དེ་རིང་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་བཙོན་འཇུག་དུས་ཡུན་ལོ་ལྔ་ཚང་སྟེ་ཀློད་གྲོལ་བཏང་ནས་རང་ཁྱིམ་དུ་འབྱོར་ཡོད་འདུག
དེ་རིང་ཕྱི་ཚེས་ ༢༨ ཉིན་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ལོ་ ༥ བཙོན་འཇུག་དུས་ཡུན་ཚང་གི་ཡོད་པ་ལྟར། འདི་གའི་གསར་འགོད་པས་ཁྲིམས་རྩོད་པ་ལིན་ཞའོ་ཅིན་(梁小军)ལགས་སུ་བཀྲ་ཤིས་དབང་ཕྱུག་ལགས་དངོས་སུ་ཀློད་གྲོལ་བཏང་ཡོད་མེད་དྲིས་པར། ཀློད་གྲོལ་བཏང་ཟིན་ཏེ་དེ་རིང་ཉིན་རྒྱབ་ཏུ་ཁོང་རང་གི་གཅེན་མོའི་ཁྱིམ་དུ་འབྱོར་ཡོད་པ་དང་། སྐུ་གཟུགས་བདེ་ཐང་ཡིན་སྐོར་ལབ་བྱུང་ཡང་འགྲོ་སྐྱོད་ཀྱི་རང་དབང་གནས་སྟངས་ག་འདྲ་ཡིན་མིན་ཤེས་རྟོགས་མ་བྱུང་སྐོར་བརྗོད་བྱུང་།
དེ་ཡང་ཁ་སང་ཁྲིམས་རྩོད་པ་ལིན་ཞའོ་ཅིན་གྱིས་ཊུ་ཝི་ཊར་སྟེང་། སང་ཉིན་ངས་ཁྲིམས་རྩོད་བྱས་པའི་གྲོགས་པོ་གཉིས་ཀློད་གྲོལ་གཏོང་གི་ཡོད། ཅེས་བརྗོད་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བཀྲ་ཤིས་དབང་ཕྱུག་ལགས་སུ་ཁྲིམས་བཤེར་བྱས་ཏེ། རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ཁོང་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སྐབས་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ནས་ཁྲིམས་ཆད་དེ་ནི་དྲང་བདེན་མིན་པའི་ཁྲིམས་ཆད་ཅིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།
སྤྱིར་བཏང་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། ཕྱི་ལོ་ ༢༠༡༥ ཙམ་ནས་པེ་ཅིན་དུ་གནས་སྡོད་ནེའུ་ཡོག་དུས་བབ་ཡན་ལག་གི་གསར་འགོད་པར་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་སློབ་གསོ་རྩ་མེད་བཟོ་ཡི་ཡོད་པ་དང་། བོད་ཕྲུག་བྱིས་པའི་བོད་སྐད་ཡིག་གི་གནས་ཚད་ཉེན་ཚབས་ཅན་དུ་གྱུར་ཡོད་སྟབས། ངེས་པར་དུ་རྒྱ་ནག་གཞུང་གི་མི་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ནང་གསལ་ལྟར་བོད་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། གསར་ཁང་དང་ཁྲིམས་རྩོད་པ་སོགས་ལ་འབྲེལ་བ་བྱས་ཏེ་བོད་ཁུལ་གྱི་སློབ་གསོའི་དཀའ་ངལ་དྲིལ་བསྒྲགས་བྱེད་ཐབས་གནང་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་གསང་བའི་ཐོག་ནས་ཁོང་འཛིན་བཟུང་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༤ བར་ནང་མིར་ཤེས་རྟོགས་བྱུང་བཅུག་མེད་པ་མ་ཟད། ནང་མི་སྤུན་མཆེད་སོགས་ལ་ཐུག་ཏུ་མ་བཅུག་པར་བཀག་ཉར་བྱས་ཏེ་ལོ་ ༢ ལྷག་བཞག་ཡོད་པ་རེད།
རྒྱ་ནག་གི་ཁྲིམས་ལུགས་ལྟར་ན། མི་ཞིག་གི་བཙོན་འཇུག་དུས་ཡུན་ནི་འཛིན་བཟུང་བྱས་པའི་ཉིན་མོ་ནས་བརྩི་ཡི་ཡོད་པ་ལྟར། བཀྲ་ཤིས་དབང་འདུས་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་འཛིན་བཟུང་བྱས་ཏེ། དེ་རིང་ལོ་ ༥ ཏག་ཏག་ཚང་གི་ཡོད་པ་རེད་ལ། དེ་སྔོན་ཁྲིམས་བཤེར་སྐབས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། ངས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་བའི་ལས་ཀ་གང་ཡང་བྱས་མེད་ཅེས་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་ཁོང་ལ་ལོ་ ༡༥ ཡི་ཁྲིམས་ཐག་གཅོད་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།