མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་འཛིན་གངས་དཀར་ལས་འཕྲོས་ཏེ་ཕྱིར་སྡོད་བོད་མིའི་བྱིས་པ་ཚོ་གླེང་བ།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀ

—འགྲོ་བ་མི་སུ་ཞིག་ཡིན་ཡང་རང་ཉིད་འཚོ་གནས་བྱེད་ས་དེར་རང་གི་ཕ་སྐད་མ་ཡིག་བེད་སྤྱོད་མེད་ན། གནས་དེར་ཕྱིའི་ཁྲ་ཁྲ་ཟང་ཟིང་ཅི་ཙམ་རྒྱས་མིན་ལ་མ་ལྟོས་པར། དེ་ནི་མུན་ནག་གི་ཁྲོད་དུ་འཚོ་བ་ཡིན་ཞེས་བདག་གིས་ཁ་ཚོན་བཅད་ནས་བརྗོད་ཐུབ།

སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་དཔྱིད་ཀར་ངས་མི་ལོ་ཉི་ཤུའི་རྗེས་སུ་རང་གི་དྲིན་ཅན་ཕ་མ་གཉིས་དང་ནུ་བོ་ཐ་ཆུང་བཅས་ཤར་ཕྱོགས་ཀྱི་མུ་ཏིག་གྲོང་ཁྱེར་དུ་གྲགས་པའི་ཧོང་ཀོང་ལ་གདན་འདྲེན་ཞུས་ཏེ་ས་མཐའི་ནང་མི་མཉམ་འཛོམས་ཀྱི་སྤྲོ་སྐྱིད་ལ་ཐེངས་གཅིག་རོལ་བའི་སྐལ་བ་ལྡན་སོང་། ལྷན་འཛོམས་འདི་ནི་ཁོང་ཕ་མ་གཉིས་དང་ནུ་བོ། ད་དུང་ང་རང་བཅས་ལ་མཚོན་ན་ཇི་འདྲའི་དོན་སྙིང་ལྡན་པ་ཞིག་རེད་ཨང་། སྐབས་དེར་ངས་ལྷན་འཛོམས་འདི་འདྲ་ཞིག་མ་འོངས་པར་སླར་ཡང་འབྱུང་རྒྱུའི་རེ་སྨོན་བཅངས་པ་དང་ལྷན་དུ། ཕྱོགས་གཞན་ཞིག་ནས་ལྷན་འཛོམས་འདི་འདྲ་ཞིག་ཡང་བསྐྱར་འབྱུང་མི་ཐུབ་པའང་སྲིད་སྙམ་སྟེ། ངེད་ཅག་གི་ལྷན་འཛོམས་དེའི་མགོ་མཇུག་བར་གསུམ་ཚང་མ་བརྙན་དུ་བླངས་ཤིང་ཟིན་བྲིས་སུ་བཏབ་པ་ཡིན་ལ། རྗེས་སུ་བརྙན་དེ་དག་ཕྱོགས་བསྒྲིགས་ཀྱིས་<<མི་ལོ་ཉི་ཤུའི་རྗེས་སུ>>ཞེས་པའི་དངོས་བཤུས་གློག་བརྙན་ཞིག་བཟོས་པ་ཡིན། ལོ་གཅིག་གི་སྔོན་དུ་ཨ་མ་དྲིན་ཅན་མ་འོད་དུ་ཡལ་བ་དང་། དེ་ནས་ཅང་མ་འགོར་བར་མཁས་བཙུན་བཟང་གསུམ་འཛོམས་པའི་ཕུ་བོ་རྩོམ་པ་པོ་དང་སྙན་ངག་པ། ཞིབ་འཇུག་པ་དང་དགེ་རྒན་བཅས་ཡིན་པའི་བླ་ནག་ཡེ་ཤེས་བཟང་པོའམ་ལྡོང་ཕྲུག་ཀྱང་གློ་བུར་དུ་གཤེགས་པས། རང་ཉིད་དང་རང་ཉིད་ལྟ་བུའི་བོད་གཞིས་བྱེས་གཉིས་སུ་གྱེས་ཏེ་བྲལ་གདུང་གིས་གཟིར་བའི་གངས་ཅན་པ་ཁྲི་སྟོང་གི་སྡུག་བསྔལ་དེ་ཡིད་ངོར་ཧ་ཅང་གཏིང་ཟབ་ཏུ་བརྐོས་སོང་།

སྐབས་བབ་ཀྱི་གླེང་བྱ་སྟེ། བོད་པ་རྣམས་བོད་ནས་རྒྱ་བལ་འབྲུག་གསུམ་དང་དེ་ནས་ནུབ་ཕྱོགས་སུ་གཞིས་ཆགས་པའི་ལོ་རྒན་དྲུག་ཅུའི་རིང་ལ། རང་རེའི་ཕ་མེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་རིན་ཐང་བྲལ་བ་འདི་ལ་དགའ་འོས་པའི་འཕེལ་རྒྱས་དང་སྐྱོ་དགོས་པའི་ཆག་འཇིག་མང་པོ་ཞིག་ཀྱང་བྱུང་ཟིན་པ་རེད་ཨང་། ལོ་ཟླ་ཉིན་ཞག་དང་དུས་ཚོད་སྐར་མའི་འཁོར་སྐྱོད་ཀྱི་འགྲོས་དང་འགྲོགས་ཏེ། མི་རབས་ཕྱི་མ་རྣམས་འཇིག་རྟེན་ཕྱི་མར་བཞུད་པའི་ཤུལ་དུ་མི་རབས་གསར་པ་ཞིག་གིས་སྔར་བཞིན་མི་ཚེའི་འཚོ་ཚིས་ལ་འབད་པ་དང་། རྒྱ་བལ་འབྲུག་གསུམ་དུ་གཞིས་ཆགས་པའི་མི་རབས་རྙིང་པ་མང་པོ་ཞིག་ཀྱང་མཇུག་རྫོགས་ལ་ཉེ་བའི་དུས་སུ་བསླེབས་འདུག ལོ་རབས་དགུ་བཅུ་པ་ནི་བོད་ཕྱི་ནང་གི་འབྲེལ་ལམ་དེ་སྔར་ལས་ཀྱང་ཡངས་པར་གྱུར་པའི་རྫོགས་ལྡན་གྱི་དུས་སྐབས་ཤིག་ལ་བརྩི་ཆོག་པ་སྟེ། ལམ་ཡིག་བཟུང་སྟེ་རྒྱལ་མཚམས་འགག་སྒོ་བརྒལ་ནས་ཕྱི་ཕྱོགས་སུ་གཉེན་འཕྲད་དང་གནས་སྐོར་ལ་ཡོང་མཁན་དང་། ལམ་ཡིག་མེད་པར་འཛམ་གླིང་གི་སྒལ་ཚིགས་སུ་གྲགས་པའི་ཧི་མ་ལ་ཡའི་རི་ཚོགས་ཚེ་སྲོག་གཏའ་མར་བཞག་སྟེ་བརྒལ་མཁན་ཁྲི་སྟོང་མང་པོ་ཞིག་བྱུང་།

དེ་དག་གི་ཁྲོད་དུ་རྩོམ་ཡིག་འདིའི་གླེང་བྱའི་བུ་ཆུང་བསྟན་འཛིན་གངས་དཀར་(གཤམ་དུ་གངས་དཀར་ཞེས་འབྲི་རྒྱུ།) གྱི་ཕ་མ་གཉིས་ཀྱང་ཡོད། ཁོ་བོས་གངས་དཀར་གྱི་ཨ་མ་རྩོམ་པ་པོ་ཉི་མ་འཚོ་ལ་དྲ་འབྲེལ་བཙུགས་ནས་ལོ་ཤས་ཀྱི་རྗེས་ཏེ། གོང་དུ་བརྗོད་པའི་ནང་མི་ལྷན་འཛོམས་དེའི་རྗེས་སུ། རང་ཉིད་ཀྱི་ཨ་རིའི་སློབ་མ་ཁག་ཅིག་ཁྲིད་དེ་རྒྱ་གར་གནས་སྐོར་ལ་ཕྱིན་པའི་རྗེས་སུ། སློབ་མ་གཉིས་ཁྲིད་ནས་རྒྱ་གར་ནུབ་བྱང་ཕྱོགས་ཀྱི་ས་གནས་ཁག་ཅིག་ཏུ་བསྐྱོད་ཅིང་། དེའི་ལམ་ཞོར་ལྟ་བུར་རྡ་རམ་ས་ལ་དང་ནོར་བུ་གླིང་ཁར་ཡང་བསྐྱོད་པ་ཡིན། ངེད་ཅག་ས་གནས་དེར་ཞོགས་པ་སྔ་བོ་ཞིག་ལ་འབྱོར་བ་དང་། སྐབས་དེར་གནམ་སྔོན་པོར་ཐད་ཀར་ཟུག་པའི་རྡོ་ལ་བརྡར་རི་བོའི་རྩེ་རུ་ཞོགས་པའི་ཉི་འོད་ད་དུང་འཕྲོས་མི་འདུག རྡ་ཤོད་རླངས་འཁོར་འབབ་ཚུགས་ནས་ངེད་ཅག་ཐད་ཀར་ཉི་མ་འཚོ་ཚང་ལ་ཞོགས་ཇ་འཐུང་དུ་སོང་བ་ཡིན། སྐབས་དེར་ངས་ཤ་བཟའ་གི་ཡོད་པས་ཉི་མ་འཚོ་བཟའ་ཟླ་གཉིས་ཀྱིས་མདུན་ཅོག་སྟེང་བཤམས་པའི་རྩམ་པ་དང་ཤ་ཚོད་སོགས་ཀྱི་ཟ་མ་དེ་ཚོའི་བྲོ་བ་ནི་དེ་འདྲའི་ཞིམ་པོ་ཞིག་རེད་ཨང་། དེ་དུས་གངས་དཀར་ཕལ་ཆེར་ལོ་གསུམ་ཙམ་ཡིན་རྒྱུ་རེད། བྱིས་པ་རྣམ་རིག་བཀྲ་ཞིང་སྐྱེ་གཟུགས་ལེགས་པ། གཤིས་ཀ་བབ་ཆགས་ཤིང་འགྲོག་བདེ་བ་ཞིག་ཡིན་པའི་ཚོར་སྣང་ཞིག་སྤྲད་བྱུང་། ཁོའི་ཨ་ཕ་ནི་མི་ཁ་གྲག་རྒྱུར་དེ་ཙམ་མི་དགའ་ཞིང་གཟབ་ནན་ཅན་ཞིག་ཏུ་སྣང་། ཉི་མ་འཚོ་ནི་མོའི་རྩོམ་ཡིག་དག་གི་ཁྲོད་དུ་སྣང་བ་ལྟར་གུ་ཡངས་གཤིས་འཇམ། སྣང་བ་སྐྱིད་པོ་མགྲོན་ལ་དགའ་ཞིང་ཕྱི་ཐག་རིང་བ་ཞིག་རེད།

ཕ་མ་གཉིས་ཀ་ཤེས་ལྡན་པ་ཡིན་པའི་ཁྱིམ་ཚང་གི་བྱིས་པར་མཚོན་ན། སློབ་སྦྱོང་ནི་ཉིན་རེའི་འཚོ་བ་དང་དཔེ་ཆ་ནི་འབྲལ་མེད་རྩེད་རོགས་ཤིག་ཅི་ལ་མིན། ད་དུང་བྱིས་པར་མཚོན་ན་ནར་སོན་སའི་ཁོར་ཡུག་དེ་ཡང་ཧ་ཅང་གལ་ཆེ་བ་ཞིག་སྟེ། གངས་དཀར་སྐྱེས་ནས་ད་བར་དུ་ཁོ་ཚང་གནས་ས་དེ་ནི་བོད་ཀྱི་རིག་གཞུང་སྣ་མང་ཞིག་གི་དཀྱིལ་འཁོར་ཏེ། རྡ་ཤོད་ནོར་བུ་གླིང་ག་ཞེས་པ་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོན་རྫས་འདྲ་མིན་སྟོང་ཕྲག་མང་པོ་ཞིག་བཟོ་སྐྲུན་བྱེད་སའི་ཚོགས་སྡེ་ཞིག་ཏུ་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་པས། ཁོས་ཉི་མ་རེ་རེ་བཞིན་མཐོང་ཐོས་མྱོང་གསུམ་བྱེད་ཡུལ་དུ་གྱུར་པའི་ནོར་གླིང་གི་བོད་ལུགས་ཁང་བརྩེགས་དེ་དག་གི་ཕྱི་ནང་གི་བཀོད་པ། ཡིག་དྲུག་སོགས་ཀྱི་གཟུངས་སྔགས་ཀྱིས་ཕྱུར་བུར་གཏམས་པའི་མ་ཎི་འཁོར་ལོ་ (སྐབས་དེར་ནོར་གླིང་དུ་མ་ཎི་ཆུ་འཁོར་ཞིག་ཀྱང་མཐོང་།) དང་ཚོས་སྣ་ལྔ་ལྡན་གྱི་དར་ལྕོག་སྣ་ཚོགས། ཆོས་ལུགས་ཀྱི་ནང་དོན་འདྲ་མིན་ལྡན་པའི་ཐང་ཀ་དང་སྐུ་བརྙན་སྣ་ཚོགས་དང་། བོད་ཆོལ་ཁ་གསུམ་གྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་འདྲ་མིན། ཐ་ན་བོད་ལུགས་ཀྱི་ཁུག་མ་ཆེ་ཆུང་དང་བསང་སྤོས་སྣ་ཚོགས་སོགས་ཏེ། གངས་དཀར་གྱིས་རང་ཁྱིམ་གྱི་སྒོ་ཕྱི་ནང་ཀུན་ནས་ཉིན་མཚན་དུས་དྲུག་ཏུ་བོད་རང་གི་ཁྱད་ཆོས་ལྡན་པའི་རིག་གཞུང་གི་མཚོན་རྟགས་མང་པོ་ཞིག་གི་བྱིན་རླབས་རམ་རྫོགས་མཐའ་བྲལ་བ་ཞིག་མ་བཅོས་རང་བྱུང་དུ་ཁོའི་གཟུགས་པོ་ཆུང་ཆུང་དེའི་ཁྲག་རྩའི་ནང་དུ་བཞུར་གྱིན་པ་དང་རྒྱུ་བཞིན་པ་དེ་ཚོར་ཐུབ།

དེ་ལས་ཀྱང་གལ་ཆེ་བ་ཞིག་སྟེ། གངས་དཀར་གྱི་ཨ་མ་ཉི་མ་འཚོས་འདས་པའི་ལོ་མང་པོ་ཞིག་གི་རིང་ལ། དཀའ་སྤྱད་ལྷོད་མེད་ཀྱིས་ལས་ཞོར་དུ་བྱིས་པའི་ཀློག་དེབ་མང་པོ་ཞིག་རང་གི་སྙིང་ནས་གཅེས་པའི་བུ་ཆུང་གངས་དཀར་དང་ཁོའི་ནུ་བོ་ཆུང་ཆུང་དེ། ད་དུང་གངས་དཀར་འདྲ་བའི་གངས་རིའི་བྱིས་པ་ཁྲི་སྟོང་གི་ཆེད་དུ་དམིགས་ནས་སྒྱུར་དཔར་འགྲེམ་གསུམ་གྱི་ཕྱོགས་སུ་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཐེབས་བཅག་སོང་ལ། བོད་ཕྱི་ནང་གིས་མཚོན་པའི་རྒྱལ་ཁབ་འདྲ་མིན་དུ་ཡོད་པའི་ཉི་མ་འཚོ་བཟའ་ཟླ་གཉིས་དང་འདྲ་བའི་ཕ་མ་མང་པོ་ཞིག་གིས་ཀྱང་རང་རང་གི་བྱིས་པ་ཚོའི་ཆེད་དུ་དམིགས་ནས། ཉི་མ་འཚོས་བསྒྱུར་ཏེ་བཀྲམས་པའི་བྱིས་པའི་ཀློག་དེབ་དེ་ཚོ་མངགས་ཉོ་བྱས་དང་བྱེད་བཞིན་འདུག་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད་ཨང་། ང་ཚོས་ནམ་རྒྱུན་ཁྱིམ་ཚང་སློབ་གསོ་ཞེས་བསྐྱར་ཟློས་ཡང་ཟློས་བྱེད་བཞིན་ཡོད་པ་ལྟར། ཁྱིམ་ཚང་དེའི་ཨ་མའམ་ཡང་ན་ཨ་ཕས་བྱིས་པའི་ཀློག་དེབ་རྩོམ་པ་དང་སྒྱུར་བ། ཉོ་བ་དང་ཀློག་པ་སོགས་བྱེད་རྒྱུ་ནི་ཐད་ཀར་རང་གི་ཁྱིམ་དེའི་བྱིས་པ་དེ་དང་དེར་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་ཡིན་ལ། བྱིས་པར་དཔེ་དེབ་དང་ཡི་གེ་ངོ་སྤྲོད་བྱེད་རྒྱུ་ཙམ་ཞིག་མ་ཡིན་པར། རང་གི་བྱིས་པ་དང་ལྷན་དུ་བོད་རང་གི་ཕ་སྐད་མ་གདངས་སྤྱད་དེ་ཁ་བརྡ་བྱེད་རྒྱུ་འདི་ནི་ཧ་ཅང་གནད་འགག་ཅིག་ཡིན་ལ། དེ་ལྟ་བུའི་ཁ་བརྡ་བྱེད་སྐབས་ཀྱང་ཚིག་གང་སྙན་སྙན་དང་ནང་དོན་གང་ཞི་བདེ་ལྷག་བསམ་དང་ཡ་རབས་དྲང་བདེན་དང་ཐད་ཀར་དང་ཤུགས་ནས་འབྲེལ་ཡོད་པ་ཞིག་ནི་ཅི་བས་ཀྱང་གལ་ཆེ་བ་ལགས། བྱིས་སྒྲུང་གིས་བྱིས་པའི་ཤེས་ཡོན་དང་མི་གཤིས། ད་ལྟའི་མི་ཚེ་དང་མ་འོངས་པའི་མདུན་ལམ་བཅས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཞིག་ཐེབས་བཞིན་ཡོད་པས། བྱིས་སྒྲུང་ཕུན་སུམ་ཚོགས་པ་ཡོད་པའི་མི་རིགས་དེའི་མི་རབས་རྗེས་མར་རེ་བ་ཡོད་པ་དང་། བྱིས་སྒྲུང་ལ་མཐོང་ཆེན་མི་བྱེད་པའི་མི་རིགས་དེའི་མི་རབས་རྗེས་མ་དག་ནི་ཕྱོགས་གང་ཅིའི་ཐད་ནས་རྗེས་ལུས་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་རེད།

རྡ་སའི་བོད་ཁྱིམ་སློབ་གྲྭ་ལ་མཚོན་ན། ཕྱིར་སྡོད་བོད་རིགས་བྱིས་པ་ཁྲི་སྟོང་མང་པོ་ཞིག་གི་ཤེས་རིག་གི་ཕ་ས་མ་ཡུལ་ཡིན་པས། གངས་དཀར་གྱིས་ཀྱང་ནོར་བུ་གླིང་ག་ནས་གོམ་པ་ཆུང་ཆུང་འོད་དུ་འཚེར་བ་རེ་རེ་རྡ་སའི་བོད་ཁྱིམ་གྱི་ཕྱོགས་སུ་སྤོས་སོང་། གོམ་པ་དེ་ཚོའི་སྣེ་མོ་དེར། གངས་དཀར་དང་ཤ་རུས་གདུང་བརྒྱུད་གཅིག་པའི་བོད་རིགས་བྱིས་པ་སྟོང་ཕྲག་དུ་མའི་བདེ་སྐྱིད་ཀྱི་དགོད་སྒྲ་དང་མ་འོངས་པའི་ཕུགས་བསམ། སློབ་སྦྱོང་གི་རྔུལ་ཆུ་དང་གཅེས་འོས་པའི་འཛུམ་མདངས་ཡོད་པ་རེད། གངས་དཀར་གྱིས་རང་གི་ཉིན་རེའི་སློབ་སྦྱོང་རེའུ་མིག་དེ་ཡང་བོད་ཡིག་ནང་བྲིས་འདུག་ཅིང་། ཁོས་བཤད་པའི་སྐད་ཆ་དེ་ཚོ་ཡང་སྦྲགས་སྐད་དང་མ་འདྲེས་པའི་བོད་སྐད་གཙང་མ་ཞིག་རེད་ཨང་། འདི་གཅིག་པོས་ཀྱང་དབྱིན་སྐད་མ་གཏོགས་མི་བཤད་པའི་ཨ་རི་དང་ཡོ་རོབ་སོགས་ནུབ་སྡོད་བོད་རིགས་བྱིས་པ་ཕལ་མོ་ཆེ་ཞིག་མུན་ནག་གི་ཁྲོད་དུ་འཚོ་གནས་བྱེད་བཞིན་པ་འདི་ངའི་ཡིད་ལ་མི་འཆར་དབང་མེད་ཅིག་བྱུང་། འགྲོ་བ་མི་སུ་ཞིག་ཡིན་ཡང་རང་ཉིད་འཚོ་གནས་བྱེད་ས་དེར་རང་གི་ཕ་སྐད་མ་ཡིག་བེད་སྤྱོད་མེད་ན། གནས་དེར་ཕྱིའི་ཁྲ་ཁྲ་ཟང་ཟིང་ཅི་ཙམ་རྒྱས་མིན་ལ་མ་ལྟོས་པར། དེ་ནི་མུན་ནག་གི་ཁྲོད་དུ་འཚོ་བ་ཡིན་ཞེས་བདག་གིས་ཁ་ཚོན་བཅད་ནས་བརྗོད་ཐུབ།

གངས་དཀར་ལ་བཅར་འདྲི་བྱས་པའི་བརྙན་ཐུང་དེའི་ནང་དུ་ཆེས་ཐོག་མར་དོ་སྣང་འབྱུང་སའམ་གནད་འགག་ཅིག་ནི་ཞོགས་ཟས་དེ་དག་གི་ཁྲོད་ཀྱི་རྩམ་པ་དེ་རེད། བུ་ཆུང་གངས་དཀར་གྱི་མདུན་ཅོག་སྟེང་གི་དྲི་ཞིམ་འཐུལ་བའི་རྩམ་ཇ་དེས་ང་ཚོ་ཚང་མར་བརྗོད་མི་ཚར་བའི་ཕ་མེས་ཡང་མེས་ཀྱི་གངས་རིའི་འདབས་དང་རྩྭ་ཐང་སྟེང་གི་གཏམ་རྒྱུད་ཁྲི་སྟོང་མང་པོ་ཞིག་ཕྱིར་དྲན་བྱེད་དུ་བཅུག་མ་སོང་ངམ། མ་མཐར་ཡང་ང་ལ་མཚོན་ན་དེ་འདྲ་རང་ཡིན་པ་སྟེ། དེང་སྐབས་བོད་ཕྱི་ནང་གི་བོད་མི་མང་པོ་ཞིག་གིས་བོད་ཟས་མི་བཟའ་བ་དང་བོད་ལྭ་མི་གྱོན་པ། བོད་མགོ་མི་བྱེད་པ་དང་(བུད་མེད་ཚོས་སྐྲ་མི་སླ་བ་དང་སྐྱེས་པ་ཚོས་སྐྲ་རིང་པོ་མི་འཇོག་པ་ལ་གོ་དགོས།) བོད་སྐད་མི་བཤད་པ་སོགས། བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་པའི་ཕྱོགས་སུ་དགག་སྒྲ་དགུ་བརྩེགས་ཀྱི་དུས་རབས་ཤིིག་ཏུ་བསླེབས་ཡོད་པས། གངས་དཀར་གྱིས་བརྗོད་པ་བཞིན། བྱིས་དེབ་ཀློག་པའི་གོམས་སྲོལ་གྱིས་སྔོན་ཆད་མ་ཤེས་པའི་ཐ་སྙད་མང་པོ་ཞིག་ཤེས་ཡོང་བ་དང་། མ་འོངས་པར་མི་རིགས་སྤྱི་དང་བྱེ་བྲག་ལ་ཕན་པའི་བསམ་བློ་བོད་པའི་བྱིས་པ་ཞིག་ཏུ་འཚར་བའི་མི་ཚེའི་བརྒྱུད་རིམ་ལ་བསམས་ན། བལྟས་མ་ཐག་ཏུ་ཆེས་སྟབས་བདེ་ཡིན་པའི་བཅར་འདྲི་འདི་ཡི་རྒྱབ་ལོགས་སུ་གངས་དཀར་གྱི་ཕ་མ་གཉིས་ཀྱི་དཀའ་སྤྱད་འབད་བརྩོན་གྱི་རྔུལ་ཆུ་དང་། གངས་དཀར་རང་ཉིད་ཀྱི་ཆུ་ཐིགས་བསགས་ཏེ་རྒྱ་མཚོར་གྲུབ་པའི་གྲུབ་འབྲས་གཡུར་དུ་ཟ་ཞིང་འོད་དུ་འཚེར་བ་ཞིག་མཐོ་རུ་བརྩེགས་ཤིང་དཔང་དུ་བསྲིངས་འདུག  བོད་རིགས་བྱིས་པ་འདི་ཚོའི་ཕ་མ་དང་དགེ་རྒན། གྲོགས་པོ་དང་གྲོགས་མོ་སོགས་གང་ཡང་རུང་བ་ཞིག་ཡིན་པའི་ངེད་ཅག་ལ་མཚོན་ན། གངས་དཀར་ལྟ་བུའི་གངས་ལྗོངས་ཀྱི་མི་རབས་རྗེས་མ་ཚོའི་སློབ་སྦྱོང་གི་ཁ་ཕྱོགས་དང་མི་གཤིས་ཀྱི་མཛེས་པ། སྤྱི་ཚོགས་ཀྱི་འགན་འཁྲི་དང་མ་འོངས་པའི་མདུན་ལམ་སོགས་ལ་མ་མཐའ་ཡང་སེམས་ཁུར་ཞིག་ཅིས་ཀྱང་བྱེད་དགོས། གངས་དཀར་གྱིས་དཔེ་ཀློག་གི་བྱ་འགུལ་ཞིག་ཀྱང་སྤེལ་བཞིན་ཡོད་པ་དང་། དེ་ནི་བྱིས་པའི་ལྷན་སྐྱེས་ཀྱི་ནུས་པ་དང་སློབ་སྦྱོང་གི་སྤྲོ་སྣང་གོང་འཕེལ་དུ་གཏོང་རྒྱུར་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན།

བྱིས་པ་ཞིག་གིས་རང་གི་ཕ་མེས་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་ཐུབ་མིན་དེ་ནི། ཆེས་ཐོག་མར་ཕ་མ་དང་ལྷན་དུ། དེ་ནས་དགེ་རྒན་དང་ལྷན་དུ། དེ་ནས་དཔེ་དེབ་དང་ལྷན་དུ། དེ་ནས་ཁོར་ཡུག་དང་མཉམ་དུ་རིག་གཞུང་དེ་བེད་སྤྱོད་བྱེད་པ་བཅས་ལ་རག་ལས་པ་དང་། གངས་དཀར་གྱིས་བསླབས་ཟིན་པ་དང་སློབ་བཞིན་པའི་བོད་རང་གི་ཁྱད་ཆོས་ལྡན་པའི་ཤེས་ཡོན་དེ་དག་གི་མ་འོངས་པ་ལ་ཡང་ང་ཚོས་བསམ་བློ་གཏིང་ཟབ་ཅིག་མི་གཏོང་ཀ་མེད་ཡིན། གངས་དཀར་གྱི་དྭངས་གཙང་གི་བྱིས་བློ་དེ་ནི་དཀར་གཙང་གི་གངས་རི་ཆུང་ཆུང་ཞིག་ཡིན། དེའི་ཉིན་རྒྱབ་ཀུན་ཏུ་ཕ་མ་དང་དགེ་རྒན། གྲོགས་པོ་དང་ཁོར་ཡུག་ཀུན་ནས་ཁ་བའི་འདབ་མ་ཁྲི་སྟོང་མང་པོ་ཞིག་བབས་དང་འབབ་བཞིན་ཡོད་པས། དུས་ཚོད་དང་ཉི་མ། གཟའ་འཁོར་དང་ཟླ་བ། ལོ་འཁོར་དང་བསམ་གཞིག་མང་པོ་ཞིག་བརྒྱུད་རྗེས། གངས་དཀར་གྱི་མི་རབས་དེའི་ཁྲོད་དུའང་གངས་དཀར་ལྟ་བུའི་བོད་གངས་ཅན་པའི་ཤེས་རིག་ལ་དུང་བ་ཟབ་ཅིང་། བོད་ཀྱི་མི་རིགས་འདིའི་མ་འོངས་པའི་མི་རབས་ལ་རེ་བ་ཞིག་འདུག་ཨང་སྙམ་པའི་སྤོབས་པ་སྟེར་ཐུབ་པའི་བྱིས་པ་གང་ལ་གང་འཚམ་ཞིག་ཡོད་པ་འདི་ལ་བསམས་ན། ཀློག་པ་པོ་ཁྱེད་ཅག་ཀྱང་བསྟན་འཛིན་གངས་དཀར་གྱི་ཕ་མ་དང་འདྲ་བར་སྨོན། ཁྱེད་ཅག་གི་སྙིང་ཉེ་བའི་བྱིས་པ་དེ་དག་ཀྱང་བསྟན་འཛིན་གངས་དཀར་དང་མཚུངས་པར་ཤོག།

བསྟན་འཛིན་གངས་དཀར་ལ་བཅར་འདྲི་བྱས་པའི་ལེ་ཚན་ལ་འདི་ནས་བལྟ་ཐུབ།

སྒྲུང་དེབ་ཁྲོད་ཀྱི་བྱིས་པ། – https://tibettimes.net/2021/01/28/210345/

གངས་དཀར་གྱི་ཨ་མ་ཉི་མ་འཚོར་བྱིས་སྒྲུང་སྐོར་བཅར་འདྲི་བྱས་པར་ https://www.youtube.com/watch?v=aHGr9pe1U4w འདི་ནས་བལྟ་ཐུབ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༡༧ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༤
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese