དབུས་འོས་བསྡུ་ལས་ཁང་གིས་གསར་འགོད་གསལ་བསྒྲགས་སྐབས་བོད་རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུ་ལགས་ཀྱི་འོས་བསྡུ་ལས་ཁང་དང་འབྲེལ་བའི་རྫུན་གཏམ་བསྒྲགས་པར་རྩ་བ་ནས་ངོས་ལེན་མེད་སྐོར་གསུངས་སོང་།དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་ལས་འཕར་འགན་འཛིན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་རྣམ་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཏེ། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༥ བར་དང་། མིང་ཐོ་སྣོན་འཕྲི་སླད་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ ༣༠ བར་བོད་མི་འདུས་སྡོད་ཀྱི་འཛམ་གླིང་རྒྱལ་ཁབ་གྲངས་ ༢༦ དང་ས་གནས་འོས་བསྡུ་ལས་ཁང་གྲངས་ ༥༨ ཀྱིས་མི་མང་གི་མིང་ཐོ་དེབ་སྐྱེལ་གྱི་ཕྱག་ལས་གནང་སྟེ། རྒྱ་གར་ནང་འོས་འཕེན་མཁན་ཁྱོན་ ༥༥༦༨༣ དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་འོས་འཕེན་མཁན་ ༢༤༠༧༤ བཅས་ཁྱོན་བསྡོམས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ནང་ཆ་ཤས་བཞེས་མཁན་མི་གྲངས་ ༧༩༦ ༩༧ བྱུང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༣ ནས་ ༢༨ བར་ཉིན་གྲངས་ལྔའི་རིང་མིང་གཞུང་དེབ་འགོད་བྱ་འདོད་ཡོད་རིགས་ལ་ཐེངས་གཉིས་པའི་གོ་སྐབས་འབུལ་གཏན་འཁེལ་འདུག ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུ་ཆེན་མོར་མཚོན་ན་དེབ་སྐྱེལ་བྱེད་མཁན་ཁྱོན་མི་གྲངས་ ༩༠༣༧༧ བྱུང་ཡོད་པ་དང་། དངོས་སུ་འོས་འཕེན་མཁན་མི་གྲངས་ཁྱོན་ ༥༦༦༡༥ མ་གཏོགས་བྱུང་མེད་པ་རེད།
གསར་འགོད་གསལ་བསྒྲགས་སྐབས་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས། བཙན་བྱོལ་བོད་མིའི་འོས་ལསྡུའི་སྒྲིག་གཞི་དོན་ཚན་ ༡༨ ནང་གསེས་ ༣ པའི་དགོངས་དོན། ༼ས་གནས་སོ་སོའི་འོས་བསྡུའི་མིང་གཞུང་དེབ་འགོད་འགན་འཛིན་བསྐོ་བཞག་གཏན་འབེབས་བྱེད་མཚམས་དོན་ཚད ༧ ནང་གསེས་ ༣ པའི་འོག་བརྗོད་དོན་ཁག་གཞིར་བཟུང་། འོས་འཕེན་པའི་མིང་གཞུང་དེབ་འགོད་འགན་འཛིན་ནས་ས་གནས་མི་མང་གི་མིང་གཞུང་སྔོན་ཡོད་ཁག་གཞིར་བཟུང་དག་བཤེར་བྱེད་པའམ། གསར་དུ་དེབ་བསྐྱེལ་བྱ་རྒྱུའི་ལས་དོན་གསར་དུ་འགོ་འཛུགས་དགོས། ༽ ཞེས་གསལ་བ་བཞིན། འོས་འཕེན་པའི་མིང་གཞུང་དེབ་འགོད་གསར་དུ་ཞུ་གཏན་འཁེལ་བ་ལྟར་ས་གཞི་ལག་བསྟར་ཞུ་སྐབས། འཛམ་གླིང་ཁྱོན་ཡོངས་ནང་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཚབས་ཆེན་ཁྱབ་མིན་ལ་མ་ལྟོས་པར། བོད་བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་མང་ཚོགས་ནས་འཛིན་སྐྱོང་འགན་འཛིན་དང༌། ཁྲིམས་བཟོ་ལྷན་ཚོགས་བཅས་གསང་འདེམས་ཞུ་རྒྱུའི་རྨང་གཞི་ལྟ་བུ་འོས་འཕེན་པའི་མིང་གཞུང་དེབ་འགོད་དང་འབྲེལ་བའི་ཕྱག་ལས་གནང་སྒོ་ཁག་ས་གནས་འོས་བསྡུ་ཚོགས་ཆུང་ཁག་ནས་ཚགས་ཚུད་དང་། ས་གནས་ཕལ་མོ་ཆེ་ནས་དུས་ཐོག་ཕུལ་འབྱོར་བྱུང་བར་དབུས་འོས་བསྡུ་ལས་ཁང་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་ཆེའི་མང་ཚོགས་ནས་ཀྱང་ཐུགས་འཁུར་ཆེར་བསྐྱེད་ཐོག་དམངས་གཙོའི་ལམ་ལུགས་ནང་ཧ་ཅང་གལ་གནད་ཆེ་བའི་ཐོབ་ཐང་དང༌། ལས་འགན་རླབས་ཆེན་འོས་བསྡུ་ཆེན་མོའི་ནང་ཆ་ཤས་བཞེས་ཆེད་མིང་གཞུང་དེབ་འགོད་གནང་རྒྱུར་ཐུགས་འགན་ཆེར་བསྐྱེད་ཐོག་མཉམ་ཞུགས་གནང་བར་ལེགས་གསོལ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།
གཞན་ཡང་། ཉེ་སྔོན་བོད་རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུ་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་བརྒྱུད། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་དུས་ཡུན་སྐར་མ་ ༡༦ ལྷག་ཡོད་པའི་གཏམ་བཤད་ཅིག་གནང་ཡོད་པའི་ནང་གི་གནད་དོན་ཁག་ཅིག་གི་ཐོག་དབུས་འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་གསལ་བཤད་དང་འབོད་སྐུལ་ཞིག་གནང་སོང་། དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས། བཅའ་ཁྲིམས་དོན་ཚན་ ༡༢ ནང་གསེས་ ༡༢ དགོངས་དོན་ལྟར་བོད་ཀྱི་ཆབ་འབངས་ཡིན་ཕྱིན་སྨྲ་བརྗོད་དང་གཏམ་བརྗོད་རང་དབང་ཆ་ཚང་ཡོད་པ་ལྟར། ཉེ་སྔོན་ཕྱི་ཚེས་ ༡༡ ཉིན་འཇམ་དབྱངས་ནོར་བུ་ཞུ་བ་ཞིག་གིས། སྤྱི་ཚོགས་དྲ་རྒྱའི་སྟེང་དངོས་ཡོད་དང་མི་མཐུན་པའི་གནས་ཚུལ་མང་དག་ཅིག་ཞུས་བསྡད་ཀྱི་འདུག དབུས་འོས་བསྡུ་ལས་ཁང་དང་འབྲེལ་བའི་དོན་ཚན་གཉིས་ཀྱི་ཐོག་ཁོ་རང་གིས་ཧ་ཅང་ཐལ་ཆེ་བའི་གཏམ་བཤད་གནང་འདུག དེར་བརྟེན། དེ་རིང་ང་ཚོས་ཁོའི་སྐད་ཆ་དེ་ཚོ་མ་མཁྱེན་པའི་ངོ་བོའི་ཐོག་ནས་གསུང་གི་ཡོད་ཚེ་གསལ་བཤད་དང་མཁྱེན་པའི་ཐོག་ནས་ཚོད་རྩིས་གནང་གི་ཡོད་ཚེ་དེར་དགག་ལན་གནང་གི་ཡོད་ཞུ་རྒྱུ་ཡིན། ཁོས་སྲིད་སྐྱོང་གི་འོས་བསྡུའི་གནས་སྟངས་ཐད་རང་བཙན་གྱི་ལྟ་བ་འཁུར་མཁན་ཚོར་ཇུས་གཏོགས་མེད་པར་བཟོ་བ་དང་དབུ་མའི་ལམ་ལ་རང་མགོ་རང་སེལ་བྱེད་རྒྱུ་ཡོད་པའི་སྲིད་བྱུས་བཟུང་བསྡད་ཡོད་པ་རེད་ཅེས་ཁོ་རང་གིས་གསུངས་འདུགདེའི་ལུང་འདྲེན་དེ་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་གསུངས་པ་ཞིག་ཆགས་འདུག དེར་བརྟེན། དེ་རིང་ངས་མར་གཞུང་འབྲེལ་ཐོག་ནས་གསལ་པོ་བྱས་ནས་སྙན་གསེང་ཞུ་རྒྱུ་ཞིག་ལ། ཕྱི་ལོ་ ༢༠༡༦ ལོའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་དང་སྲིད་སྐྱོང་གི་སྔོན་འགྲོའི་འོས་མི་འདེམས་སྒྲུག་གི་དུས་ཚོད་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༨ ཉིན་མོ་ཆགས་ཀྱི་འདུག སྐབས་དེའི་འོས་བསྡུ་ལྷན་ཁང་གི་ངོས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༩ ཉིན་དོན་ཚན་གཉིས་ཅན་གྱི་གྲོས་ཆོད་ཅིག་བཞག་སྟེ། དོན་ཚན་དང་པོ་འོས་བསྡུའི་དོན་ཚན་ ༤༩ ནང་གསེས་ལྟར་བོད་མི་མང་སྤྱི་འཐུས་ཀྱི་གྲངས་ཚད་གསུམ་ལྡབ་ལས་མི་ཉུང་བ་འདོན་རྒྱུ་དང་དངོས་གཞིའི་སྐབས་གཉིས་ལྡབ་ལས་མི་ཉུང་བ་ཞིག་འདོན་རྒྱུ་ཁྲིམས་ལྟར་བྱས་པ་རེད།
དོན་ཚན་གཉིས་པ་དེར་འོས་བསྡུའི་སྒྲིག་གཞི་དོན་ཚོན་ ༦༧ པའི་ནང་གསེས་ལྟར་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཏན་འབེབ་གསལ་བསྒྲགས་མ་བྱས་སྔོན་འོས་མི་དྲུག་འདོན་རྒྱུ་དང་དངོས་གཞིའི་འོས་གཞིའི་སྐབས་འོས་མི་གཉིས་འདོན་རྒྱུ་བྱས། གལ་སྲིད་འོས་མི་གཉིས་པ་དང་གསུམ་པའི་བར་འོས་ཤོག་གི་བརྒྱ་ཆ་ ༢༠ ལས་ཉུང་བ་ཡིན་ཚེ་དངོས་གཞིའི་སྐབས་འོས་མི་གསུམ་འདོན་རྒྱུ་ཡིན་ལབ་སྟེ། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༩ ཉིན་གཏན་འབེབ་དང་གསལ་བསྒྲགས་བྱས་པ་རེད། དེ་བཞིན། དཔེར་ན་དེའི་སྐབས་ཀྱི་འོས་ཤོག་གི་གནས་སྟངས་ཞུས་པ་ཡིན་ན། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༠ མ་གཏོགས་དབུས་འོས་བསྡུ་ལས་ཁང་ལ་འོས་ཤོག་གྲངས་བཤེར་གྱི་དུས་ཚོད་བསླེབས་ཡོད་པ་མ་རེད། དེ་འདྲ་བསླེབས་ཀྱི་མེད་པ་ཞིག་འོས་བསྡུ་ལས་ཁང་ལ་ཁག་དཀྲིས་བྱས་ཏེ་ལྟ་བ་གང་ཞིག་ལ་བཀག་སྡོམ་བྱེད་ཀྱི་འདུག་གསུངས་པ་ཡིན་ན་ཧ་ཅང་ཐལ་དྲགས་པའི་བཀའ་མོལ་རེད། དེར་བརྟེན། དབུས་འོས་བསྡུ་ལས་ཁང་འདི་འོས་བསྡུ་བྱེད་རྒྱུ་མ་གཏོགས་ལྟ་བ་དང་ཕྱོགས་གཏོགས་ལ་ངོས་འཛིན་ཞུ་རྒྱུའི་གནས་སྟངས་ཤིག་རྩ་བ་ཉིད་ནས་མེད། ང་ཚོའི་བཅའ་ཁྲིམས་དོན་ཚན་ ༩༦ པའི་དགོངས་དོན་ལྟར། འོས་བསྡུ་ལས་ཁང་ནི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་དང་འབྲེལ་བའི་འོས་བསྡུའི་ལས་རིམ་ཆེད་རང་དབང་ཅན་གྱི་སྡེ་ཚན་ཞིག་དགོས་ཀྱི་འདུག་ལབ་ནས་བཙུགས་བཞག་པ་ཞིག་རེད། དེར་བརྟེན། ང་ཚོས་ཕྱོགས་རང་འགའ་བ་ཞིག་ལ་ཕྱོགས་གཏོགས་བྱེད་རྒྱུ་ནི་རྨི་ལམ་ལའང་འཁོར་མི་སྲིད་པའི་གནད་དོན་ཞིག་རེད། འཇམ་དབྱངས་ནོར་བུས་བརྙན་བཟོས་ཏེ་མང་ཚོགས་ནང་ལོག་འགྲེལ་གནང་བར་འབད་བརྩོན་བྱེད་བཞིན་པར་དབུས་འོས་བསྡུ་ལས་ཁུངས་ནས་ངོས་ལེན་རྩ་བ་ཉིད་ནས་མེད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
ཡང་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་རྒྱལ་དར་བཀོལ་སྤྱོད་མི་ཆོག་པའི་གནས་ཚུལ་དེའི་ཐད་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས། ཕྱི་ལོ་ ༢༠༢༠ ཚེས་ ༨ ཚེས་ ༥ ཉིན་ང་ཚོས་གསར་འགོད་གསལ་བསྒྲགས་ཐོག་མ་སྤེལ་ཡོད། སྐབས་དེ་དུས་ང་ཚོས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་མིར་བཞེངས་མཁན་ཚོར་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དོན་ཚན་ ༡༢ ཅན་ཞིག་བཏང་ཡོད། དེའི་དོན་ཚན་དང་པོའི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མཁན་རྣམས་ཀྱིས་འོས་བསྡུའི་རྒྱལ་ཁ་འཐོབ་ཆེད་དྲིལ་བསྒྲགས་ཡིག་ཆའི་སྟེང་༧གོང་ས་མཆོག་གི་སྐུ་པར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། བོད་ཀྱི་ས་ཁྲ་སོགས་གང་དུའང་བེད་སྤྱོད་བྱས་མི་ཆོག་ཞུས་ཡོད། དེས་ང་ཚོ་བོད་ཀྱི་རྒྱལ་ཁབ་མཚོན་གྱི་མེད་པའི་གནས་སྟངས་ཤིག་རྩ་བ་རང་ནས་མ་རེད་ལ། དེ་ནི་རྨི་ལམ་ལའང་གཏང་མི་སྲིད་པ་ཞིག་རེད། རྒྱལ་དར་བེད་སྤྱོད་བྱེད་མི་ཆོག་པ་དེ་རྒྱལ་ཁབ་མཚོན་ཐབས་བྱེད་ཀྱི་མེད་པའི་ལོག་བཤད་ཅིག་གནང་འདུག ང་ཚོས་༧གོང་ས་མཆོག་གི་སྐུ་པར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་བོད་ཀྱི་ས་ཁྲ་སོགས་ཆབ་སྲིད་པས་སོ་སོའི་འོས་བསྡུར་རྒྱལ་ཁ་འཐོབ་ཆེད་བེད་སྤྱོད་བྱས་ཆོག་གི་མ་རེད་ལབ་ཡོད། དེའི་རྒྱུ་མཚན་ནི་ཁོ་ཚོ་ནི་ང་རང་ཚོར་ངོམ་རྒྱུ་ཡོད་པ་དང་བོད་མི་སྤྱིའི་གོང་བཀུར་ཡོད་ས་ཡིན་པས་དེ་དག་གི་མཚན་སྙན་སྲུང་སྐྱོབ་དང་གོང་བཀུར་ཞུ་སླད་ཡིན། སྤྱི་ཡོངས་ཐོག་ནས་བོད་ཀྱི་རྒྱལ་དར་འཕྱར་མ་ཆོག་པ་དེ་འདྲ་མ་རེད། དེར་བརྟེན། གནད་དོན་འདི་ཚོའི་ཐོག་ལོག་བཤད་ཤུགས་ཆེན་པོ་བྱས་ཏེ་ཁྱབ་བརྡལ་འགྲོ་ཡི་འདུག ཅེས་གསུངས་སོང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།
མི་དམངས་ཀྱི་བསམས་ཚུལ་ལ་ལན་འདེབས་བྱེད་སྟངས་དེ་ལ་ལྟ་ན་བོད་རང་བཙན་ཐོབ་ཡང་ཕན་ཐོག་ཡོང་ས་མ་རེད་།
དབུས་བསྡུ་ལྷན་ཁང་ལ་དྲི།
སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ལངས་མཁན་རྣམ་གྱི།
བོད་ཀྱི་རྒྱལ་དར་བེད་སྐྱོད་བྱེད་ན་སྐྱོན་ཆ་གང་དང་གང་ཡོད་?
མཁན་དབང་མཇའ་དབྱངས་ནོར་བུ་ལ་ལན་འདེབས་བྱེད་སྟངས་དེ་ལ་ངོ་རྒོད་ཡོད་།
།དབུ་འོས་བསྡུ་ལྷན་ཁང་ལ་དྲི་བ།
སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ལངས་མཁན་རྣམ་གྱིས།
བོད་ཀྱི་རྒྱལ་དར་དང་ས་ཁྲ་བེད་སྤྱོད་བྱེད་ན་སྐྱོན་ཆ་གང་དང་གང་ཡོད་?།
མཁན་དབང་མཇའ་དབྱངས་ནོར་བུ་ལ་རྒྱབ་སྐྱོར་ཡོད་།
དབུ་བསྡུ་ལྷན་ཁང་ལ་དྲི་བ།
སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ལངས་མཁན་རྣམ་གྱི།
བོད་ཀྱི་རྒྱལ་དར་དང་ས་ཁྲ་བེད་སྤྱོད་བྱེད་ན་སྐྱོན་ཆ་གང་དང་གང་ཡོད་?
སྲིད་འཛིན་འམ་སྲིད་བློ་འོས་མི་ལངས་མཁན་གྱིས་རང་གི་རྒྱལ་ཁབ་ཀྱི་རྒྱལ་དར་བེད་སྤྱོད་བྱེད་མི་མཆོག་ལབ་མཁན་རྒྱལ་ཁབ་གཞི་ཡོད་དམ་།ཡོད་ན་རྒྱལ་ཁབ་དེ་སུ་རེད་?
མཁན་དབང་མཇའ་དབྱངས་ནོར་བུ་ལགས་ཀྱི་བཀའ་མོས་ལ་རྒྱུ་ཚེན་འདུག།་འོས་བསྡུ་ལྷན་ཁང་གི།
ལན་འདེབས་དེ་ལ་ཐར་གཅུ་དུ་ངོ་རྒོད་ཡོད་།
དབུས་འོས་བསྡུ་ལས་ཁུངས་ཀྱི་གསར་འགོད་གསལ་བསྒྲགས་སྐབས་བོད་རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུ་ལགས་ཀྱི་འོས་བསྡུ་དང་འབྲེལ་བའི་སྐད་ཆ་རྣམས་ཁོངས་མེད་ཡིན་པས་རྩ་བ་ནས་ངོས་ལེན་ཅེས་གསུངས་སོང་། དབུས་་་་་་་རྩ་བ་ནས་ངོས་(མི)་ལེན་ཅེས་གསུངས་སོང་།