སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༡་ཚེས་༣་ཉིན་ལ་འཛམ་གླིང་ས་ཆ་གང་སར་གནས་པའི་བཙན་བྱོལ་བོད་མི་ཁྲི་དགུ་ཙམ་གྱིས་ལོ་རྒྱུས་རང་བཞིན་ལྡན་པའི་འོས་ཤོག་འཕེན་གི་ཡོད་ལ། འོས་མི་དྲིལ་བསྒྲགས་ལ་རྒྱབ་སྐྱོར་བ་ཚོས་བརྡ་ཁྱབ་པར་རིས་དང་སྦྱར་ཡིག གཏམ་བཤད་སོགས་སྤེལ་ཏེ་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་པའི་རྣམ་པ་དེ་འཚུབ་ཆ་ཆེན་པོ་འདུག ཡིན་ན་ཡང་ཐོག་མར་གནད་དོན་འདི་དག་མ་གླེང་བའི་སྔོན་ལ་མི་མང་པོས་ང་ལ་ཡིད་ཆེས་བྱེད་དགོས་དོན་ཅི་ཡིན་ཐད་ནས་ངས་རང་ཉིད་སུ་ཡིན་ངོ་སྤྲོད་ཞུ་རྒྱུ་ཡིན། ངའི་མིང་ལ་སྐལ་བཟང་རིན་ཆེན་ཟེར་ཞིང་། འདིར་ངས་འོས་མི་གང་རུང་ལ་ཆེད་དུ་རྒྱབ་སྐྱོར་ཞུ་བཞིན་པ་མིན་པར། གུས་པ་ནི་རང་དབང་གི་དབྱིན་ཡིག་གསར་ཁང་phayul.com, ཕ་ཡུལ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དབྱིན་ཡིག་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་བྱས་མྱོང་བ་བཅས་ལོ་ངོ་༢༠་ལྷག་ལ་བོད་དང་བོད་མིའི་ཆབ་སྲིད་གནད་དོན་དང་འབྲེལ་བའི་གསར་འགོད་ལས་ཀ་བྱས་མྱོང་མཁན་ཞིག་དང་། གསར་འགོད་རིག་པའི་ཆེད་ལས་སློབ་སྦྱོང་བྱས་མྱོང་བ་བཅས་གསར་འགོད་ལས་རིགས་ལ་བརྩི་བཀུར་དང་ཆེས་མཐོང་ཡོད་པའི་གསར་འགོད་པ་ཞིག་ཡིན། ཡིན་ན་ཡང་། ང་ནི་རྒྱལ་སྤྱིའི་གསར་ཁང་ཁག་གི་རྩོམ་སྒྲིག་པ་ཚོ་ལྟར་རང་གི་ལྟ་བ་གཙུགས་ཆེན་བཟུང་ནས་གནས་ཚུལ་སྤེམ་མཁན་གྱི་རིགས་མ་ཡིན་པར། གནས་ཚུལ་གང་ཡིན་མི་མང་ལ་ངོ་སྤྲོད་དང་དེའི་ཐོག་ལ་བསམ་ཚུལ་གང་ཡོད་མི་མང་གི་ལག་ཏུ་སྤྲོད་མཁན་རིགས་ཡིན། ང་ནི་ད་ལྟའི་དུས་ཚོད་ལ་གསར་འགོད་པ་ཚོས་གནད་དོན་གང་རུང་ཐོག་ལ་གསར་འགོད་པ་རང་གི་ལྟ་བ་གཙོ་བོ་སྤེལ་ཐབས་བྱེད་བཞིན་པ་དེ་ཚོར་འདོད་པ་མེད་མཁན་ཞིག་ཡིན། ང་རང་ལ་མཚོན་ན། ཆོས་ལུགས་དང་ཆབ་སྲིད་སོགས་དང་འབྲེལ་བའི་གནད་དོན་གང་རུང་ཇི་མ་ཇི་བཞིན་དུ་གནས་ཚུལ་སྤེལ་མཁན་ཞིག་ཡིན་ལ། འདི་ནི་ང་རང་གི་གསར་འགོད་པའི་རྩ་དོན་ཡིན་པ་མ་ཟད། ངས་གསར་འགོད་པ་ཚོར་ཡང་འདི་ལྟར་སྐུལ་མ་བྱེད་བཞིན་ཡོད།
འོས་བསྡུའི་སྐོར་ནས་བཤད་ན། བོད་ཀྱི་ཆེས་མཐོའི་ཆབ་སྲིད་ཀྱི་གོ་གནས་ལ་རྩོད་ལེན་བྱེད་མཁན་ཁོངས་སུ་བོད་ཀྱི་བུད་མེད་བཀའ་བློན་ཟུར་པ་ཞིག་ཚུད་པའི་འོས་མི་ཁག་ཅིག་བྱུང་གི་ཡོད་པ་དང་། སྔོན་འགྲོའི་འོས་བསྡུའི་ཆེད་ཧིན་སྒོར་འབུམ་ ༢༢ ནས་འབུམ་ ༢༦བར་ལ་འགྲོ་གྲོན་གཏོང་གི་ཡོད་པ་འདི་ནི་རྒྱལ་སྤྱིའི་རོགས་དངུལ་ལ་བརྟེན་པའི་བཙན་བྱོལ་སྒྲིག་འཛུགས་ཤིག་ལ་མཚོན་ན་འགྲོ་གྲོན་གྱི་མ་དངུལ་དེ་ཆུང་ཆུང་མ་ཡིན་པར་ཆེན་པོ་ཞིག་རེད།
ད་ལྟའི་བཙན་བྱོལ་བོད་མིའི་འོས་བསྡུའི་ལམ་ལུགས་ལ་སྐྱོན་ཆ་ཁ་ཤས་ཤིག་ཡོད་པ་དེར་མ་འོངས་པའི་སྤྱི་འཐུས་ཚོས་ངེས་པར་དུ་བཙན་བྱོལ་བོད་མི་གང་མང་ཞིག་གིས་འོས་བསྡུའི་ཆ་ཤས་བཞེས་རྒྱུའི་དམིགས་ཡུལ་གཙོ་བོ་འཛིན་པའི་ཐོག་འོས་བསྡུའི་ལམ་ལུགས་ལ་གྲོས་བསྡུར་གྱིས་བསྐྱར་ཞིབ་བྱ་གལ་ཆེ། སྤྱིར་དེ་སྔོན་གྲོས་ཚོགས་སུ་འོས་བསྡུའི་ལམ་ལུགས་ཐད་ལ་བསྐྱར་ཞིབ་དང་གྲོས་བསྡུར་གནང་མྱོང་བ་ལས། ད་ལྟའི་འོས་བསྡུའི་ལམ་ལུགས་ཁྲོད་དུ་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འོས་མི་འདོན་ཆོག་གི་མེད་པ་དང་། འོས་མི་གང་རུང་ལ་རྒྱབ་སྐྱོར་བྱ་ཆོག་གི་མེད་པའི་ཁྲིམས་གཞི་གཏན་འབེབས་འདི་ནི་ད་ལྟའི་གྲོས་ཚོགས་ཀྱི་དུས་ཡུན་ལ་གཏན་འབེབས་བྱས་པ་ཞིག་རེད། གུས་པའི་ངོས་ནས། གྲོས་ཆོད་འདིར་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་འཐུས་ཚོས་བསམ་པ་རྣམ་དག་དང་ལྷག་བསམ་ཟོལ་མེད་ཀྱིས་སྤྱི་ཚོགས་ཀྱི་དཀའ་གནད་སེལ་བའི་ཆེད་དུ་རྒྱབ་སྐྱོར་དང་གཏན་འབེབས་བྱས་པ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་ན་ཡང་། འདི་ནི་དཀའ་གནད་ཅིག་སེལ་བར་ཕྱོགས་ཡོངས་ལ་བསམ་ཞིབ་ཀྱིས་ཐག་གཅོད་བྱེད་སྟངས་ཤིག་མ་ཡིན་པར། དཀའ་ངལ་གང་རུང་སེལ་བར་ཕྱིར་བསྣུར་དང་རྒྱང་བཀྱེད། ཡང་ན་ལམ་སེང་མེད་པར་གཏོང་བའི་གོམས་གཤིས་དེ་ལས་བྱུང་བ་ཞིག་ཡིན་པར་སྣང་། ངས་རྒྱུན་རིང་ལ་ཐག་གཅོད་བྱེད་སྟངས་ཀྱི་བོད་པའི་གཤིས་ཀ་འདི་ལ་བསམ་ཞིབ་བྱེད་སྐབས། ཐག་གཅོད་བྱེད་སྟངས་འདི་བོད་མིའི་སྒྲིག་འཛུགས་ཙམ་མ་ཡིན་པར་བོད་པའི་ཚོགས་སྡེ་ཁག་ཏུ་ཡང་མང་དུ་མཐོང་རྒྱུ་འདུག
འོས་བསྡུ་སྔ་མའི་སྐབས་སུ་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་འོས་མི་གང་རུང་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་དེ་ཡིས་སྤྱི་ཚོགས་སུ་རྡོག་རྩ་གཅིག་སྒྲིལ་ལ་གནོད་པ་བཏང་སོང་ཞེས་པའི་སྐད་ཆ་འདི་དག་ཞིབ་འཇུག་གི་གྲུབ་དོན་གང་འདྲ་ཞིག་ལ་བརྟེན་ནས་བྱུང་བ་རེད་དམ། ཚོགས་པ་ཁག་གིས་འོས་མི་གང་རུང་ལ་རྒྱབ་སྐྱོར་གྱི་དྲིལ་བསྒྲགས་བྱས་པ་དེ་ཡིས་འོས་འཕེན་པ་ཚོར་ཤུགས་རྐྱེན་ཐེབས་སྲིད་པར་དགོངས་པ་རེད་དམ། ངས་ནི་རྒྱུ་མཚན་གང་ཡིན་ཤེས་མ་སོང་། མདོར་དྲིལ་ན་ངས་བརྗོད་འདོད་པ་ནི་ང་ཚོའི་སྤྱི་ཚོགས་སུ་དཀའ་རྙོག་གང་རུང་ལ་ཕྱོགས་མང་པོ་དང་ཕུགས་རྒྱང་རིང་བའི་བསམ་ཞིབ་བྱས་ཏེ་གདོང་ལེན་བྱ་རྒྱུའི་འདུན་པ་མེད་པར། དཀའ་རྙོག་གི་རྩ་བ་གཡུགས་ཏེ་ཡལ་གར་འཇུས་ནས་གནས་སྐབས་ཞི་འཇགས་གཏོང་ཐབས་ཀྱི་རང་རེའི་བོད་མིའི་གོམས་གཤིས་ཤིག་ཏུ་མཐོང་སོང་། མ་གཞི་ནས་འོས་བསྡུའི་ལམ་ལུགས་ཀྱི་སྒྲིག་ཁྲིམས་གཏན་འབེབས་འདི་ནི་སྤྱི་འཐུས་ཚོས་སྤྱི་འཐུས་རང་ཉིད་ཀྱི་མ་འོངས་པའི་འོས་བསྡུའི་མདུན་ལམ་ལ་ཐག་གཅོད་བྱེད་བཞིན་པ་འདྲ་བོ་མཐོང་བས་འདི་ནི་ཅུང་ཡ་མཚར་དགོས་པ་འདྲ་མཐོང་སོང་།
ད་ལྟའི་འོས་བསྡུའི་ལམ་ལུགས་ཀྱི་སྒྲིག་གཞི་ལྟར་ན། སྔོན་འགྲོའི་འོས་བསྡུའི་སྐབས་སུ་འོས་མི་གང་རུང་གི་མཚན་དང་ས་གནས་སོགས་ཀྱི་ཡིག་ཆ་སྐོང་རྒྱུར་འོས་འཕེན་མཁན་གྱི་མི་མང་རང་གིས་འགན་ཆ་ཚང་ལེན་དགོས་པར་བརྟེན། འོས་ཤོག་མང་པོ་ཞིག་འཕྲོ་བརླག་དང་རྩིས་མེད་ཤོར་ངེས་པར་གུས་པ་དངངས་འཚབ་ཡོང་གི་འདུག སྤྱིར་ཡིན་ན་འོས་བསྡུ་ལྷན་ཁང་གིས་སྔོན་འགྲོའི་འོས་བསྡུ་མ་བྱེད་པའི་ཉིན་གཅིག་གཉིས་སྔོན་ལ་སྔོན་འགྲོའི་འོས་ཁོངས་ལ་ཞུགས་མཁན་འོས་མི་ཁག་གི་མཚན་དང་ས་གནས་བསྡུ་རུབ་ཀྱིས་སྔོན་འགྲོའི་འོས་བསྡུ་ལ་འོས་ཤོག་འཕེན་སྐབས་མི་མང་གིས་རྟགས་འགོད་རྒྱུ་ལས་མེད་པ་ཡིན་ན། འོས་ཤོག་འཕྲོ་བརླག་ལ་མི་འགྲོ་བའི་དགེ་མཚན་ཆེ་ཡང་། ཐེངས་འདིའི་འོས་བསྡུའི་སྐབས་སུ་ཁྲིམས་གཞི་འདི་འདྲ་ལག་ལེན་བསྟར་བར་འགྲོ་གྲོན་འཕར་མ་གཏོང་དགོས་པ་ལ་སོགས་པ་གྲོས་ཚོགས་ཀྱི་སྔོན་རྩིས་ནང་དུ་གཏན་འབེབས་བྱ་དགོས་དུས་ཐེངས་འདིའི་འོས་བསྡུ་ལ་དེ་ལྟར་བྱུང་ཐབས་མེད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལས་བཀའ་ཤག་གིས་ལས་གཞི་གང་རུང་ཞིག་ལ་མ་དངུལ་ག་ཚོད་གཏོང་མིན་བཅས་ནི་སྤྱི་འཐུས་གྲོས་ཚོགས་ཀྱིས་གྲོས་མཐུན་བྱུང་རྗེས་གཏན་འབེབས་ལས་བྱུང་གི་ཡོད་པ་དང་། མ་དངུལ་གྱི་རྩིས་ཁྲ་སོགས་རང་དབང་ལྡན་པའི་རྩིས་ཞིབ་ལས་ཁུངས་བརྒྱུད་དེ་འགྲོ་དགོས་པ་བཅས་ལས་བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་བཀའ་ཤག་དང་སྐབས་སྔོན་མའི་བཀའ་ཤག་སོགས་སུ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེ་འབྱུང་མི་སྲིད་པ་ཞིག་ཡིན་པ་དེ་མི་མང་གིས་ཡིད་ཆེས་གནང་ཆོག་གི་ཡོད་པ་ཞིག་ཡིན་ན་ཡང་། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་སུ་རྡོག་རྩ་གཅིག་སྒྲིལ་མེད་པའི་སྐད་ཆ་བཤད་བཞིན་པ་དེ་ཇི་ལྟར་ཡོང་གི་འདུག་ཅེས་ན་དེ་ནི་སྤྱི་ཚོགས་དྲ་བའི་སྟེང་ལ་མི་ཁག་ཅིག་གིས་གནས་ཚུལ་གང་རུང་ཞིག་གི་ཐོག་ལ་བསམ་ཚུལ་ཁོ་ན་སྤེལ་བཞིན་པ་དེ་ལས་བྱུང་གི་ཡོད་པ་རེད།
འདས་པའི་ལོ་ཤས་ནང་དུ་ང་ཚོའི་སྤྱི་ཚོགས་ཁྲོད་དུ་འཆམ་མཐུན་མེད་པ་དང་རྡོག་རྩ་གཅིག་སྒྲིལ་མེད་པར་གྱུར་ཏེ། ཐ་ན་སྤྱི་ལོ་༢༠༡༦་ལོར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཛོམས་སར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་གནད་དོན་འདིའི་ཐད་ལ་ཐུགས་ཕམ་གནང་དགོས་བྱུང་ཡོད།
རྡོག་རྩ་གཅིག་སྒྲིལ་ཞེས་པའི་གནད་དོན་འདི་ལ་ཞིབ་ཚགས་པོས་བལྟས་པ་ཡིན་ན། ང་ཚོས་རྡོག་རྩ་གཅིག་སྒྲིལ་མི་འདུག་ཅེས་རྗོད་བཞིན་པར་དོན་དངོས་སུ་ང་ཚོ་ཇི་ལྟར་རྡོག་རྩ་གཅིག་སྒྲིལ་མེད་པར་གྱུར་བའི་རྒྱུ་མཚན་དེ་དག་ཤེས་རྟོགས་ཡོང་བར་ཐབས་ཤེས་བྱེད་ཀྱི་ཡོད་དམ། ད་ལྟའི་དུས་ཚོད་འདི་ལ་བསམ་ཚུལ་མ་མཐུན་པར་བྱུང་བ་ཡིན་ན་ཡང་དེ་ནི་རྡོག་རྩ་གཅིག་སྒྲིལ་མེད་པར་བརྩི་བཞིན་པ་མཐོང་རྒྱུ་འདུག ཁྱེད་ཀྱིས་རྡོག་རྩ་གཅིག་སྒྲིལ་མེད་པར་གྱུར་བའི་རྒྱུ་མཚན་དེ་ཚོ་ལ་གཏིང་ཟབ་ས་ནས་ཞིབ་འཇུག་བྱེད་མྱོང་ངམ། ང་ཚོའི་སྤྱི་ཚོགས་ནང་གི་འགལ་ཟླ་གཙོ་བོ་ནི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་འབྱུང་གི་ཡོད་པ་དང་དེ་ཡང་ལག་ཏུ་ཆེས་གསར་ཐོན་ཅན་གྱི་ཀུ་ཤུ་ཁ་པར་བཟུང་ནས་པར་རྫུན་མིང་རྫུན་ཅན་གྱི་དྲ་ཉུལ་བ་ཚོས་མི་མང་གི་བར་དུ་འགལ་བ་སློང་བཞིན་པ་དེ་རེད། དྲ་ཉུལ་བ་དེ་ཚོས་དྲ་ལམ་གྱི་གནས་ཚུལ་དང་དཔྱད་མཆན་ཁག་ལ་དོགས་སློང་ཙམ་ཡང་མི་བྱེད་པར་བྷི་བྷི་སི་གསར་ཁང་གི་གསར་འགོད་པའི་གདེང་ཚོད་ལྟ་བུ་ཁྱེར་ནས་དཀྲོག་གཏམ་དང་འགལ་ཟླ་སློང་བའི་གནས་ཚུལ་རྣམས་འགྲེམས་སྤེལ་བྱེད་རྐྱང་བྱེད་བཞིན་པ་ལས་བྱུང་གི་འདུག
གསར་འགྱུར་བརྒྱུད་ལམ་ནི་དམངས་གཙོའི་ཀ་བ་བཞི་བ་ཡིན་པར་བཤད་སྲོལ་ཡོད་ཀྱང་། བོད་པ་ཚོར་མཚོན་ན་སྐད་ཆ་འདི་བདེན་པ་རེད་དམ་ཞེ་ན། བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཛིན་སྐྱོང་གང་རུང་དང་གང་ཟག་གང་རུང་གི་དྲིལ་བསྒྲགས་བརྡ་ཁྱབ་སྤེལ་བ་རྣམས་བརྒྱུད་བསྒྲགས་བྱ་རྒྱུ་ལས། དེ་ལས་ལྷག་པའི་འགོག་བྱའི་ཐོག་ནས་གནས་ཚུལ་སྤེལ་རྒྱུའི་གོམས་གཤིས་མཐོང་གི་མི་འདུག དེའི་རྐྱེན་གྱིས་ང་ལ་གསར་འགྱུད་བརྒྱུད་ལམ་ནི་དམངས་གཙོའི་ཀ་བ་བཞི་བ་རེད་ཅེས་པའི་སྐད་ཆ་ལ་དོགས་པ་ཡོད།
ཨ་རིའི་རླུང་འཕྲིན་ཁང་VOA Tibetan དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་RFA Tibetan ། ནོར་ཝེ་རླུང་འཕྲིན་ཁངVOT ་གསུམ་ནི་སྤྱི་ཚོགས་དྲ་ལམ་གྱི་ཁྱབ་ཁོངས་ལས་བརྒལ་ཏེ་གང་སར་སྙོབས་ཐུབ་པའི་བོད་ཀྱི་གསར་ཁང་ཆེ་ཤོས་གསུམ་ཡིན་པ་ལྟར། གསར་ཁང་འདི་གསུམ་གཙོ་བྱེད་པའི་བཙན་བྱོལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་བཙན་བྱོལ་བོད་མི་ཚོས་སྐྱོན་བརྗོད་ཐེབས་བཞིན་པ་དེར་བདེན་པ་ག་ཚོད་ཙམ་ཡོད་མེད་ང་ལ་གསལ་ཆ་མེད། གལ་ཏེ་གསར་ཁང་ཁག་ལ་མི་མང་གི་དཀའ་རྙོག་སེལ་རྒྱུའི་འདུན་པ་ཡོད་པ་ཡིན་ན་དེ་ལྟར་ཆ་ཤས་ལེན་ཐུབ་ཡོད་པར་ཡིད་ཆེས་ཡོད་ཀྱང་། ད་ལྟའི་བོད་པའི་སྤྱི་ཚོགས་སུ་དེ་ལྟར་མ་ཡིན་པར་WhatApp མཐོ་སློབ་དང་Facebook གཙུག་སློབ་སློབ་གྲྭའི་དགེ་རྒན་ཁག་དང་ནེའུ་ཡོག་ཏུ་རྟེན་གཞི་བྱེད་ཡོད་པའི་རང་བསྐོས་དབྱེ་ཞིབ་པ་ཚོ་ལ་བརྟེན་ནས་མི་མང་རྣམས་མགོ་འཐོམས་དགོས་བྱུང་ཡོད། ངན་ཁག་འདི་ཆ་ཚང་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡོད་དམ་ཞེས་ན་དེ་འདྲ་རང་མ་ཡིན་ཡང་གང་ལྟར་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡང་འགན་འཁྲི་ཞིག་ཏག་ཏག་ཡོད།
ཡང་ཕྱོགས་གཞན་ཞིག་ནས་གསར་ཁང་ཁག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་ཚོས་གནས་ཚུལ་གང་རུང་ཞིག་དང་ཡང་ན་འོས་མི་གང་རུང་ཞིག་གི་སྐོར་ནས་གནས་ཚུལ་སྤེལ་སྐབས། མི་སོ་སོའི་འདོད་བློ་ཁེངས་མིན་དང་སོ་སོས་རྒྱབ་སྐྱོར་བྱེད་སའི་འོས་མི། ཡང་ན་འོས་མི་དེར་ངོ་རྒོལ་བྱེད་མཁན་བཅས་མི་མང་གི་ནང་ནས་གསར་ཁང་དང་གསར་འགོད་པ་ལ་འཇིགས་སྐུལ་དང་རུབ་རྡུང་བྱེད་མཁན་ང་ཚོའི་བོད་མིའི་སྤྱི་ཚོགས་སུ་མང་པོ་ཡོད་པ་མ་རེད་དམ། དེ་ལྟར་བྱེད་ན་གསར་ཁང་གང་རུང་གི་རྩོམ་སྒྲིག་པ་དང་གསར་འགོད་པ་ཡང་ང་ཚོའི་སྤྱི་ཚོགས་འཚོ་བའི་ནང་དུ་འཚོ་གནས་བྱེད་ཀྱི་ཡོད་དུས་ཕྱོགས་མང་པོ་ཞིག་ལ་ལས་བཟོ་བདེ་བོ་མེད་པར་འབྱུང་གི་ཡོད་པ་བཅས་ངན་ཁག་ཚང་མ་གསར་ཁང་ཁག་དང་གསར་འགོད་པ་ཚོར་མེད་ཀྱང་། གང་ལྟར་ད་ལྟའི་སྤྱི་ཚོགས་ཀྱི་གནས་སྟངས་འདི་ལ་ཕྱོགས་གཉིས་ཆར་འགན་ཡོད་པ་མ་རེད་དམ།
བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དེ་སྔོན་ཡིན་ན་ཆོས་ཕྱོགས་ཀྱི་གནས་ཚུལ་དང་ཆབ་སྲིད། འཁྲབ་སྟོན་དང་རིག་གཞུང་ལྟ་བུའི་བརྗོད་དོན་གྱི་གསར་འགྱུར་ལས་མེད་ཀྱང་། རིམ་བཞིན་ང་རང་ཕ་ཡུལ་གསར་ཁང་གི་རྩོམ་སྒྲིག་པ་ཡིན་པའི་སྐབས་སུ་བཙན་བྱོལ་དུ་བུ་མོ་ཆུང་ཆུང་ཞིག་ལ་བཙན་གཡེམ་ཐེབས་པའི་སྐོར་དང་ཤེས་རིག་ལས་ཁུངས་ལ་རྐུན་མ་ཤོར་བ་བཅས་གསར་འགྱུར་ཚན་པ་ལས་ནག་ཉེས་གསར་འགྱུར་སྤེལ་མགོ་བཙུགས་པ་ནས། ད་ལྟ་བོད་མི་ཚོས་ནག་ཉེས་གསར་འགྱུར་རྣམས་གསར་འགྱུར་གྱི་ངོ་བོ་རང་གི་སྒང་ནས་ལྟ་ཀློག་བྱ་ཐུབ་ཀི་ཡོད་པ་རེད། ༧གོང་ས་མཆོག་གིས་ཀྱང་དེ་སྔོན་བཙན་བྱོལ་བོད་མི་ཚོས་གང་འཇོན་ཡོད་པ་ཁོ་ན་སྟོན་ཐབས་བྱ་རྒྱུ་མ་ཡིན་པར་འཐུས་ཤོར་རྣམས་འབུར་འདོན་གྱིས་དེ་ལ་བསྒྱུར་བཅོས་དང་གྲུབ་འབྲས་བཟང་པོ་ཐོན་རྒྱུར་འབད་བརྩོན་བྱ་དགོས་པ་ལས། ཁྲ་ཁྲ་ཟང་ཟིང་གི་མཛད་སྒོ་སོགས་བྱེད་རྒྱུ་གལ་ཆེན་པོ་མ་རེད་གསུང་མྱོང་བ་དེ་ལྟར། མདོར་དྲིལ་ན་ང་རང་གསར་འགོད་པ་ཞིག་གི་ངོས་ནས་སྤྱི་ཚོགས་ཁྲོད་ཀྱི་ལེགས་ཉེས་གཉིས་ལྡན་གྱི་གནས་ཚུལ་སྤེལ་ཐབས་བྱེད་བཞིན་ཡོད། ངས་འདི་དག་བཤད་དགོས་པའི་རྒྱུ་མཚན་ནི་མི་ཁ་ཤས་ཀྱིས་ང་རང་ཁ་ཕོད་ཆེན་པོ་འདུག་ཅེས་འགྲེལ་བཤད་རྒྱག་སྲིད་པས་ངས་གོང་གི་གནས་ཚུལ་དེ་དག་བརྗོད་པ་ཡིན།
གཅིག་བྱེད་ན་ཁྱེད་ཀྱིས་ཀྱང་དོ་སྣང་བྱུང་ཡོད་སྲིད་དེ། ང་ཚོའི་ཚོགས་པ་དང་དགོན་པ། སློབ་གྲྭ། མི་སྒེར་བ་བཅས་ཀྱིས་གནད་དོན་གང་རུང་གི་ཆེད་དུ་སྤྱི་ཚོགས་སུ་གསལ་བཤད་ཀྱི་བསྒྲགས་གཏམ་སོགས་ཡང་ནས་ཡང་དུ་སྤེལ་དགོས་བྱུང་གི་ཡོད་ལ། ལྷག་པར་དུ་ངོ་དེབ་དྲ་ཚིགས་སུ་དེ་ལྟར་གནང་དགོས་བྱུང་གི་ཡོད། རྒྱུ་མཚན་འདི་གང་ལ་ཐུག་ཡོད་དམ་ཞེ་ན་དེ་ནི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་གི་མི་ཉུང་ཤས་ཤིག་གི་བྱས་ཉེས་ལ་བརྟེན་ནས་བྱུང་གི་ཡོད། འདི་ནི་ད་ལྟའི་ཆར་མི་རྣམས་ལ་རང་རང་གི་ལག་ཏུ་ཁ་པར་ཞིག་ཁྱེར་རྒྱུ་ཡོད་པ་དང་དེ་ནི་མི་རེ་རེ་ཡིས་གསར་ཁང་ཞིག་སོ་སོའི་ཁུག་མའི་ནང་དུ་ཁྱེར་ནས་འགྲོ་གི་ཡོད་པ་ལྟ་བུ་ལས་བྱུང་བ་རེད། ནོར་འཛོལ་ཅན་གྱི་གནས་ཚུལ་དང་བསམ་ཚུལ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་པའི་དུས་ཚོད་འདི་ལ་གསར་འགྱུར་བརྒྱུད་ལམ་ཁག་ལ་གདོང་ལེན་བྱ་དགོས་པའི་འགན་འཁྲི་ཆེན་པོ་ཞིག་ཡོད། ང་ཚོའི་བོད་མིའི་སྤྱི་ཚོགས་ཁྲོད་དུ་མི་རྣམས་མགོ་འཐོམས་ཡོད་པའི་རྙོག་འཛིང་གི་རྩེད་མོ་འདིའི་ནང་དུ་ཚང་མེད་པ་ནི་གསར་འགྱུར་བརྒྱུད་ལམ་རེད། གསར་འགྱུར་བརྒྱུད་ལམ་གྱིས་འགན་མ་བླངས་པར་མི་མང་མགོ་འཐོམས་སུ་བཅུག་པའི་བར་སྟོང་ཆེན་པོ་འདི་ནི་ད་གཟོད་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་དཀའ་རྙོག་ནང་ཚུད་དེ་ནང་འཁྲུག་བྱུང་སའི་དམག་ས་ཞིག་ཏུ་གྱུར་ཡོད་པ་རེད།
བོད་མི་ཚོས་ཐུན་མོང་གི་ལྐུགས་རྟགས་སྟོན་སྟངས་འདི་ལ་ངས་ཁྱེད་ལ་དཔེར་བརྗོད་གསར་ཤོས་ཤིག་བཞག་ནས་གནས་ཚུལ་འདིའི་ཛ་དྲག་རང་བཞིན་ངོ་སྤྲོད་ཞུས་ན། ཉེ་ཆར་ཨ་རི་མེ་རི་ཀས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་བོད་མི་ཚོར་མཚོན་ན་གནས་ཚུལ་གལ་ཆེན་ཞིག་ཡིན་ན་ཡང་། བོད་མི་ཚོས་དེ་ལ་རྟེན་འབྲེལ་དང་དགའ་བསུ་ཞུ་རྒྱུ་ལས་ལྡོག་ཏེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ད་ལྟའི་སྲིད་སྐྱོང་གིས་འཇོན་ཐང་ངོམས་སོ་བྱས་སོང་ཞེས་སྐྱོན་བརྗོད་ཀྱིས་གླེང་རྙོག་བྱུང་ཡོད། སྤྱིར་ཡིན་ན་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་གོ་སྐབས་གང་བྱུང་ལ་ཁོང་སྐུ་སྒེར་དང་ཁོང་གིས་སྣེ་ཁྲིད་པའི་བཀའ་ཤག་གི་འཇོན་ཐང་ངོམས་སོ་བྱེད་པ་དེ་བོད་པ་ཚང་མས་ཤེས་གསལ་ལྟར་མ་རེད་དམ། སྲིད་སྐྱོང་གི་གཤིས་ཀ་ཐེར་འདོན་བྱ་རྒྱུ་དེ་བོད་ཀྱི་རྩ་དོན་ལས་ཀྱང་གལ་ཆེ་བ་རེད་དམ། སྲིད་སྐྱོང་གི་གཤིས་ཀ་དེ་ཡིས་བོད་པའི་རྩ་དོན་ལ་གནོད་སྐྱེལ་གི་ཡོད་དམ། ད་ལྟའི་བཀའ་ཤག་གིས་ཕྱག་ལས་ཅི་ཞིག་གནང་རྩིས་ཡོད་ཀྱང་དེ་མ་གནང་བའི་སྔོན་ལ་དེང་རབས་ཀྱི་འཕྲུལ་ཆས་དང་བརྙན་འཕྲིན་བརྒྱུད་ལམ་སོགས་བེད་སྤྱོད་བཏང་ནས་གསར་འགོད་ལྷན་ཚོགས་འཚོགས་རྒྱུར་དགའ་མོས་ཡོད་པ་བཅས་འདས་པའི་བཀའ་ཤག་ཚང་མ་ལས་ཀྱང་ད་ལྟའི་སྲིད་སྐྱོང་གིས་གསར་འགོད་ལྷན་ཚོགས་མང་བ་བསྐྱངས་ཡོད། སྲིད་སྐྱོང་འདི་མི་མང་གི་མདུན་དུ་ཐོན་ནས་ངོམས་སོ་དང་དྲིལ་བསྒྲགས་བྱ་རྒྱུར་ཧ་ཅང་དགའ་མཁན་ཞིག་ཡིན་པ་ཐེ་ཚོམ་མེད། ང་ལ་མཚོན་ན་ཐེངས་འདིའི་བསམ་ཚུལ་འདི་བརྒྱུད་དེ་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀི་མེད་ལ་སྐྱོན་བརྗོད་བྱེད་བཞིན་མེད་པར་གནས་ཚུལ་གང་ཡོད་ཅིག་ཤོད་ཐབས་བྱེད་བཞིན་ཡོད་མོད། ཡིན་ན་ཡང་བོད་མི་ཁ་ཤས་ཀྱིས་ང་ལ་ཕྱོགས་ལྷུང་བྱེད་བཞིན་འདུག་ཅེས་བཤད་སྲིད་ལ་དེར་ང་རང་ཉིད་ཀྱང་ཧ་ལས་བཞིན་མེད། བོད་ཀྱི་སྤྱི་ཚོགས་སུ་བོད་མི་མང་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆེད་དུ་གཏམ་བཟང་གང་འདྲ་ཞིག་གོ་ན་ཡང་དེ་ལ་དགའ་བ་སྐྱེ་ཐབས་མེད་པའི་མི་ཁག་ཅིག་ཡོད་ཡོད་པ་རེད།
ངས་ཐེངས་འདིར་བཤད་འདོད་པའི་སྐད་ཆ་གཙོ་བོ་ནི། ང་ཚོའི་སྤྱི་ཚོགས་སུ་མི་སྒེར་བ་ཁ་ཤས་དང་ཁོ་ཚོའི་གཏམ་སྤྱོད་འགྲིག་ཡོད་མེད་ལས་བྱུང་བའི་བསམ་ཚུལ་མ་མཐུན་པ་དང་དེ་ལས་བྱུང་བའི་ནང་འཁྲུག་དེ་ཚོ་ལ་དོ་སྣང་བྱ་རྒྱུ་ཕར་བཞག་ཏེ། རྒྱ་ཆེ་བའི་བོད་ཀྱི་འཐབ་རྩོད་ལ་བོད་མི་མང་གིས་དོ་སྣང་འདྲེན་ཐབས་བྱ་རྒྱུ་དེ་ཡིན།. བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཚོ་དང་ཆབ་སྲིད་པ་ཚོ་གཏན་འཇགས་མ་ཡིན་པར་དུས་ནས་དུས་སུ་འཕོ་འགྱུར་འགྲོ་བཞིན་ཡོད་ཀྱང་། བོད་མི་ས་ཡ་དྲུག་ལ་བདག་པའི་བོད་མིའི་སྒྲིག་འཛུགས་དེ་རྒྱུན་གནས་དགོས་པ་དང་ལྷག་པར་དུ་བོད་མིའི་སྒྲིག་འཛུགས་དེ་ཆེ་མཐོང་ལྡན་པའི་ངང་རྒྱུན་གནས་སྲུང་སྐྱོབ་བྱ་རྒྱུ་ནི་བོད་མི་ས་ཡ་དྲུག་གི་བདག་དབང་དང་འགན་འཁྲི་ཡིན།
ང་ཡི་བོད་རིགས་སྤུན་ཟླ་ཚོ། ཁྱེད་ཀྱི་འོས་ཤོག་དེ་ཡིས་མ་འོངས་པའི་བོད་དང་བོད་མིའི་འཐབ་རྩོད་ཐག་གཅོད་བྱེད་བཞིན་ཡོད་པ་སྟེ། བོད་མིའི་སྒྲིག་འཛུགས་དེ་རྩིས་འཁོར་དང་ཁྱེད་ཀྱི་འོས་ཤོག་དེ་མ་ལག་ཅིག་ལ་དཔེ་བཞག་ན། འབྱུང་འགྱུར་ལོ་ལྔ་ཡི་ནང་ལ་རྩིས་འཁོར་དེར་བརྡབ་གསིག་མི་ཐེབས་ཆེད་དུ་དེའི་ནང་དུ་མ་ལག་གསར་བསྒྱུར་བྱེད་བཞིན་ཡོད། གལ་ཏེ་ཁྱེད་ཀྱིས་མ་ལག་ཕབ་ལེན་བྱེད་སྟངས་དེ་ནོར་བ་ཡིན་ན་འབྱུང་འགྱུར་ལོ་ལྔ་ཡི་རིང་ལ་རྩིས་འཁོར་དེར་མ་ལག་གསར་བསྒྱུར་བྱ་ཐབས་མེད་པ་དང་གཅིག་མཚུངས་ལྟར། ཁྱེད་རྣམ་པ་འོས་ཤོག་འཕེན་པར་ཕེབས་པའི་སྐབས་སུ་གནད་དོན་འདི་ཐུགས་ལ་བཞག་ནས་འོས་ཤོག་མ་ནོར་བ་ཞིག་འཕེན་རོགས་གནོངས།
མཆན། གོང་དུ་བཀོད་པའི་བསམ་ཚུལ་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་བསམ་ཚུལ་ཡིན་པས་མ་ཁྱབ།
རྒྱབ་སྐྱོར་ཡོད! ད་རེས་་ལྕེ་ལྡག་་བྱས་མི་འདུག་་་་བསམ་ཚུལ་དྲང་བོར་བརྗོད་པར་་་་དགའ་བསུ་ཞུ