་གནང་གིས། འོས་བསྡུའི་ལས་རིམ་ལ་དོ་ཕོག་མི་ཡོང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ཁྲིམས་འགལ་རྙོག་གླེང་འདི་གང་མགྱོགས་འཁྲུན་ཐག་ཆོད་པ་གནང་དགོས།
དེ་བཞིན་མང་ཚོགས་ནས་ཀྱང་ཁྲིམས་ལུགས་ལ་སློབ་སྦྱོང་དང་། ཁྲིམས་ལུགས་ལ་དོ་སྣང་། ཁྲིམས་ལུགས་ཀྱིས་བསྐུར་བའི་འགན་དབང་ཁག་ཚུལ་བཞིན་ཉམས་སུ་བླངས་ཏེ། མ་མཐར་ཡང་བཀའ་ཁྱབ་དང་གསལ་བསྒྲགས་ཀྱི་ཁྱད་པར་ཙམ་ཞིག་འབྱེད་ཐུབ་པ་དགོས་སོ། །
མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།
བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེ་ནི་གོང་ན་མེད་པ་ཞིག་ཡིན་པ་ལྟར་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཆོས་ཚང་མིན་དོན་ཚན་རེ་རེ་བཞིན་ཞིབས་གཟིགས་དགོས་གལ་ཆེ་བ་མ་ཟད་དབུས་འོས་བསྡུ་ལྷན་ཁང་ནས་དམིགས་གསལ་ཐུགས་སྣང་གནང་སྟེ་འོས་མི་བཞེངས་མཁན་རྣམས་བཅའ་ཁྲིམས་ནང་གཏན་འབེབས་ཡོད་པའི་འོས་ཆོས་དོན་ཚན་རྣམས་ཚང་་མིན་ཞིབ་གཟིགས་གནང་གལ་ཆེ་བ་ཆགས་ཡོད་། འོས་ཆོས་དོན་ཚན་གཅིག་ནང་བཅའ་ཁྲིམས་དང་མ་འགལ་བ་ཞིག་དགོས་ཞེས་མཁོད་ཡོད་བསམ་པ་འདུག་། གལ་སྲིད་དེ་འདྲ་ཡིན་ན་སྙིང་རྗེ་ཚོགས་གཙོ་བགྲེས་གཞོན་གཉིས་དང་རྒྱུན་ལས་རྣམ་པ་ ༡༡ འདམ་བྱ་དང་འདེམས་འབྱེད་གཉིས་ཀ་མེད་པའི་བཟོ་འདྲ་མི་འདུག་གམ་། ད་གང་ལྟར་གནས་ཚུལ་ཞེ་དྲག་གི་ཐབས་སྡུག་རེད་། འདི་ནི་ཆེ་མཐོའི་ཁྲིམས་ཞིབ་ཁང་དང་ཁྲིམས་བཟོ་ལྷན་ཁང་གཉ྄ིས་དབར་འགལ་ཟླ་ཆེན་པོ་
( Constitutional Criss ) ཆགས་པ་སུས་ཐག་གཅོད་བྱས་རྟེ་ཞི་འཇམ་དང་འོས་བསྡུའི་ལས་རིམ་རྣམས་མུ་མཐུད་འཇུག་སྐྱོང་གནང་ཐུབ་ཀྱི་ཡོད་འགྲོ་ཞེས་རང་བཞིན་གི་དྲི་བ་དང་ཚོར་སྣང་སེམས་འཚབས་བཅས་རེད་།
བཅའ་ཁྲིམས་ཀྱི་དོན་ཚན་སོ་བརྒྱད་པའི་ནང་གསེས་ ༨ པར། སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་ལ། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ། ཞེས་པའི་དོན་ཚན་འདི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་ལྷན་ཚོགས་གཉིས་ནས་སྣང་མེད་ཤོར་བའི་དོན་ཚན་གཅིག་རེད། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ་ཞེས་གསལ་དུས། འོས་བསྡུ་ལས་ཁུངས་ནས་དེ་གལ་ཆེན་དུ་བརྩིས་ནས་འོས་འདེམས་བྱེད་མ་བཅུག་ན་འགྲིག་ཡོད་པ་རེད།
སྤྱི་འཐུས་ ༡༡ སྤྱི་འཐུས་འོས་མིར་བཞེངས་པའི་བདམས་བྱ་དང་འགལ་མེད་པ་བཅའ་ཁྲིམས་ཀྱི་དོན་ཚན་སོ་བརྒྱད་པའི་ནང་གསེས་ ༨ པར། (སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་ལ། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ།) ཞེས་གསལ་བ་ལྟར་ཁྲིམས་ཞིབ་ཁང་གི་ངོས་ནས་ཀྱང་བཀའ་ཁྱབ་ནང་འདེམ་བྱེད་དམིགས་སུ་བཀར་ཏེ་བཀག་སྐྱིལ་བྱས་པ་ལས་བདམས་བྱ་བཀག་མེད་པ་དེས་གསལ་བོར་བསྟན་ཡོད།
ཟླ་བ་ལྔ་པ་དང་རྒྱལ་བ་ལྔ་པ་ནོར་འདུག
སྙིང་རྗེ། རྩོམ་ཡིག་འབྲི་མཁན་ཞང་བློན་ཁྲིམས་དྲུང་དང་། འོག་ཏུ་མཆན་འགོད་མཁན་ཁྲིམས་དྲུང་བཙན་ནག་པ་གཉིས་ཀྱི་གོ་སྐབས་དང་ངོ་སོ་ཡོངས་སུ་ཤོར་ཚར་བ་རེད།
ཁྲིམས་ཡིག་གི་དངོས་བསྟན་(བདམས་བྱ་)ཡོད་བཞིན་དུ་བཅའ་ཁྲིམས་ཀྱི་དོན་ཚན་སོ་བརྒྱད་པའི་ནང་གསེས་ ༨ དེ་འུ་ཚུགས་ཀྱིས་བགྲང་ན་ཕན་ཐོགས་གང་ཡང་མེད། གནད་དོན་དེ་ཐེངས་འདིར་ཁྲིམས་ཞིབ་ཁང་གིས་བཀའ་ཁྱབ་བཏང་བའི་ནང་གི་འདེམ་བྱེད་ཟེར་བ་དེས་གསལ་བོར་བསྟན་ཡོད་སྟབས་ལྐུགས་པ་འུ་ཚིགས་འགྲོ་ས་མེད། ལྷག་དོན་དུ་ད་རེས་ཀྱི་གནད་དོན་དེ་ནག་ཉེས་criminal དང་འབྲེལ་བ་མེད་སྟབས་བཅའ་ཁྲིམས་དོན་ཚན་སོ་བརྒྱད་པའི་ནང་གསེས་ ༨ པ་དང་འབྲེལ་བ་གང་ཡང་མེད།
ད་རེས་སྤྱི་འཐུས་ ༡༡ ལ་ནག་ཉེས་གང་ཡང་མེད་པ་མ་ཟད་ཁྲིམས་དོན་གྱི་ཐད་ནས་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་མང་ཚོགས་ལ་མགོ་སྐོར་བསླུ་བྲིད་གཏོང་ས་མེད། བཅན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནང་དངོས་སུ་མི་གསལ་བའི་ཚིག་བརྗོད་དང་དོན་གནས་རིགས་ལ་འགྲེལ་བཤད་སྣ་ཚོགས་ཡོང་གི་ཡོད་ཀྱང་། ད་རེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ནང་འདེམ་བྱེད་ཅེས་གསལ་བོར་འཁོད་ཡོད་པ་དེས་གནད་དོན་ཚང་མ་ཐག་གཅོད་གཙང་མ་བྱས་ཡོད་པ་རེད།
བཅའ་ཁྲིམས་དོན་ཚན་སོ་བརྒྱད་པར་སྒྲིག་ཁྲིམས་གང་དང་ཡང་འགལ་ན་འོས་བསྡུར་ལངས་མི་ཆོག་པ་གསལ་ཡོད་པ་ལས། ནག་ཉེས་criminal བསགས་ཡོད་མེད་ཀྱི་སྐོར་དང་། སྒྲིག་འགལ་ཆེ་ཆུང་གི་སྐོར་གང་ཡང་བཀོད་མེད། ཚིག་འདི་འདྲ་ཞིག་ཁྱེར་ནས་ནང་དོན་འགྱུར་ཐབས་བྱེད་མཁན་ནི་ཁྲིམས་ལུགས་ཀྱི་ཤེས་ཚད་མེད་པ་དང་། ཁྲིམས་ལུགས་ལ་གུས་བརྩི་མེད་པའི་མི་དེ་རིགས་རེད།
ཞང་བློན་དཀའ་ལས་རེད་་་་སྤྱི་འཐུས་རྒྱུན་ལས་ནང་དམ་ཉམས་ལུང་པ་གང་་་་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་་་གཞུང་སེམས་མི་བརྟན་པའི་་་ཁྲིམས་དཔོན་དབུ་སྐོར་ཞུ་མཁན་གྱི་་་་དྲུང་ཆེ་སླེབས་ཡོད་པས་་་་་རུལ་བ་རྣམས་ནི་སོས་པ་དཀའ་་་་
བཀའ་ཁྱབ་འདིའི་ནང་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་སྐྱིལ་ཞེས་གསལ་བ་ལས་གདམ་བྱའི་སྐོར་དངོས་སུ་མ་འཁོད་སྟབས། ཁྲིམས་ལུགས་མི་ཤེས་པ་མང་པོའི་སེམས་སུ་གོང་གསལ་སྤྱི་འཐུས་༡༡ པོ་འདི་དག་༢༠༢༡ ལོའི་འོས་གཞིར་ཞུགས་པའི་ཆ་རྐྱེན་ཚང་བར་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་སོ་བརྒྱད་པའི་ནང་གསེས་ ༨ སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་ལ། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ། ཞེས་གསལ་ཡོད་པས།
ཉེན་ཁ་འདུག སྤྱི་འཐུས་རྒྱུན་ལས་རྣམས་ལོ་ལྔ་གུང་སེང་རེག་པ་འདུག ་
རྒྱུན་ལས་རྣམས་ལ་འདེམ་བྱ་དང་འདེམས་བྱེད་གཉིས་ཀ་འཕྲོག་དགོས་ངེས་རེད།
ཁྲིམས་ཞིབ་ཁང་ག་པར་ཁྲིམས་གཏུག་བྱེད་དགོས་རེད།
ད་རེས་སྤྱི་འཐུས་རྒྱུན་ལས་ལ་གྱོང་རེག་པ་རེད། ཁྲིམས་ཞིབ་ཁང་ཁྲིམས་གཏུག་བྱེད་ས་ཡོད་པ་མ་རེད་མ་གཏོགས་ཁྲིམས་ཞིབ་ཁང་ཁྲིམས་གཏུག་བྱེད་དགོས་པ་ཆགས་འདུག གང་ཡིན་ཟེར་ན་ད་རེས་ཁྲིམས་ཞིབ་ཁང་གིས་ཁྲིམས་འགལ་གཉིས་བྱས་ཡོད། དང་པོ་ཁྲིམས་ཞིབ་ཁང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་ཁྱབ་གཏོང་བའི་དབང་ཚད་ཡོད་པ་མ་རེད། ཉེ་ལམ་བཅད་ཁྲ་འདྲ་བོ་ཞིག་བཏང་བ་དེ་ཁྲིམས་འགལ་ཆགས་ཡོད། གཉིས་པ་ཁྲིམས་གཏུག་བྱེད་མཁན་མེད་པར་ཁྲིམས་ཞིབ་ཁང་གིས་དང་དུ་བླངས་ཏེ་སྤྱི་འཐུས་རྒྱུན་ལས་ཁྲིམས་ཐོག་ལ་དེད་དེ་མིང་མདོག་དང་ཉེས་འཛུགས་གང་བྱུང་བྱས་པ་དེ་ཁྲིམས་འགལ་ཆགས་ཡོད།
ཞང་བློན་ཟེར་བ་འདི་མགོ་འཚོས་མཁན་ཞིག་ཡིན་བསམ་སོང་སྟེ། དེ་རིང་མགོ་མ་འཚོས་ཁུལ་བྱས་བ་ཡིན་ནམ། ར་བཟི་བ་ཡིན་གང་ཤེས། ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་ ༡༡ ལ་ཁྱོད་ཚོས་མི་གཞན་འདེམ་མི་ཆོག་ཅེས་འདེམ་བྱེད་བཀག་སྐྱིལ་བྱས་ཡོད་པ་ལས། ཁྱོད་ཚོ་མི་གཞན་གྱིས་འདེམ་མི་ཆོག་ཅེས་བདམས་བྱ་བཀག་སྐྱིལ་བྱས་ཡོད་པ་མ་རེད།
བཙན་བྱོལ་བོད་མིའི་དཀྱིལ་འཁོར་གྱི་ནང་དུ་སྡོད་མཁན་ཞིག་ཡིན་ན་རང་མིང་གསལ་སྟོན་འོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་འགན་ཁུར་ནས་དཔྱད་རྩོམ་དང་མཆན་འདེབས་དགོས་པ་ལས་མིང་རྫུན་འོག་ཏུ་ཁ་དམག་རྒྱབ་ཐུབ་པ་ཙམ་གྱི་བཙན་བྱོལ་སྤྱི་ཚོགས་འདི་དྲང་བདེན་དང་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་འོག་ནམ་ཡང་གནས་ཐུབ་པ་དཀའ་བ་མ་རེད་དམ?
འདིའི་དྲ་འབུ་འགའ་ཤས་ནི་མེ་འབར་ཐོག་ལ་འབུད་ཤིང་སྣོན་མཁན་གྱི་གྲས་་ཡིན་པར་གདོན་མི་ཟའོ།།