ཐུན་མོང་གི་དྲི་བ།
བོད་མི་མང་སྤྱི་འཐུས་ཞེས་པ་དེ་མི་མང་གི་སྐུ་ཚབ་རེད་ལ། མི་མང་གི་ངོ་གདོང་ལྟ་བུ་ཞིག་གི་ངོས་འཛིན་ཐོབ་སའི་གང་ཟག་དེའང་ཆགས་ཡོད་དུས། ཁྱེད་ཀྱིས་འགན་ཆེན་པོ་དེ་འདྲ་ཞིག་འཁུར་ཐུབ་པའི་གདེང་ཚོད་ག་འདྲ་བསླེབས་སོང་།
དངོས་གྲུབ་རྡོ་རྗེ་ལགས།
ལན། ད་ཐེངས་ང་རང་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིའི་ནང་ལ་བསླེབས་པ་རེད། བསླེབས་པ་དེ་ཡང་རྒྱ་ཆེའི་མང་ཚོགས་ཀྱི་ཐུགས་ཀྱི་རེ་བ་དང་།
རང་ཉིད་ཀྱི་ཐོག་ནས་ཀྱང་གདེང་ཚོད་དངོས་སུ་ཡོད་བསྡད་པ་ཞིག་རེད། གང་ཡིན་ཟེར་ན། ཕྱོགས་གཅིག་ནས་ད་བར་སོ་སོས་མི་ལོ་ ༤༠ ལྷག་གི་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཆེ་ཕྲ་ཆུང་གསུམ་མང་པོའི་ནང་འབད་བརྩོན་དང་ཞབས་ཕྱི་ཞུས་ཡོད་པ་རེད། དེ་ཉམས་མྱོང་གི་གཞི་རྟེན་ཆེན་པོ་ཞིག་རེད། དེ་བཞིན་རྒྱལ་སྤྱིའི་གནས་བབ་ཀྱི་ཐོག་ནས་ཀྱང་བོད་དོན་ཐོག་ལོ་མང་པོའི་རིང་སོ་སོ་ལ་མྱོང་བ་མང་པོ་བསགས་པ་དང་། ཕྱིའི་མི་ལ་འབྲེལ་བ་མང་པོ་བྱུང་ནས། བོད་ཀྱི་ཆབ་སྲིད་གནས་སྟངས་ཀྱི་ཐོག་ལའང་ཧ་གོ་དོན་རྟོགས་གསལ་པོ་ཞེ་དྲགས་ཆགས་ཡོད་སྟབས། དེ་ཚོ་ཚང་མ་གཞི་རྟེན་ལ་བཞག་ནས་དེ་རིང་ང་རང་མི་མང་གིས་རེ་བ་བྱས་པ་ནང་བཞིན་སྤྱི་འཐུས་མཐའ་མའི་དངོས་གཞིའི་ནང་བདམས་པ་ཡིན་ན། སོ་སོའི་ངོས་ནས་ལྷག་བསམ་རྣམ་དག་གི་ཐོག་ནས་ཆོས་དང་རིག་གཞུང་། ཆབ་སྲིད། རྒྱལ་སྤྱིའི་གནས་བབ་ཀྱི་ཐོག་དང་། ལྷག་པར་དུ་ང་ཚོའི་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐོག་ལ་གང་ལ་གང་འཚམ་གྱིས་ཞབས་ཕྱི་ཞུ་ཐུབ་རྒྱུའི་གདེང་ཚོད་ཞེ་དྲགས་ཆེན་པོ་ཡོད།
འཇིགས་མེད་ལགས།
ལན། གལ་ཆེ་ཤོས་དེ་དང་པོ་སོ་སོས་སོ་སོར་ཡིད་ཆེས་དགོས་པ་དང་། སོ་སོས་ལས་དོན་ག་རེ་བྱེད་ཀྱི་ཡོད་ནའང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན་སྟབས། སོ་སོར་གདེང་ཚོད་དགོས་པ་ཞིག་དང་།
སོ་སོས་དེའི་ཐོག་ལ་ནུས་པ་སྤུང་ཐུབ་པ་དང་ཞབས་འདེགས་ཞུ་ཐུབ་པའི་གདེང་ཚོད་དེ་ངེས་པར་དུ་དགོས་ཀྱི་རེད། དེར་བརྟེན་ཐོག་མར་སོ་སོ་རང་ཉིད་ལ་ཡིད་ཆེས་དང་བློ་འགེལ་གདེང་ཚོད་མེད་པ་ཡིན་ན། ང་རང་ཚོའི་སྤྱི་ཚོགས་ནང་ལ་ཐོག་མར་རྒྱལ་ཁབ་དང་མི་རིགས་ཕར་ཞོག ཐ་ན་སོ་སོ་སྒེར་གྱི་ལས་དོན་ཐོག་ལའང་གྲུབ་འབྲས་ཐོན་རྒྱུར་དཀའ་ངལ་ཞེ་དྲགས་ཡོང་གི་རེད། དེར་བརྟེན་དང་པོ་དེར་ང་ཚོས་དབྱིན་སྐད་ནང་ self confidence (རང་རྟོན) ངེས་པར་དུ་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པའི་ཆ་ནས་སོ་སོའི་རྒྱལ་ཁབ་དང་། བོད་ནང་ལོགས་སུ་བཞུགས་པའི་རྒྱ་ཆེའི་མི་མང་ཚོས་བཙན་བྱོལ་ལ་ཡོད་པའི་ང་ཚོ་བོད་མི་མང་ལ་རེ་བ་ཞེ་པོ་རྒྱག་གི་ཡོད་སྟབས། ང་ཚོས་ཁོང་ཚོའི་སྐུ་ཚབ་མཚོན་ཐུབ་རྒྱུ་ཞིག་དང་། ཁོང་ཚོའི་བདེན་དོན་དེ་རྒྱལ་སྤྱིའི་སྟེང་ལ་འཁྱེར་ཐུབ་ཐབས། དངོས་གནས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཐོག་འདི་ལ་བོད་ལ་གདན་ཞུ་ཐུབ་རྒྱུར་གདེང་ཚོད་དང་བློ་སྤོབས་ཆ་ཚང་ཞིག་ངེས་པར་དུ་ཚང་དགོས་པ་གལ་ཆེན་པོ་རེེད། ལྷག་པར་དུ་གྲོས་ཚོགས་ཀྱི་འཐུས་མི་བྱ་རྒྱུ་ཡིན་ཞེས་ལབ་པ་ཙམ་མིན་པར། རྒྱུན་ལྡན་ནས་སོ་སོས་བསམ་བློ་གཏོང་བའི་སྐབས་སུ་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས། སོ་སོའི་ལུང་པ་འདི་དགྲ་ཡི་ལག་པར་ཡོད་པ་ཞིག་དང་། འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པའི་ཆ་ནས་དུས་རྒྱུན་དུ་སོ་སོར་གདེང་ཚོད་དང་སྤོབས་པ་དགོས་རྒྱུ་ཞིག་རེད་ལ། དེ་བས་ཀྱང་གལ་ཆེ་བ་ཞིག་ལ་གྲོས་ཚོགས་ནང་ཕྱིན་རྗེས་འགན་འཁུར་རྒྱུ་དང་། མི་མང་གི་འཐུས་མི་དང་སྐུ་ཚབ་བྱ་རྒྱུ་ཡིན། དེ་ཡང་ཆོལ་ཁའི་མིང་ཐོག་ནས་མི་མང་གི་སྐུ་ཚབ་བྱ་རྒྱུ་ཡིན་ཞེས་ལབ་དུས། དངོས་གནས་འགན་དེ་ཁྱོག་པ་ཙམ་དུ་མ་ཟད། འཐབ་རྩོད་ནང་ལ་གདེང་སྤོབས་ཆེན་པོའི་ཐོག་ནས་འགན་འཁུར་ཐུབ་པ་བྱ་རྒྱུར་ང་ལ་གདེང་ཚོད་ཡོད་ལ། ད་བར་ཕྱག་ལས་གནང་མཁན་དང་སྤྱི་འཐུས་ནང་བཞེངས་མཁན་ཚང་མར་གདེང་ཚོད་སྤོབས་པ་དེ་བརྒྱ་ཆ་བརྒྱ་ཡོད་རེད་བསམ་གྱི་ཡོད། དེ་འདྲ་ཞིག་མེད་ན། ངས་སྤྱི་འཐུས་ལ་བཞེངས་པ་ཡིན་ནའང་ཆོ་མེད་པ་ལྟ་བུ་མཐོང་གི་འདུག ལྷག་པར་དུ་སོ་སོའི་རྒྱལ་ཁབ་དེ་བཙན་འོག་ལ་ཤོར་བ་དང་མི་གསོད་ཁྲག་སྦྱོར་བྱུང་ནས་མི་ལོ་ ༦༠ ལྷག་འགྲོ་ཡི་ཡོད་པ་དང་། མི་ལོ་ ༦༠ ལྷག་གི་རིང་ང་ཚོར་ཁྲག་དང་མིག་ཆུའི་ལོ་རྒྱུས་ཤིག་མ་གཏོགས་རག་མེད་སྟབས། དེ་ལ་དཔག་ནས་ང་ཚོས་སྔར་ལས་ལྷག་པའི་གདེང་སྤོབས་དང་ལས་ཀ་བྱེད་དགོས་ཀྱི་རེད།
བློ་བཟང་རྒྱ་མཚོ་སྲི་ཐར་ལགས།
ལན། ཕྱོགས་གཅིག་ནས་ང་རང་ལྟ་བུ་ཡིན་ན་བཙན་བྱོལ་ལ་སྐྱེས་ནས། ལོ་བཅུ་ལྷག་གི་རིང་དྷ་རམ་ས་ལར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མང་པོའི་མཉམ་དུ་ལས་ཀ་བྱས་མྱོང་ལ། དེའི་མཉམ་དུ་བོད་ནང་ལོགས་ཀྱི་འབྲེལ་མཐུད་པ་སོགས་མང་པོའི་མཉམ་དུ་ལས་ཀ་བྱས་ཡོད་སྟབས། དེ་རིང་ང་སྤྱི་འཐུས་ལ་ལངས་དགོས་པའི་རྒྱུ་མཚན་ནི། ངའི་ཆེད་ལས་དང་ཉམས་མྱོང་གིས་གྲོས་ཚོགས་དང་བོད་མིའི་སྒྲིག་འཛུགས་ལ་ཐུགས་ཕན་ཞིག་གསོ་ཐུབ་ཀྱི་རེད་བསམ་གྱི་འདུག དེ་ཡང་སོ་སོ་འཕྲུལ་ཆས་རིག་པ་སོགས་བརྡ་འཕྲིན་གྱི་ཆེད་ལས་པ་ཞིག་ཡིན་སྟབས། དེ་དགོས་རྒྱུ་རེད་བསམ་གྱི་འདུག དེའི་ཐོག་ནས་ངས་ཐུགས་ཕན་ཡག་པོ་གསོ་ཐུབ་ཀྱི་རེད་བསམ་གྱི་འདུག་ལ། དེར་ང་ལ་ཡིད་ཆེས་དང་གདེང་ཚོད་ཀྱང་ཡོད། གཙོ་བོ་དེ་འདྲ་ཡིན།
བྱམས་པ་ཆོས་འཕེལ་ལགས།
ལན། བོད་མི་མང་སྤྱི་འཐུས་ཟེར་བ་དེ་གལ་གནད་ཆེན་པོ་ཞེ་དྲགས་རེད། དེར་བརྟེན་བོད་མི་མང་གི་སྐུ་ཚབ་བྱེད་པར་གདེང་སྤོབས་ག་རེ་ཡོད་ཅེས་དྲིས་དུས། བོད་མི་མང་སྤྱི་འཐུས་ཟེར་བ་དེ་བོད་གཞིས་བྱེས་གཉིས་ཀྱི་རེ་བ་སྒྲུབ་མཁན་དང་། སྐུ་ཡི་སྐུ་ཚབ་གསུང་གི་གསུང་ཚབ་ལྟ་བུ་ཆགས་ཀྱི་ཡོད་སྟབས། བོད་གཞིས་བྱེས་གཉིས་ཀྱི་རེ་བའི་འབྲས་བུ་གང་རེད་ཟེར་ན། ༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ནས་ཤར་བསྐྱོད་ཐུབ་རྒྱུ་ཞིག་དང་། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་མ་འཁྲུག་པ་དང་ཐུགས་བདེ་པོ་ཡོང་ཐུབ་རྒྱུ་ཞིག་ལ་ང་ཚོས་ལས་འགན་གང་ལ་གང་འཚམ་སྒྲུབ་དགོས་ཀྱི་ཡོད། ལྷག་པར་དུ་ང་རང་ལྟ་བུར་མཚོན་ན། སྔོན་འགྲོའི་སྐབས་དྲིལ་བསྒྲགས་སོགས་གང་ཡང་བྱས་མེད་དེ། འོས་འཕེན་པ་རྣམ་པ་ཚོས་ཡིད་ཆེས་དང་རེ་བ་གནང་སྟེ། ཁོས་གཅིག་བྱེད་ཐུབ་ཀྱི་རེད། ཁོས་གཅིག་འཇོན་གྱི་རེད། ཁོ་ཡར་སླེབ་པ་ཡིན་ན་ང་ཚོའི་སྐུ་ཚབ་ཡང་དག་པ་དང་ཚད་དང་ལྡན་པ་ཡོང་གི་རེད་དགོངས་ནས་ང་རང་དབུས་གཙང་ཆོལ་ཁའི་འོས་གཞི་བཅུ་པའི་ནང་བསླེབས་པ་རེད། འདིིའི་ཐོག་ནས་ཁོང་རྣམ་པ་ཚོས་ང་ལ་ཡིད་ཆེས་དང་རེ་བ་ཡོད་པ་ནང་བཞིན། སོ་སོ་ཡིན་ནའང་བོད་མི་མང་སྤྱི་འཐུས་སུ་སླེབ་པའི་ཁ་ཐུག་དེར། གཙོ་ཆེར་དེ་སྔོན་གོང་དུ་ཞུས་པ་བཞིན་ང་ཚོའི་རེ་བའི་འབྲས་བུ་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུ་ཞིག་དང་། མགོན་པོ་གང་ཉིད་ཀྱི་དགོངས་གཞི་གཞིར་བཞག་བྱས་ནས་ང་ཚོའི་ངོས་ནས་ནུས་པ་གང་འདོན་དགོས་པ་དང་། ལྷག་པར་དུ་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཛ་དྲག་དཀའ་ངལ་ཞེ་དྲགས་ནང་གནས་སྡོད་ཡོད་པ་ཞིག་རེད། སོ་སོ་ལྟ་བུ་ཡིན་ན་ཁྱིམ་ཚང་གི་ཐོག་ནས་དངོས་སུ་དེ་ལྟ་བུའི་མྱོང་བ་ཡོད་སྟབས། དེ་ཚོའི་གནས་སྟངས་ཚང་མ་གྲོས་ཚོགས་འདིའི་ནང་གླེང་ནས་འཛིན་སྐྱོང་བཀའ་ཤག་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གང་འདྲ་སྐྱེལ་དགོས་མིན་དང་། རང་ཉིད་སོ་སོ་ལ་འོས་ཤོག་བླུག་མཁན་དང་ཡིད་ཆེས་རེ་བ་གནང་མཁན་ཁོང་རྣམ་པ་ཚོའི་ཐུགས་རེ་དེ་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ་གདེང་ཚོད་ཆེན་པོ་ཞིག་ཡོད། དེ་ཡོད་པའི་རྒྱུ་མཚན་གང་རེད་ཟེར་ན། སོ་སོས་ལས་ཀ་བྱས་པའི་བརྒྱུད་རིམ་དང་ཉམས་མྱོང་། ལྷག་བསམ། སེམས་ཤུགས་ཆེན་པོའི་ཐོག་ནས་བྱས་ཐུབ་ཡོད་པ་དེར་མི་མང་ངོས་ནས་གང་ལ་གང་འཚམ་གྱིས་ངོས་འཛིན་གནང་ཐུབ་འདུག ང་རང་གྲོས་ཚོགས་ར་བ་འདིའི་ནང་སླེབ་པ་ཡིན་ན་གཞིས་ལུས་བོད་རིགས་སྤུན་ཟླ་རྣམ་པ་དང་། ལྷག་པར་དུ་ང་ལ་ཡིད་ཆེས་གནང་མཁན་ཚོའི་ཐུགས་རེ་ཆུད་ཟོས་སུ་འགྲོ་རྒྱུ་མ་རེད་ཅེས་གདེང་ཚོད་དང་སྤོབས་པ་ཆེན་པོ་ཡོད།
བསྟན་འཛིན་ཆོས་འཛིན་ལགས།
ལན། ངས་ག་དུས་ཡིན་ནའང་བོད་ཀྱི་འཐབ་རྩོད་ཟེར་བ་དེ་ཁ་ཕྱོགས་གཉིས་ལ་མཐོང་གི་འདུག ཨང་ཀི་དང་པོ་དེ་ཆབ་སྲིད་ཀྱི་ལས་འགུལ་དེ་གཙོ་ཆེ་ཤོས་ལ་མཐོང་གི་འདུག་ལ། དེ་ད་ལྟའི་དུས་ལ་དགོས་ངེས་ཤིག་དང་ང་ཚོའི་ཤུགས་རྒྱག་ས་གཙོ་བོ་དེ་ཆགས་ཀྱི་ཡོད། དེ་དང་ཁ་བྲལ་མི་ཐུབ་པ་དེ་སྤྱི་ཚོགས་ཡར་རྒྱས་ཟེར་བ་དེ་ཡིན་ཞིང་། དེའི་ཐད་ང་ཚོས་ཤུགས་རྒྱག་དགོས་པ་ངས་གནད་འགག་ཅིག་ལ་རྩི་ཡི་ཡོད། ང་རང་ལྟ་བུར་མཚོན་ན། རང་ལ་ཐོབ་པའི་ཤེས་བྱ་དང་ཉམས་མྱོང་རྣམས་སྤྱི་ཚོགས་ཡར་རྒྱས་ཀྱི་ཕྱོགས་སུ་ནུས་པ་མཉམ་སྤུངས་བྱ་རྒྱུའི་འདུན་པ་ཡོད་མཁན་གྱི་བུད་མེད་ཅིག་ཡིན། དེར་བརྟེན་དེ་རིང་འདི་འདྲའི་འགན་དབང་ཆེན་པོ་ཞིག་མཐོང་བའི་ཐོག་ནས། ངས་མ་འོངས་ལོ་ལྔ་དང་བཅུའི་ནང་གཞོན་སྐྱེས་ཁྲོད་དུ་འགན་འཁུར་སྣེ་ཁྲིད་ལེན་རྒྱུ་མང་དུ་འགྲོ་ཡི་རེད་བསམ་གྱི་འདུག ད་ལྟ་ང་ཚོས་རྒན་པའི་ས་ནས་ཡོན་ཏན་ག་རེ་སྦྱངས་པ་ཡིན་ན་འདྲ། སོ་སོའི་ངོས་ནས་དེང་རབས་ཀྱི་ཤེས་བྱ་དེ་ཚོ་ལག་ཆ་ལྟ་བུར་བཟོས་ནས་མདུན་ལ་གོམ་པ་སྤོ་རྒྱུའི་དུས་ལ་བབ་ཡོད་པ་ཚོར་གྱི་ཡོད་དུས། དེ་རིང་འདིར་གདེང་སྤོབས་ལས་ལྷག་པར་འགན་དབང་ཞིག་ཡོད་བསམ་པའི་ཐོག་ནས་རང་ཉིད་འོས་མིར་ལངས་རྒྱུའི་ཐག་གཅོད་བླངས་པ་ཡིན།
ཚེ་རིང་ལྷ་སྐྱབས་ལགས།
ལན། ཐོག་མ་དེར་ང་རང་གདེང་སྤོབས་ཡོད་པའི་ཐོག་ནས་སྤྱི་འཐུས་ལ་ལངས་པ་ཡིན། ༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་མཐོ་སློབ་ཐོན་རྗེས་ད་བར་ལོ་ ༣༥ ལྷག་གི་རིང་བསྟུད་མར་སྤྱི་ཚོགས་ནང་ཞབས་ཕྱི་ཞུས་པ་ཡིན། དེ་འདྲའི་ཐོག་ནས་རང་ཉིད་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་ཐུབ་པ་བྱ་རྒྱུའི་གདེང་སྤོབས་ཡོད་པ་ནང་བཞིན། ད་ཐེངས་དངོས་གཞིའི་ནང་འདེམས་ཐོན་བྱུང་བ་འདིས་རྒྱ་ཆེའི་མང་ཚོགས་ངོས་ནས་ཏན་ཏན་རེ་བ་ཞིག་ཡོད་པ་མཐོང་གི་འདུག དེར་བརྟེན་གཙོ་ཆེ་ཤོས་དེ་ང་ཚོའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དེ་ཆོལ་ཁའི་ཐོག་ནས་སླེབ་ཀྱི་ཡོད་རེད་དེ། སྤྱི་འཐུས་ནང་ལ་འདེམས་ཐོན་བྱུང་བ་ཡིན་ན། བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་གྱི་ཡོད་པ་སོ་སོས་དུས་དང་རྣམ་པ་ཀུན་ཏུ་ཤེས་ཀྱི་ཡོད། ལྷག་དོན་དུ་༧གོང་ས་མཆོག་གིས་ག་དུས་ཡིན་ནའང་བོད་དོན་འཐབ་རྩོད་འདི་བོད་མི་མི་རེ་ངོ་རེའི་ཕྲག་པ་ལ་འགན་འཁྲི་ཡོད་རེད་ཅེས་པའི་བཀའ་སློབ་དེ་ཉིད་ཆུང་དུས་ནས་སོ་སོའི་སྙིང་ལ་བཅངས་ཡོད། ང་ཚོ་ད་ལྟ་སྐྱབས་བཅོལ་བའི་གནས་སྟངས་ནང་ཡོད་པ་དང་། ང་ཚོས་བདེན་མཐའ་གསལ་དགོས་ཀྱི་ཡོད། བདེན་མཐའ་གསལ་བ་དང་༧གོང་ས་མཆོག་གི་དགོངས་གཞི་འགྲུབ་པ་ལ་རང་ཉིད་ངོས་ནས་ད་བར་ཧུར་ཐག་འབད་ཐག་ཞུས་ཡོད། དེའི་ཐོག་ད་བར་མང་ཚོགས་ལ་སྣེ་འཁྲིད་དང་ཁོང་ཚོའི་མངོན་འདོད་གང་ལ་གང་འཚམ་གྲུབ་ཐུབ་པ་བྱུང་ཡོད་སྟབས། མང་ཚོགས་ཀྱི་གདེང་སྤོབས་ཡོད་པའི་ཐོག་ནས་རྒྱབ་སྐྱོར་གནང་བ་རེད་བསམ་གྱི་འདུག
རིག་འཛིན་ལྷུན་གྲུབ་ལགས།
ལན། ང་ཚོ་བོད་མི་རིགས་ཀྱི་བདེན་དོན་གྱི་འཐབ་རྩོད་འདི་མི་རབས་གཅིག་དང་མི་ཐོག་གཅིག་གི་འཐབ་རྩོད་ཅིག་ཆགས་ཀྱི་ཡོད་པ་མ་རེད། མི་རིགས་གཅིག་གི་འཐབ་རྩོད་རེད། དེར་བརྟེན། མི་རིགས་གཅིག་གི་ངོ་བོ་དང་ཐུན་མིན་གྱི་རྣམ་དཔྱོད་ལས་འཁྲུངས་པའི་རིག་པའི་གཞུང་ལུགས་ཕུལ་དུ་བྱུང་བ་མང་པོ་ཞེ་དྲགས་ཡོད་པ་རེད། དེ་ཚོ་མུ་མཐུད་ནས་མི་རབས་བུ་རྒྱུད་དང་བཅས་པས་རྒྱུན་འཛིན་གནང་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་དེ་ཚོའི་ཐོག་ལ་ཆ་བཞག་ན། སོ་སོས་འདས་པའི་མི་ལོ་ ༡༥ ལྷག་གི་རིང་ཝྭ་ར་ཎ་སིར་ནང་བསྟན་རིག་པ་གཙོ་བོར་གྱུར་བའི་བོད་ཀྱི་ཐུན་མིན་གྱི་གཞུང་ལུགས་ལ་སློབ་སྦྱོང་བྱ་རྒྱུ་རག་ཡོད་ལ། དེའི་ཐོག་ལ་འབུམ་རམས་པ་ཐོན་པ་རེད། དེར་བརྟེན་སོ་སོ་ལ་དགེ་བའི་གཤེས་གཉེན་ལ་བརྟེན་ནས་བོད་མི་རིགས་ཀྱི་ལེགས་བྱང་གི་ངོ་བོ་སོགས་ཀྱི་ཐད་རྒྱུས་མངའ་ཡོད་སྟབས། དེའི་ཐོག་ནས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རིགས་ཞེས་པའི་ཚབ་མཚོན་བྱ་ཐུབ་རྒྱུའི་གདེང་སྤོབས་རང་བཞིན་གྱིས་ཡོང་གི་འདུག གཉིས་པ་དེར་ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ལ་མཚོན་ན། བོད་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་དེ་སེལ་བར་བྱེད་པ་ལ། དེའི་གནད་དོན་མང་པོ་ཞིག་ལ་རྒྱུས་མངའ་དགོས་པ་དང་། ལྷག་པར་དུ་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་ལ་རྒྱུས་མངའ་ཟབ་པོ་དགོས། ད་ལྟའི་ཆར་ང་ཚོའི་འཐབ་རྩོད་ཀྱི་ནུས་པ་ཆེ་ཤོས་དེ་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ལ་སློབ་སྦྱོང་ཞུ་རྒྱུ་དེ་རེད་བསམ་གྱི་འདུག
ཐུན་མོང་མ་ཡིན་པའི་དྲི་བ།
རིག་འཛིན་ལྷུན་གྲུབ་ལགས།
བོད་མི་མང་སྤྱི་འཐུས་བྱེ་བྲག་པ་རེ་ཟུང་བརྒྱུད་ནས་འཛིན་སྐྱོང་བཀའ་ཤག་ལ་རོགས་དངུལ་ཐོབ་པའི་དོན་བཟང་དེ་འདྲ་བྱུང་ཡོད་པ་རེད། ཁྱེད་ཀྱིས་ཀྱང་དེ་ལྟ་བུའི་དོན་བཟང་ འགྲུབ་རྒྱུའི་ཡིད་ཆེས་དང་རེ་བ་འདུག་གམ།
ལན། ད་ལྟའི་ཆར་ངས་རོགས་དངུལ་དེ་ཙམ་ཞུ་ཐུབ་ཀྱི་རེད་ཟེར་ན་ཅུང་ཧམ་པ་ཚ་པོ་ལྟ་བུ་ཆགས་ཀྱི་རེད། མ་འོངས་པར་སོ་སོར་སྤྱི་འཐུས་ཀྱི་མཚན་གནས་དེ་རག་པ་ཡིན་ན། དེ་དུས་གང་ཟག་སྒེར་གཅིག་མིན་པར་བོད་སྤྱི་པའི་མིང་ཞིག་འཁྱེར་གྱི་ཡོད་སྟབས། གཙོ་ཆེར་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དང་། ཡང་སྒོས་བོད་མི་རིགས་ལ་ཐུན་མིན་གྱི་རིག་གཞུང་ཞིག་ཡོད་སྟབས། ཏན་ཏན་དེ་འདྲའི་ཐོག་ལ་རོགས་དངུལ་རག་པར་སོ་སོའི་ངོས་ནས་ནུས་པ་འདོན་ཐུབ་ཀྱི་རེད་བསམ་གྱི་འདུག
བསྟན་འཛིན་ཆོས་འཛིན་ལགས།
ཁྱེད་རང་ལ་དངོས་གཞིའི་ནང་རྒྱལ་ཁ་ཐོབ་རྒྱུའི་གདེང་ཚོད་ག་ཚོད་འདུག་དམ།
ལན། ངས་སེམས་ཚོར་ལྟ་བུ་ཞུས་ན། སྔོན་འགྲོའི་སྐབས་ང་ལ་རྒྱབ་སྐྱོར་གང་ལ་གང་འཚམ་ཐོབ་བྱུང་། ང་རང་ལྟ་བུར་མཚོན་ན། སྤྱི་ཚོགས་ནང་ལ་དྲ་རྒྱ་དང་གསར་འགོད་སོགས་ཀྱི་མདུན་ལ་ཡང་ཡང་ཐོན་མཁན་ཞིག་མིན་ནའང་། སྤྱི་ཚོགས་ནང་མར་འཐིམས་ནས་ལས་ཀ་བྱེད་མཁན་གྱི་བུད་མེད་ཅིག་ཆགས་ཡོད། ཐོག་མར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཆར་འགོད་འགན་འཛིན་དང་།
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་མདུན་ལམ་སློབ་སྟོན་ཁང་གི་འགན་འཛིན་གྱི་ལས་གནས་སོགས། ད་བར་སྤྱི་ཚོགས་ནང་ལ་བུད་མེད་ནུས་སྟོབས་དང་། ན་གཞོན་ནུས་སྤེལ། བོད་མི་རིགས་ཀྱི་ལས་ཤུགས་གོང་འཕེལ་སོགས་ཀྱི་ཐད་རང་ངོས་ནས་ནུས་པ་གང་ཐུབ་ཅི་ཐུབ་བཏོན་ཡོད་བསམ་པའི་གདེང་སྤོབས་ཤིག་ཡོད། དེར་བརྟེན་ང་རང་སྤྱི་ཚོགས་ནང་མངོན་གསལ་དོད་པོའི་ཐོག་ནས་མར་ཐོན་མེད་ནའང་། སྤྱི་ཚོགས་ནང་མར་འཐིམས་ནས་ལས་ཀ་བྱས་པའི་བྱིན་རླབས་དེའི་རྐྱེན་པས་སྔོན་འགྲོའི་ནང་རྒྱབ་སྐྱོར་ཆེན་པོ་ཐོབ་སོང་ལ། དྲིལ་བསྒྲགས་སོགས་མང་པོ་བྱས་མེད་ནའང་མི་མང་ངོས་ནས་བུད་མེད་ཅིག་རེད། གཞོན་སྐྱེས་ཤིག་རེད། འཇོན་གྱི་མ་རེད་སྙམ་པའི་བསམ་བློ་དེ་མེད་པའི་ཐོག་ནས་བརྡ་ལན་དང་ཡིད་ཆེས་བྱས་པའི་རྐྱེན་གྱིས། ད་ལྟ་ང་དངོས་གཞི་ལ་བསླེབས་པ་རེད་ལ། བསླེབས་པ་དེས་རང་ཉིད་ལ་སྔར་བས་འདུན་པ་ཆེ་བ་དང་། སྤྱི་འཐུས་འོས་མི་ཟེར་བ་འགན་དབང་ཆེན་པོ་ཡིན་དུས། གདེང་སྤོབས་ཀྱང་འཕེལ་སོང་བསམ་པ་བྱུང་།
བྱམས་པ་ཆོས་འཕེལ་ལགས།
བོད་མིའི་སྤྱི་ཚོགས་ཁྲོད་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་མི་འདྲ་བ་དེ། བོད་མིའི་ཆིག་སྒྲིལ་དང་བོད་དོན་འཐབ་རྩོད་ཐད་འགོག་རྐྱེན་ཞིག་ལ་མཐོང་གི་འདུག་གམ། ཡང་ན་མཐུན་རྐྱེན་ཞིག་ལ་མཐོང་གི་འདུག
ལན། དེ་འགོག་རྐྱེན་ཞིག་ལ་རྩ་བ་ཉིད་ནས་མཐོང་གི་མེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གསོལ་རས་གནང་བའི་རྗེས་ལྟ་གྲུབ་མི་འདྲ་བ་མང་པོ་དགོས་ཀྱི་ཡོད་པ་རེད། དེ་འགོག་རྐྱེན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའང་ལྟ་གྲུབ་འཁྱེར་མཁན་ཚོས་རང་ལྟ་མཆོག་འཛིན་དང་རང་རྒྱལ་གཞན་ཕམ་གྱི་བསམ་བློ་དེ་འཁྱེར་བའི་གནས་སྟངས་ཀྱི་ཐོག་ནས་ང་ཚོའི་རྩ་དོན་འགྲུབ་རྒྱུར་འགོག་རྐྱེན་ལ་མཐོང་གི་འདུག དེའི་དཔེ་མཚོན་ད་ལྟ་འཚོག་བཞིན་པའི་གྲོས་ཚོགས་ར་བ་ནས་མཐོང་རྒྱུ་ཡོད། མ་འོངས་པར་མུ་མཐུད་མི་མང་གིས་ང་ཚོར་ཐུགས་རེ་དང་རྒྱབ་སྐྱོར་གནང་ནས་སྤྱི་འཐུས་ནང་སླེབ་པ་ཡིན་ན། ལྟ་གྲུབ་གང་འདྲ་ཞིག་འཁྱེར་བ་ཡིན་ནའང་དེ་འགོག་རྐྱེན་ལ་མི་འགྲོ་བའི་བཟང་ཆར་འགྲོ་ཐུབ་ཆེད་ནུས་པ་འདོན་རྒྱུའི་ཆོད་སེམས་བརྟན་པོ་ཡོང་གི་འདུག
ཚེ་རིང་ལྷ་སྐྱབས་ལགས།
བོད་མིའི་རང་ལུས་མེར་སྲེག་གི་གནས་ཚུལ་དེ་མིའི་རིགས་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་འཐབ་རྩོད་ཀྱི་བློས་གཏོང་ཞིག་དང་། བཙན་གནོན་གདུག་རྩུབ་བཟོད་མ་ཐུབ་པའི་འུ་ཐུག་གི་གདམ་ག་ཞིག་ཡིན་པ་ཀུན་གྱིས་བརྗོད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་གནད་དོན་འདི་གཏན་ནས་མ་བྱུང་བ་ལྟར་སྐྱུར་འཇོག་ཐུབ་ཀྱི་ཡོད་པའི་རྐྱེན་རྩ་དེ་ག་བར་ཐུག་འདུག
ལན། ད་བར་བོད་ནང་གཞིས་ལུས་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༥༥ ལྷག་གིས་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་སྐུ་ལུས་མེ་མཆོད་ཕུལ་བ་རེད། ཁོང་ཚོར་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ནས་བདེན་པ་བདེན་གཏུག་བྱེད་ས་མེད་པ་དང་། རྒྱ་ནག་གིས་བཙན་གནོན་བྱས་པའི་རྐྱེན་གྱིས་སྐུ་སྲོག་བློས་བཏང་གནང་བར་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ཚོའི་མཛད་རྗེས་འདི་རླབས་ཆེན་རེད་ལ། ལྷག་དོན་དུ་ད་ལྟའི་བོད་ནང་སྐུ་ལུས་འབུལ་གནང་མཁན་གྱི་དགོས་འདུན་གཙོ་བོ་དེ་༧སྐྱབས་མགོན་རིན་པོ་ཆེ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ་བཅས་རེད་ཞུ་རྒྱུ་ཡིན།
བློ་བཟང་རྒྱ་མཚོ་སྲི་ཐར་ལགས།
གལ་ཏེ་ཁྱེད་རང་སྤྱི་འཐུས་སུ་བདམས་ཐོན་བྱུང་ཚེ། འབྱུང་འགྱུར་ལོ་ལྔའི་འཆར་གཞི་ག་རེ་ཡིན་ནམ།
ལན། ལོ་ལྔའི་འཆར་གཞི་དེ་ད་ལྟ་སྐར་མ་ ༢ ནང་བཤད་རྒྱུ་ཁག་པོ་ཆགས་འདུག འོན་ཀྱང་ཕྱོགས་གཅིག་ནས་ད་ལྟ་གྲོས་ཚོགས་འགྲོ་བཞིན་པའི་སྐབས་འདིར་མང་པོ་ཞིག་གིས་ད་ལྟའི་དུས་འདི་བརྡ་འཕྲིན་གྱི་དུས་ཚོད་ཅིག་ཡིན་སྟབས། དེ་དང་མཐུན་པའི་ལས་ཀ་དང་ལས་འགུལ་སྤེལ་དགོས་སྐོར་བཤད་ཀྱི་འདུག་པ་ལྟར། གྲོས་ཚོགས་ནང་བརྡ་འཕྲིན་གྱི་ཆེད་ལས་པ་དགོས་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་ང་རང་ཡིན་ན་བརྡ་འཕྲིན་གྱི་ཉམས་མྱོང་གི་ཐོག་ནས་འགྱུར་བ་མང་པོ་གཏོང་ཐུབ་ཀྱི་རེད་བསམ་གྱི་འདུག དཔེ་མཚོན་གཅིག་ཞུས་ན། བཙན་བྱོལ་སྤྱི་ཚོགས་ནང་སོ་བའི་གནས་ཚུལ་མང་པོ་འབྱུང་གི་ཡོད་པ་རེད། དེ་སྔ་ཨ་རིའི་ནང་སོ་བ་ཞིག་འཇུ་བཟུང་བྱས་ཡོད་པ་རེད། འོན་ཀྱང་ཕྱོགས་གཞན་ནས་བལྟས་ན་དྲ་རྒྱའི་བརྒྱུད་ནས་དྲ་འབུ་ག་ཚོད་སླེབ་ཀྱི་ཡོད་མེད་དང་། ཡིག་ཆ་ག་ཚོད་རྐུན་མ་རྒྱག་གི་ཡོད་མེད་དེ་ཚོ་ཧ་གོ་རྒྱུ་གལ་ཆེན་པོ་རེད། ངས་ང་ཚོའི་གྲོས་ཚོགས་ནང་ལ་ Cyber security policy (བརྡ་འཕྲིན་བདེ་འཇགས་སྲིད་ཇུས) དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག དེའི་ཐོག་ལ་ངའི་ངོས་ནས་ལས་ཀ་དང་ཐུགས་ཕན་གསོ་ཐུབ་ཀྱི་རེད་བསམ་གྱི་འདུག གཙོ་བོ་གཅིག་ཞུས་ན་དེ་འདྲ་རེད།
འཇིགས་མེད་ལགས།
ཁྱེད་རང་གི་ངོས་ནས་འདས་པའི་ལོ་གཅིག་ནང་། བོད་ནང་གི་གནས་སྟངས་ཛ་དྲག་ཤོག་དེ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད།
ལན། སྤྱིར་ངའི་ངོས་ནས་བོད་ནང་གི་གནས་སྟངས་འདི་ཛ་དྲག་ཆེ་བ་དང་དེ་ཛ་དྲག་ཆུང་བ་རེད་ཅེས་ངོས་འཛིན་བྱེད་ཀྱི་མེད་ཀྱང། འདས་པའི་ལོ་གཅིག་ནང་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་གནས་སྟངས། ཉེ་བའི་ཆར་ཁམས་འབྲི་རུའི་གནས་སྟངས། ལྷག་པར་དུ་རྒྱལ་ས་ལྷ་སའི་ནང་ཞོ་སྟོན་གྱི་རྗེས་སུ་དམ་དྲག་ཤུགས་ཆེན་པོ་བྱས་ཏེ། དྲ་ལམ་ཁག་ཆ་ཚང་བཀག་ནས་ཕར་ཚུར་འབྲེལ་བ་བྱེད་ས་མེད་པའི་གནས་བབ་ནང་ཡོད་པ་མ་ཟད། དེང་སྐབས་ལྷ་ས་གཙོས་པའི་དབུས་ཁུལ་དུ་དམ་དྲག་ཆེན་པོ་བྱས་ཏེ། བཙན་བྱོལ་ལ་འབྲེལ་བ་བྱེད་མཁན་མང་པོ་ཞིག་བཀག་སྡོམ་དང་འཛིན་བཟུང་། ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ་སོགས་ཀྱི་གནས་སྟངས་ཆགས་འདུག གང་ལྟར་ ༡༩༤༩ ལོར་རྒྱ་མིས་བཙན་བཟུང་བྱས་པ་ནས་བཟུང་ད་བར་ཛ་དྲག་གི་གནས་ཚུལ་མ་བྱུང་བའི་ཉིན་མ་གཅིག་དང་། དགའ་པོ་སྐྱིད་པོ་བྱས་ནས་སྡོད་རྒྱུའི་ཉིན་མོ་ཞིག་ཡོད་པ་མ་རེད། མི་ལོ་ ༦༠ ནང་ང་ཚོར་བྱུང་བ་དེ་ཁྲག་དང་མིག་ཆུའི་ལོ་རྒྱུས་ཤིག་མ་གཏོགས། དེ་ལས་ལྷག་པ་ང་ཚོར་གང་ཡང་ཐོབ་ཡོད་པ་མ་རེད། ཡིན་ནའང་ད་ལན་དྲི་བར་ལན་འདེབས་ཀྱི་ཚུལ་དུ་ཞུས་ན། ཉེ་བའི་ཆར་ཡ་ཆེན་སྒར་གྱི་བཙུན་པ་རྣམས་ཕྱིར་ཕུད་བཏང་བ་དང་། དེ་བཞིན་བླ་རུང་སྒར་དང་ཁམས་འབྲི་རུའི་གནས་སྟངས། ལྷ་མོ་ལགས་རྐྱེན་ལམ་དུ་བཏང་བའི་གནས་སྟངས། ལྷག་པར་དུ་ད་ལྟ་དྲ་རྒྱའི་བརྒྱུད་ལམ་ཁག་ནང་ཐོན་མེད་པའི་ལྷ་ས་ཁུལ་དུ་ཞོ་སྟོན་སྐབས་ཡིག་ཆ་དང་༧གོང་ས་མཆོག་གི་སྐུ་པར་བཀྲམས་པའི་རྒྱུ་མཚན་གྱིས་ད་ལྟའང་དམ་དྲག་འོག་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག
ཆེད་དམིགས་ཀྱི་དྲི་བ།
རིག་འཛིན་ལྷུན་གྲུབ་ལགས།
རིག་འཛིན་ལྷུན་གྲུབ་ལགས་ད་ལྟའི་ཆར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་དགེ་རྒན་ཞིག་རེད། ད་ལྟའི་གྲོས་ཚོགས་དང་མང་ཚོགས་ཁྲོད་དགེ་རྒན་གྱི་གསོལ་ཕོགས་སྤར་དགོས་ཀྱི་འདུག་ཅེས་སྐད་རྒྱག་མཁན་མང་པོ་ཡོད་པ་རེད། དེའི་ཐད་ཁྱེད་རང་ལ་དགོངས་ཚུལ་གང་འདྲ་ཡོད།
ལན། དགེ་རྒན་གྱི་གསོལ་ཕོགས་ཐད་ལ་སྔོན་མ་ནས་སྐུ་ངལ་ཡོད་པ་རེད། ད་ལམ་སེང་འགྱུར་བ་བཏང་ཟེར་ན་གཞུང་གི་དངུལ་རྩིས་འགྲོ་སྟངས་ཆ་ནས་དཀའ་ལས་ཁག་པོ་རེད། དེར་བརྟེན་རང་ཉིད་དགེ་རྒན་ཞིག་ཡིན་པའི་ཐོག་ལ་སྤྱི་འཐུས་ནང་སླེབ་ན་དེ་འདྲའི་ཐོག་ལ་གྲོས་འཆར་འཁྱེར་ཐབས་དང་། དེ་མིན་མ་དངུལ་གསོག་འཇོག་གི་ལས་ཀའི་ཐད་བསམ་བློ་དང་འཆར་གཞི་གསར་པ་འདིང་ཐུབ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། དོན་དངོས་ཐོག་ལ་དགེ་རྒན་རྣམས་ཀྱི་གསོལ་ཕོགས་དེ་གལ་ཆེན་པོ་ཆགས་ཡོད། རྒྱལ་ཁབ་གཅིག་ལ་མཚོན་ན། དགེ་རྒན་གྱི་ཕྱག་ལས་དེ་གལ་ཆེན་པོ་ཞེ་དྲགས་རེད། དགེ་རྒན་གདམ་གསེས་བྱེད་དུས་སྤུས་ཚད་དེ་གང་ནས་ཡོང་གི་རེད་ཟེར་ན། གསོལ་ཕོགས་ཚད་ལྡན་དང་ཡག་ཐག་ཆོད་ཡོད་ན་ལས་རིགས་དེར་མཉམ་ཞུགས་བྱེད་མཁན་མང་དུ་འགྲོ་ཡི་རེད། དེར་བརྟེན་ཇི་ཙམ་གྱིས་དགེ་རྒན་གྱི་ལས་རིགས་དེར་གླ་ཆ་མང་བ་ཡོད་ན། དེའི་ཚོད་ཀྱིས་ང་ཚོའི་སྤྱི་ཚོགས་ནང་གདམ་གསེས་བྱ་རྒྱུ་མང་དུ་འགྲོ་ཡི་རེད། ད་ལྟའི་ང་ཚོའི་བཙན་བྱོལ་ནང་དཀའ་ངལ་ཆེ་ཤོས་གསོལ་ཕོགས་ཞེ་དྲགས་མེད་སྟབས། དགེ་རྒན་གྱི་ཕྱག་ལས་དེ་སྤྱིར་བཏང་དཀྱུས་མ་ལྟ་བུ་ཞིག་ཆགས་ཡོད། བརྒྱ་ཆ་མང་བ་དེ་སེམས་ཤུགས་དང་ལྷག་བསམ་དེ་རེད། ང་ཚོ་མི་སྐྱ་རྣམས་ལྟོ་གོས་ཀྱི་འཚོ་བ་ཞིག་སྐྱེལ་དགོས་དུས་ཏོག་ཙམ་སྐུ་ལས་ཡོང་གི་རེད། དེར་བརྟེན་སྤྱི་འཐུས་ཆགས་པ་ཡིན་ན་དེ་འདྲའི་ཐོག་ལ་ཤུགས་བརྒྱབ་རྒྱུ་ཡིན།
བསྟན་འཛིན་ཆོས་འཛིན་ལགས།
བསྟན་འཛིན་ཆོས་འཛིན་ལགས་དེ་སྔ་བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་འགན་འཛིན་གནང་པ་རེད། འདས་པའི་ལོ་ཤས་ནས་བཟུང་བོད་མི་གཞོན་སྐྱེས་མང་པོ་ཕྱི་རྒྱལ་ཁག་ནང་གནས་སྤོས་བྱེད་བཞིན་ཡོད་པའི་ཁྲོད་ནས་མང་པོ་ཞིག་གིས་བཙན་བྱོལ་ནང་ལས་རིགས་ཀྱི་ཁོར་ཡུག་དཀོན་པོ་ཡིན་པའི་དཀའ་ངལ་བཤད་ཀྱི་ཡོད་པ་རེད། ཁྱེད་རང་གི་ཆེད་ལས་དང་ཉམས་མྱོང་གི་ཐོག་ནས་རང་རེའི་སྤྱི་ཚོགས་ནང་ལས་མེད་ཀྱི་དཀའ་ངལ་ཡོད་པར་གཟིགས་ཀྱི་འདུག་གམ། གལ་ཏེ་དེ་ལྟར་གཟིགས་ཀྱི་ཡོད་ན། མ་འོངས་པའི་བཀའ་ཤག་ངོས་ནས་དཀའ་ངལ་དེ་སེལ་ཐབས་ཐད་ཕྱག་ལས་གནང་དགོས་པ་གང་འདྲ་གཟིགས་ཀྱི་འདུག།
ལན། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གཞོན་སྐྱེས་ཁྲོད་ལས་མེད་ཀྱི་གྲངས་འབོར་དེ་ཧ་ལམ་མཐོན་པོ་རེད། ཕྱི་ལོ་ ༢༠༡༠ ཡས་མས་ནང་ཞིབ་འཇུག་ཅིག་གི་ནང་གཞོན་སྐྱེས་བརྒྱ་ཆ་ ༦༠ ལྷག་གིས་ཕྱག་ལས་གནང་གི་མེད་པ་བཀོད་ཡོད། དེ་དག་ནང་ནས་ཚང་མ་རྦད་དེ་ལས་མེད་དེ་འདྲ་མ་རེད། བརྒྱ་ཆ་ ༢༠ རྦད་དེ་ལས་ཀ་མེད་པ་དང་། བརྒྱ་ཆ་ ༢༠ དགུན་ཚོང་ལྟ་བུའི་ seasonal employment ཟེར་བ་ལྟར་ཟླ་བ་དྲུག་ལ་ལས་ཀ་ཡོད་པ་དང་ཟླ་བ་དྲུག་ལ་མེད་པ་ལྟ་བུ་དང་། དེ་ནས་རིམ་པ་གསུམ་པ་དེ་རང་གི་རྩལ་དང་ཤེས་ཡོན་གཞིར་བཟུང་ཕྱག་ལས་མ་གནང་མཁན་དེ་ཆགས་ཀྱི་ཡོད། དེར་བརྟེན་བརྒྱ་ཆ་ ༦༠ དེ་སྤྱི་ཚོགས་ཡར་རྒྱས་ཀྱི་ཐད་ནས་བལྟས་ན་ཧ་ཅང་མཐོན་པོ་ཆགས་ཡོད། དེ་ཐུག་ས་མང་པོ་ཡོད་རེད། གཙོ་བོ་དེ་སློབ་གྲྭ་ནས་ང་ཚོས་རྩལ་གྱི་རིགས་ skill development ལ། དཔེར་ན་ལག་ཤེས་ལྟ་བུའི་ལས་རིགས་ལ་གཟིགས་ཕྱོགས་གང་འདྲ་ཡོད་མེད་དང་། མང་པོ་ཞིག་གིས་ང་ཚོ་བཙན་བྱོལ་བའི་གནས་སྟངས་ནང་ལས་ཀའི་གོ་སྐབས་ཉུང་ཉུང་འདུག་ཅེས་ཟེར་གྱི་ཡོད་ནའང་། བསམ་བློ་ཡག་པོ་ཞིག་བཏང་ན། ཚོང་ལས་ཀྱི་ཐོག་ནས་རང་ཁ་རང་གསོ་ཆགས་ཐུབ་རྒྱུའི་གནས་སྟངས་དང་གོ་སྐབས་མང་པོ་ཡོད་རེད། དེ་དག་ཐོག་ཤུགས་བརྒྱབ་པ་ལ་ཐོག་མར་སྤྱི་ཚོགས་ནང་ལག་ཤེས་སྦྱོང་བརྡར་ཐད་གཟིགས་ཕྱོགས་འགྱུར་བ་གཏོང་ཐབས་ཀྱི་ awareness drive (གོ་རྟོགས་ལས་འགུལ) དེ་འདྲ་སྤེལ་རྒྱུ་ཡོད། མདུན་ལམ་སློབ་སྟོན་ཁང་ངོས་ནས་བོད་པའི་གཞིས་ཆགས་ཕལ་ཆེ་བའི་ནང་ཟབ་སྦྱོང་སྤྲད་ནས་བསམ་བློར་འགྱུར་བ་གཏོང་རྒྱུའི་ལས་འགུལ་སྤེལ་ཡོད་པ་རེད། དེ་བཞིན་ང་ཚོས་རྩལ་དང་འབྲེལ་བའི་ཐོག་ལ་དངུལ་ཇི་ལྟར་འཇོག་རྒྱུ་ཡིན་མིན་དང་། གཞོན་སྐྱེས་ཁྲོད་ཚོང་ལས་ནང་དོ་དབྱིངས་སླེབ་ཆེད། དེང་སང་དཔེར་ན་ SARD (བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་) འོག་ལ་ Tibetan Entrepreneurship Develepment (བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་) ཟེར་བ་ཞིག་ཡོད་པ་དེར་ང་ཚོས་དངུལ་གང་འདྲ་བེད་སྤྱོད་གཏོང་དགོས་མིན་སོགས་བསམ་བློ་གཏོང་ས་མང་པོ་ཡོད་པ་རེད།
བྱམས་པ་ཆོས་འཕེལ་ལགས།
རང་རེའི་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་ཁྱེར་གྱི་དབང་གིས་དཀའ་རྙོག་མང་པོ་ཡོང་གི་འདུག་ཅེས་གྲོས་ཚོགས་དང་མང་ཚོགས་ནང་བསམ་ཚུལ་ཤུགས་ཆེན་པོ་ཡོང་གི་ཡོད་པ་རེད། དེའི་ཐད་ཁྱེད་རང་ཆོལ་ཁ་ཞིག་གི་ཚོགས་གཙོ་ཡིན་པའི་ཆ་ནས་ངོས་འཛིན་གང་འདྲ་ཡོད། ཁྱེད་རང་སྤྱི་འཐུས་སུ་བདམས་ཐོན་བྱུང་ན་དེར་གདོང་ལེན་གང་འདྲ་གནང་རྒྱུ་ཡིན།
ལན། སྤྱི་ཚོགས་ནང་ཆོལ་ཁའི་འཐེན་འཁྱེར་ཧ་ལས་པའི་ཤུགས་ཆེན་པོ་རེད། ཡིན་ནའང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ངོས་ནས་ཆོལ་ཁའི་འཐེན་འཁྱེར་ཆགས་ཀྱི་ཡོད་མེད་ཐད། དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ལྟ་བུར་མཚོན་ན། ང་ཆོལ་ཁའི་ཚོགས་གཙོ་ཡིན་པའི་ཆ་ནས་ང་ཚོས་བསམ་བློ་ག་རེ་གཏོང་གི་ཡོད་ཟེར་ན། གཅིག་བྱས་ན་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་ཡོང། གཉིས་བྱས་ན་༧རྒྱལ་བ་རིན་པོ་ཆེ་དགོངས་པ་འཚོམ་མ་ཡོང་། ང་ཚོའི་ཕ་མེས་ཡང་མེས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ལབ་དུས་རྩ་བའི་རྩེ་དང་དད་སེམས་བཅངས་འདུག ལྷག་པར་དུ་སྐུ་མདུན་གྱི་དགོངས་གཞི་དེ་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། གཉིས་སྨན་དབུ་མའི་ལམ་སྲིད་དེ་རེད་འདུག དེར་བརྟེན་སྤྱི་ཚོགས་དཀྲུག་མཁན་གྱི་སྤྱི་ཚོགས་དྲ་རྒྱ་སོགས་མང་པོའི་ནང་འཁྲུག་གཞི་ལྟ་བུ་ཆགས་ཀྱི་འདུག་སྟེ། ཆོལ་ཁའི་སྒྲིག་འཛུགས་ཀྱི་ངོས་ནས་སྒང་ལ་༧རྒྱལ་བ་རིན་པོ་ཆེ་བཞུགས་པ་དང་། ལྷག་པར་དུ་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་ཛ་དྲག་གི་གནས་སྟངས་འོག་ང་ཚོར་རེ་བ་ཡིད་ཆེས་གནང་གི་ཡོད་པ་རེད། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་ལའང་བློ་གཟུ་བོར་གནས་ནས་ང་ཚོར་རེ་བ་དང་ཡིད་ཆེས་གནང་གི་ཡོད་སྟབས། ང་ཚོས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་བལ་འབྲུག་གསུམ་བསྐོར་བའི་སྐབས་དེར་དེ་ག་རང་ཞུས་ཡོད། ང་ཚོ་མི་གཅིག་གཉིས་ལ་ཐུག་པའི་བཟོ་ལྟ་བུ་བྱ་རྒྱུ་མེད་པ་དང་། ༧རྒྱལ་བ་རིན་པོ་ཆེ་མེད་པའི་ཉིན་མོ་དེར་ང་ཚོའི་གནས་སྟངས་ཚར་བ་རེད། གཞན་མ་གཏོགས་བརྒྱ་བཤད་སྟོང་ལྷག་རེད་ཅེས་ད་ལྟའི་དབུས་གཙང་ཆོལ་ཁའི་ཚོགས་གཙོ་ངས་མགོ་འཁྲིད་པའི་འཛིན་སྐྱོང་གི་ལམ་ལུགས་དང་ལྟ་གྲུབ་དེ་འདྲ་ཞིག་འཁྱེར་གྱི་ཡོད་པ་རེད། དེར་བརྟེན་དེང་སང་སྤྱི་ཚོགས་ནང་འཁྲུག་གཞི་བྱུང་བ་དང་ཆོལ་ཁའི་སྒྲིག་འཛུགས་ཀྱིས་མགོ་འཁྲིད་ཀྱི་ཡོད་རེད་བསམ་པ་ཡིན་ན་ནོར་འཁྲུལ་རེད། ལྷག་པར་དུ་མཆོད་རྟེན་མགོ་གཞུག་བསློགས་ཀྱང་བང་རིམ་རྐེད་པར་གནས་ཡོད་ཅེས་པའི་དཔེ་ལྟར་ཆོལ་ཁའི་སྒྲིག་འཛུགས་ངོས་ནས་སྔར་ཡང་༧རྒྱལ་བ་རིན་པོ་ཆེའི་བཀའ་གསུང་འོག་ལ་ཤར་བསྐྱོད་བྱས་ཡོད་ལ། ད་ལྟའང་དེ་རང་ཡིན་ལ། མ་འོངས་པར་ང་སྤྱི་འཐུས་ཆགས་མིན་ལ་མ་ལྟོས་པར་སྤྱི་ཚོགས་གང་འདྲ་ཞིག་ལ་ལས་ཀ་བྱས་ནའང་། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་རྡོག་རྩ་གཅིག་སྒྲིལ་ཟེར་བ་དེ་སྙིང་ལ་བཅངས་པའི་ཐོག་ནས་ཞུ་རྒྱུ་ཡིན།
བློ་བཟང་རྒྱ་མཚོ་སྲི་ཐར་ལགས།
བློ་བཟང་རྒྱ་མཚོ་ལགས་ཀྱིས་འདས་པའི་ལོ་ཤས་ནང་ཁྱེད་ཀྱིས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བརྡ་འཕྲིན་སྲུང་སྐྱོང་ལས་གཞིའི་འགན་འཛིན་གནང་སྟེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲ་ལམ་བདེ་འཇགས་ཐད་གོ་རྟོགས་མང་པོ་ཞིག་སྤེལ་ཡོད་པ་རེད། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དྲ་ལམ་བདེ་འཇགས་ཀྱི་གནད་དོན་དེ་ཛ་དྲག་པོ་ཆགས་བསྡད་ཡོད་དུས།མ་འོངས་པར་ཁྱེད་སྤྱི་འཐུས་ཆགས་ན་དེའི་ཐད་དམིགས་བསལ་གྱི་ཕྱག་ལས་ག་རེ་གནང་རྩིས་ཡོད།
ལན། ད་ལྟའི་ཆར་ང་ཚོས་ Technology བརྡ་འཕྲིན་བེད་སྤྱོད་གཏོང་རྒྱུ་དེ་གལ་ཆེན་པོ་རྩི་ཡི་འདུག ཕྱོགས་གཞན་ནས་ང་ཚོས་བརྡ་འཕྲིན་གྱི་ཐོག་ནས་སྐད་ཡིག་དང་རིག་གཞུང་གང་འདྲ་སྲུང་སྐྱོབ་བྱ་ཐུབ་མིན་ཐད་ཤུགས་རྒྱག་རྒྱུ་གལ་ཆེན་པོ་མཐོང་གི་འདུག ང་རང་གྲོས་ཚོགས་ནང་སླེབ་ན་དེའི་ཐོག་ཐབས་ལམ་འཚོལ་རྒྱུ་ཡིན། དཔེར་ན་སྔོན་མ་ཕྱི་ལོ་ ༡༩༨༠ དང་ ༡༩༩༠ ནང་བོད་མིའི་སྒྲིག་འཛུགས་ནས་གློག་འཕྲིན་དང་དྲ་རྒྱ་མགོ་འཛུགས་དང་། དེ་བཞིན་ unicode ཀྱི TCR ཡིག་གཟུགས་མགོ་བཙུགས་པ་སོགས་མང་པོ་བྱས་ཡོད་པ་རེད། དེ་དག་རྒྱ་ནག་གིས་བོད་ནང་མགོ་མ་བཙུགས་སྔོན་ལ་ང་ཚོས་རྒྱ་གར་ནང་བྱས་པ་རེད། ད་ལྟ་ངས་དེ་འཐུས་ཤོར་འགྲོ་བ་ཞིག་ལ་མཐོང་གི་འདུག ད་ལྟའི་དུས་ཚོད་ལ་ང་ཚོ་མང་ཆེ་བས་སྐད་ཡིག་ཉར་ཚགས་དང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསུང་གི་ཡོད་ནའང་། བརྡ་འཕྲིན་གྱི་དུས་རབས་དང་མ་མཐུན་ན་སྐད་ཡིག་སྲུང་སྐྱོབ་ཇི་ཙམ་བྱེད་ཐུབ་ཀྱི་རེད་དམ། དེར་བརྟེན་ང་ཚོས་ technology (འཕྲུལ་རིག་) ལ་དབྱེ་བ་གཉིས་ཕྱེས་ནས་དབྱེ་བ་གཞན་པ་དེ་མགོ་འཛུགས་དགོས་རེད་བསམ་གྱི་འདུག དཔེར་ན་དྲ་རྒྱའི་ནང་ལ་གྷུ་གྷལ་ translate (ཡིག་བསྒྱུར་) བྱ་རྒྱུ་དང་། དེ་བཞིན་ཡི་གེ་ segmentation གང་འདྲ་བྱེད་དགོས་མིན་དང་། གཞན་ཡང་དབྱིན་ཇིའི་ནང་ spell check དག་ཆ་བསྐྱར་བཅོས་བྱ་རྒྱུ་དེ་བོད་ཡིག་ནང་ག་རེ་བྱས་ནས་ཡོད་པ་མ་རེད། དེ་ཚོ་ང་ཚོས་བོད་མིའི་སྒྲིག་འཛུགས་དང་གྲོས་ཚོགས་ནང་ལ་ཐབས་ཤེས་དང་རྒྱབ་སྐྱོར་བཙལ་ནས་འདི་ལྟ་བུའི་ལས་གཞི་མང་པོ་སྤེལ་རྒྱུའི་ལམ་ཀ་འདུག་བསམ་གྱི་འདུག་ལ། གལ་ཆེན་པོར་མཐོང་གི་འདུག དེ་འདྲའི་ཐོག་ལ་ང་རང་ངོས་ནས་ཤུགས་བརྒྱབ་ཐུབ་ཀྱི་རེད། ལས་གཞི་དེ་དག་གི་ཆེད་རྒྱལ་སྤྱིའི་སྟེང་ནས་རོགས་དངུལ་ཡང་འཚོལ་ཐུབ་ཀྱི་རེད།
བྱ་ཉལ་ཚེ་རིང་ལྷ་སྐྱབས་ལགས།
ཁྱེད་རང་གི་འབོད་ཚིག་ནང་དུ་གཞིས་ཆགས་སྲ་བརྟན་གཏོང་བར་ཤུགས་སྣོན་རྒྱག་གི་ཡིན་གསུངས་འདུག ཁྱེད་ནས་གཞིས་ཆགས་སྲ་བརྟན་ཡོང་བར་ག་རེ་གནང་རྩིས་ཡོད།
ལན། ངས་སྔོན་འགྲོའི་ཆ་རྐྱེན་ནང་གལ་ཏེ་སོ་སོ་སྤྱི་འཐུས་ནང་འདེམས་ཐོན་བྱུང་ན། གཙོ་ཆེ་ཤོས་དེ་མང་ཚོགས་ཀྱི་མངོན་འདོད་གང་ཡིན་པ་དེ་གྲོས་ཚོགས་ནང་སྤུང་རྒྱུ་དེ་རེད། ཡང་སྒོས་ངས་དེའི་ནང་གཞིས་ཆགས་སྲ་བརྟན་དགོས་སྐོར་ཞུས་དགོས་དོན་དེ། ང་ཚོ་བོད་པ་རྣམས་ལོགས་སུ་གཞིས་ཆགས་འཛུགས་རྒྱུ་གལ་ཆེན་པོ་གཟིགས་ནས་ད་ལྟ་ང་ཚོར་སློབ་གྲྭ་དང་ཆོས་དང་རིག་གཞུང་སོགས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རེ་གནང་བ་བཞིན་ཡོད་པ་རེད། འོན་ཀྱང་བར་ལམ་ཞིག་ནས་ང་ཚོའི་སྤྱི་ཚོགས་ཀྱི་མི་འབོར་ཐོག་འགྱུར་བ་ཆེན་པོ་ཕྱིན་ནས། སྔོན་མ་ཡིན་ན་བརྒྱ་ཆ་ ༧༠ དང་ ༣༠ བཤད་ཀྱི་ཡོད་ཀྱང་། ད་ལྟ་གཞུང་འབྲེལ་རང་ཐོག་ནས་ ༥༠ དང་ ༥༠ ཡིན་པའི་བཀའ་ཕེབས་ཀྱི་ཡོད་སྟབས། ང་ཚོས་གཞིས་ཆགས་ནང་མི་ག་ཚོད་ཡོད་མེད་ལ་མ་ལྟོས་པར་ཁུངས་སྐྱེལ་རྒྱུ་ཡག་ཤོས་དེ་ང་ཚོའི་ཆོས་དང་རིག་གཞུང་ཆགས་ཡོད། ང་ཚོའི་འཐབ་རྩོད་ཀྱི་ཐོག་ལའང་༧གོང་ས་མཆོག་གི་དགོངས་གཞི་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་དེ་ཡོང་ཐུབ་རྒྱུ་དེ་རེད། དེར་བརྟེན་གཞིས་ཆགས་སྲ་བརྟན་བྱུང་ན་རང་བཞིན་གྱིས་ཆོས་དང་རིག་གཞུང་གཞི་གྲུབ་པ་ལྟ་བུ་ཆགས་ཀྱི་རེད།
འཇིགས་མེད་ལགས།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་སྤེལ་བའི་བླ་སྤྲུལ་ངོས་འཛིན་ཐད་ཀྱི་ཡིག་ཆ་ཨང་ལྔ་པ་ཟེར་བ་དེར། ཁྱེད་ཀྱིས་ལན་འདེབས་སྙིང་གི་ཚེར་མ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་ས་རེད་ལ། འདས་པའི་ལོ་ཤས་ནང་༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཀྱི་དབུས་པའི་བླ་སྤྲུལ་ངོས་འཛིན་ཐད་ཕྱི་ནང་གཉིས་ནས་གླེང་སློང་དང་ལོ་རྒྱུས་རང་བཞིན་ལྡན་པའི་ཐག་གཅོད་ཤུགས་ཆེན་པོ་བྱུང་ཡོད་དུས། ད་ལྟ་ཁྱེད་རང་ཉམས་ཞིབ་པ་ཞིག་གི་ངོས་ནས་བལྟས་པ་ཡིན་ན། རྒྱ་གཞུང་གི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱིས་སྲིད་ཇུས་རྟིང་ནག་པོ་དེར་ང་ཚོས་ཁ་གཏད་ཀྱི་ལངས་ཕྱོགས་ག་འདྲ་ཞིག་འཛིན་དགོས་པ་རེད།
ལན། ང་སྔོན་མ་གཞོན་ནུའི་དབུས་རྒྱུན་ལས་བྱེད་སྐབས་གཞོན་ནུའི་འགན་འཛིན་ལྷན་ཚོགས་དང་ཚོགས་ཆེན་གྱི་གྲོས་ཆོད་ཁག་གཞིར་བཟུང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་འགྲེམས་སྤེལ་བྱས་པའི་ཡིག་ཆ་ཨང་ ༥ པ་དེ། གང་ལྟར་རྒྱ་ནག་གིས་བོད་ནང་དགེ་བཤེས་ཀྱི་ལག་འཁྱེར་སྤྲོད་པ་དང་། རིམ་པས་ཧམ་པ་ཆེ་རུ་ཕྱིན་ནས་སྤྲུལ་སྐུ་ངོས་འཛིན་བྱེད་ཐབས། ལྷག་པར་དུ་ཆབ་སྲིད་ཀྱི་དགོས་མཁོ་རང་གི་ཆེད་དུ་ཁོ་ཚོས་༧རྒྱལ་བ་རིན་པོ་ཆེའི་སྐུ་སྐྱེས་ཚུན་ཆད་ངོས་འཛིན་ཞུ་རྒྱུར་བཙན་ཐབས་བྱེད་ཀྱི་ཡོད། ཁོ་ཚོས་བོད་ཀྱི་གནད་དོན་དེ་༧རྒྱལ་བ་རིན་པོ་ཆེ་ལ་མཐོང་རྗེས་དེ་མེད་པ་རང་བཟོ་རྒྱུའི་ཆེད་ཡིག་ཆ་ཨང་ ༥ པ་དེ་བཏོན་པ་རེད། ཡིག་ཆ་དེ་སྐད་ཡིག་ཁ་ཤས་ནང་པར་བརྒྱབ་འདུག དེར་ང་ཚོའི་ངོས་ནས་ལན་འདེབས་ཤིག་ཞུས་ཡོད་པ་རེད། དེའི་ཐོག་ལ་༧གོང་ས་མཆོག་རང་ནས་བཀའ་ཞིག་ཕེབས་ཡོད་རེད་ལ། ཆོས་བརྒྱུད་ཁག་གི་བླ་ཆེན་འཛོམས་པའི་སྐབས་ལའང་གྲོས་ཆོད་བཞག་ཡོད། ལྷག་པར་དུ་ཉེ་བའི་ཆར་ཨ་རིའི་གྲོས་ཚོགས་ངོས་ནས་བཏོན་པའི་ Tibet Policy Act (བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་) ནང་༧རྒྱལ་བ་རིན་པོ་ཆེ་དང་༧པཎ་ཆེན་རིན་པོ་ཆེའི་སྐུ་སྐྱེས་དང་འབྲེལ་བའི་གནས་སྟངས་སྐོར་འཁོད་ཡོད། གལ་ཆེ་ཤོས་དེ་རྒྱ་ནག་གཞུང་གི་གཡོ་ཇུས་དེ་དག་ལ་ང་ཚོས་དུས་དང་དུས་སུ་ལས་འགུལ་སྤེལ་དགོས་པ་དེ་རེད། དཔེར་ན་ ༢༠༠༨ ལོར་བོད་ནང་གསུམ་པའི་བཅུ་དང་གསུམ་པའི་བཅུ་བཞི་ལྟ་བུའི་ཛ་དྲག་གི་གནས་སྟངས་ཡོད་པའི་སྐབས་སུ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚགས་པར་དེ་འདྲ་ཉོས་ནས་མདུན་ཤོག་དེར་རྒྱ་ནག་གིས་ཏཱ་ལའི་ལོག་སྤྱོད་དང་འབྲེལ་ནས་དེ་དང་དེ་བྱེད་ཀྱི་ཡོད་སྐོར་ཁྱབ་བསྒྲགས་མང་པོ་བྱས་པ་བཞིན། མི་མང་པོ་ཞིག་གིས་དེ་ལྟར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། གོང་དུ་བློ་བཟང་རྒྱ་མཚོ་ལགས་ཀྱིས་གསུངས་པ་ལྟར་ད་ལྟ་དྲ་རྒྱའི་བརྒྱུད་ལམ་ཡིན་སྟབས་ང་ཚོས་དུས་ཐོག་ལ་ལན་བརྒྱབ་དགོས་པ་རེད། ཕྱི་ལོ་ ༢༠༠༨ ལ་རྒྱ་ནག་གིས་དེ་དག་བྱས་ཡོད་རེད་དེ། ང་ཚོ་བོད་མི་ས་ཡ་ ༦ གི་ནང་ལན་རྒྱག་ཐུབ་མཁན་བོད་མི་གཉིས་རེད། བོད་ནང་ལ་ཚེ་རིང་འོད་ཟེར་ལགས་དང་བཙན་བྱོལ་ནང་ནས་འཇམ་དབྱངས་ནོར་བུ་ལགས་གཉིས་མ་གཏོགས་ང་ཚོ་སུ་གཅིག་གིས་ཀྱང་ལན་བརྒྱབ་ཐུབ་མ་སོང་། དེར་བརྟེན་ང་ཚོས་དེ་སྔ་རྒྱ་ནག་གི་ཡིག་ཆ་དཀར་པོ་ལ་སོགས་པ་ལ་ཕྱི་དྲིལ་དང་གཞུང་འབྲེལ་མིན་པའི་ཚོགས་པས་ལན་འདེབས་བྱེད་ཀྱི་ཡོད་པ་བཞིན། ད་ལྟ་དུས་ཐོག་ལ་ལན་འདེབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་གང་ཡང་ཡོད་པ་མ་རེད། རྫུན་མ་རེད། ཧམ་པ་བཤད་ཀྱི་འདུག་ཟེར་ནས་འཇོག་རྒྱུ་མི་འདུག ཡིན་གཅིག་མིན་གཅིག་ལན་བརྒྱབ་དགོས་པ་དེ་ཐབས་ལམ་གལ་ཆེ་ཤོས་གཅིག་རེད་འདུག
ཐུན་མོང་མ་ཡིན་པའི་དྲི་བ།
རིག་འཛིན་ལྷུན་གྲུབ་ལགས།
དུས་རྒྱུན་ང་ཚོས་འཐབ་རྩོད་ནང་གཞུང་དམངས་གཉིས་མཉམ་རུབ་དགོས་སྐོར་བཤད་ཀྱི་ཡོད་ཀྱང་། མཚམས་རེར་གཞུང་དམངས་གཉིས་འགལ་ཟླར་འགྱུར་བའི་གནས་སྟངས་དེ་འདྲ་ཡོང་གི་ཡོད་དུས། དེའི་ཐད་ང་ཚོས་གདོང་ལེན་བྱ་དགོས་པ་གང་མཐོང་གི་ཡོད།
ལན། ང་ཚོ་བོད་ཀྱི་ད་ལྟའི་གནས་སྟངས་ཀྱི་རྐྱེན་པས་བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཞེས་པ་ཞིག་བཙུགས་ཐུབ་ཡོད་པ་རེད། དེ་གལ་ཆེན་པོ་ཞེ་དྲགས་རེད། དེ་ང་ཚོ་བོད་མི་རིགས་ཀྱི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཆུ་རྒྱུན་དེ་རེད། གོང་དུ་ཞུས་པ་བཞིན་ང་ཚོའི་འཐབ་རྩོད་དེ་མི་རིགས་གཅིག་གི་འཐབ་རྩོད་ལས། མི་རབས་གཅིག་དང་མི་ཐོག་གཅིག་གི་འཐབ་རྩོད་མིན་སྟབས། སྒྲིག་འཛུགས་དེ་ཡང་དུས་སྐབས་དུས་སྐབས་ལ་རྣམ་པ་མི་འདྲ་བ་ཡོང་གི་རེད་དེ། སྒྲིག་འཛུགས་དེ་ལོ་རྒྱུས་ཀྱི་རང་བཞིན་ཐོག་ནས་མི་རིགས་འདིའི་རྒྱུན་ཞིག་ཆགས་ཡོད་དུས། དེའི་ལངས་ཕྱོགས་དང་འཐབ་རྩོད་ཀྱི་ངོ་བོ་གང་འདྲ་འགྲོ་ཡི་ཡོད་མེད་གཙོ་ཆེར་འཛིན་དགོས། དེ་ནས་མི་སྒེར་ངོས་ནས་བླ་ན་མེད་པའི་ནུས་པ་དང་བསམ་ཚུལ། འཆར་གཞི་དེ་འདྲ་བཏིང་ནས་མི་རིགས་ཀྱི་འཐབ་རྩོད་ཐོག་ལ་སྒྲིག་འཛུགས་འཛུགས་ཐབས་དང་། ཡང་ན་ལས་འགུལ་སྤེལ་རྒྱུ་དེ་ཚོ་སྒོ་ཕྱེ་ནས་བཞག་ཡོད་པ་རེད། དེར་བརྟེན་སྒོ་རྦད་དེ་ཕྱེ་ཡོད་དུས་སོ་སོའི་ངོས་ནས་དེར་ནུས་པ་འདོན་དགོས་པ་ཞིག་ཆགས་ཡོད། སྒྲིག་འཛུགས་དེ་སྤྱི་པའི་ཐོག་ནས་ཡོང་གི་ཡོད་ལ། རང་གི་ནུས་པའི་ཐོག་ནས་སྒྲིག་འཛུགས་ཀྱི་འགྲོ་བཞིན་པའི་ཐབས་ལམ་དང་ལོགས་སུ་འགྱུར་བའི་ནུས་པ་དེ་འདྲ་འདོན་རྒྱུ་ཡོད་ན། ནུས་པ་དེ་གུ་ཡངས་པོའི་ཐོག་ནས་འདོན་དགོས་པ་རེད། དེ་འདོན་པའི་སྐབས་སུ་སྒྲིག་འཛུགས་དང་འགལ་བའི་ཆ་དེར་བསམ་བློ་གཏོང་རྒྱུ་མེད། ང་ཚོས་དུས་རྒྱུན་དེ་ཏོག་ཙམ་འགལ་བ་ཡོང་རྒྱུའི་བསམ་བློ་གཏོང་གི་ཡོད་པ་རེད། དཔེར་ན་མི་ཞིག་གིས་ངས་འཐབ་རྩོད་ཀྱི་ནུས་པ་འདོན་སྐབས་སྒྲིག་འཛུགས་ཀྱིས་གེགས་བྱས་སོང་སྙམ་པ་དང་། སྒྲིག་འཛུགས་དེ་མེད་པ་ཡིན་ན་ཧ་ལམ་ངས་བོད་ཀྱི་བདེན་མཐའ་གསལ་ཚར་ཡོད་མདོག་མདོག་གི་དགོངས་པ་དེ་འདྲ་བཞེས་པ་ཡིན་ན། དངོས་ཡོད་གནས་ཚུལ་དང་མཐུན་གྱི་མེད། དེར་བརྟེན་འཐབ་རྩོད་པ་དང་བོད་དོན་ཐོག་ཕྱག་ལས་གནང་མཁན་ཚོས་གཙོ་བོ་ང་ཚོའི་སྒྲིག་འཛུགས་དེ་ཡིན་པ་དང་། སྒྲིག་འཛུགས་དེ་ང་ཚོའི་ལོ་རྒྱུས་ཀྱི་རྒྱུན་དང་མ་འོངས་པར་མུ་མཐུད་གནས་དགོས་པ་ཞིག་ཡིན་སྟབས། སོ་སོའི་འཐབ་རྩོད་ཀྱི་བརྒྱུད་རིམ་དང་སྒྲིག་འཛུགས་བར་འགལ་བ་མ་སོང་བ་བྱ་རྒྱུ་དེ་གནད་འགག་རེད་བསམ་གྱི་འདུག
བསྟན་འཛིན་ཆོས་འཛིན་ལགས།
ཁྱེད་རང་ངོས་ནས་བཙན་བྱོལ་བོད་མིའི་གསར་ཁང་ཁག་གི་ལས་དོན་བྱེད་ཕྱོགས་ཐད་དགོངས་ཚུལ་གང་འདྲ་ཡོད།
ལན། གསར་འགོད་ལས་རིགས་ཀྱི་ཐོག་ལ་ང་རང་ངོས་ནས་གཏིང་ཟབ་པོ་བཤད་རྒྱུའི་ནུས་པ་དེ་འདྲ་མེད། ཡིན་ནའང་གསར་ཁང་ཞེས་པ་དེ་དམངས་གཙོའི་ཀ་བ་བཞི་པ་ཆགས་ཡོད་དུས། མཚམས་རེར་གསར་ཁང་ངོས་ནས་མང་ཚོགས་ལ་བདེན་རྟགས་མེད་པའི་གནས་ཚུལ་དེ་འདྲ་ཁྱབ་སྤེལ་བྱེད་སྐབས། རང་བཞིན་གྱིས་མི་མང་དང་གསར་ཁང་བར་ལ་དོགས་པ་ཡོང་གི་ཡོད་སྟབས། དེ་ཚོའི་རིགས་ལ་བསྐྱར་ཞིབ་དང་ལེགས་བཅོས་བྱ་དགོས་པ་རེད། དེ་བཞིན་ང་ཚོའི་གསར་ཁང་བར་ལ་མཐུན་འབྲེལ་ཡོད་རེད་བསམ་གྱི་འདུག དེ་སྔ་ང་ training (སྦྱོང་བརྡར་) ཞིག་ལ་ཕྱིན་སྐབས་ invisible stand (མངོན་པར་མི་གསལ་བའི་ལངས་ཕྱོགས་) ཞེས་པ་སྦྱངས་ཡིན། གསར་ཁང་ཞིག་གིས་བུད་མེད་སྐོར་ལ་སྐད་ཆ་བཤད་པ་ཙམ་གྱིས་ཡག་པོ་རེད་བཤད་ཀྱི་མེད་ནའང་། གལ་ཏེ་དེའི་སྐོར་སྐད་ཆ་བཤད་ཀྱི་མེད་ན་རང་བཞིན་གྱིས་གསར་ཁང་ཞིག་གི་ངོས་ནས་འགན་འཁུར་གྱི་མེད་པ་སྟོན་གྱི་ཡོད། དེ་འདྲའི་ཐོག་ནས་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད།
བྱམས་པ་ཆོས་འཕེལ་ལགས།
བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་བསྐྱར་མཐུད་བྱུང་སྟེ་འགྲོ་འོང་མང་དུ་ཕྱིན་པ་དང་། སྤྱི་ཚོགས་དྲ་ལམ་སོགས་ནས་ཕན་ཚུན་ལ་ལྟ་ཆོག་ཆོག་དང་ཉན་བདེ་བོ་ཞིག་ཆགས་པ་དང་བསྟུན། བོད་ནང་གི་བོད་མི་མང་པོ་ཞིག་བཙན་བྱོལ་བར་རེ་བ་བརླག་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་ང་ཚོས་ཟ་དང་ཟུར་ནས་མཐོང་ཡོང་གི་ཡོད་པ་རེད། དེའི་རྒྱུ་རྐྱེན་ལ་བོད་ཕྱི་ནང་གཉིས་ཀའི་ངོས་ནས་བསམ་བློ་གཏོང་དགོས་ས་མང་དག་ཅིག་ཡོད་པ་རེད་བསམ་གྱི་འདུག ཁྱེད་ཀྱིས་བསམ་བློ་གཏོང་ས་གང་དག་མཐོང་གི་འདུག
ལན། གཞིས་བྱེས་གཉིས་ཀྱི་འབྲེལ་བ་བསྡད་དགོས་པ་དེ་གལ་ཆེན་པོ་རེད་ལ། ལྷག་པར་དུ་བོད་རྒྱ་འབྲེལ་མོལ་སོགས་བརྒྱུད་ནས་གཞིས་བྱེས་གཉིས་ཀྱི་འགྲོ་འོང་དེ་མགྱོགས་མྱུར་བསྐྱར་གསོ་བྱེད་དགོས་པ་དེ་གལ་ཆེ་ཤོས་རེད། དུས་རྒྱུན་དུ་ང་ཚོའི་མཛད་གཙོ་རྣམ་པ་དང་རང་གཞན་སུ་རུང་གིས་གཞིས་ལུས་བོད་རིགས་སྤུན་ཟླ་དེ་བོད་བསྟན་པ་ཆབ་སྲིད་ཀྱི་རྩ་དོན་གྱི་རྒྱབ་རི་ལྟ་བུ་དེ་ཡིན་ཞེས་གསུང་གི་ཡོད་པ་རེད། ཡིན་ནའང་ད་ལྟའི་དུས་ཚོད་ལ་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཡིད་ཐང་དང་རེ་བ་ཆད་ཀྱི་ཡོད་པ་ཟེར་བ་དེ་ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་ཧ་ལས་པའི་གྱོང་གུད་ཆེན་པོ་ཞིག་རེད། དེར་བརྟེན། དེ་འདྲ་མི་ཡོང་བའི་ཆེད་དུ་ང་ཚོའི་ངོས་ནས་ནུུས་པ་དང་འབད་བརྩོན་བསྟེན་དགོས་ཀྱི་འདུག ང་ལྟ་བུར་མཚོན་ན། གཞིས་ལུས་བོད་མི་རྣམས་ཀྱི་རེ་བ་དང་ཡིད་ཆེས་ཉིན་རེར་ཆུང་དུ་འགྲོ་ཡི་ཡོད་པ་ཡིན་ན། དེ་གང་འདྲ་བྱས་ནས་ཆགས་ཀྱི་འདུག་ཟེར་ན། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མི་རབས་རྒན་པས་སྐུ་ལས་བསྐྱོན་པ་དེ་དག་ཚང་མ་ངས་བྱས་པ་ཡིན་ཟེར་རྒྱུ་ལྟ་བུ། དེ་བཞིན་གཞན་ཞིག་གིས་ཁོས་བྱས་པ་རེད་མདོག་མདོག་ལྟ་བུ། ཡང་དཔེར་ན་ཉེ་དུས་ཨ་རིའི་སྲིད་ཇུས་གསར་པ་གཏན་འབེབས་བྱས་པའི་ཁ་ཐུག་དེར། ༧རྒྱལ་བ་རིན་པོ་ཆེ་གཅིག་གཅིག་ལ་ཕེབས་པ་དང་ང་ལོག་ཀ་རེད་ཅེས་ཀྱིས་མཚོན་པའི་བཀའ་མོལ་དེ་དག་གིས་རིམ་པས་སྤྱི་ཚོགས་འཁྲུག་ཡོང་གི་ཡོད་པ་དང་།
སྤྱི་ཚོགས་དེ་འཁྲུག་པའི་སྐབས་དེར་ཤ་ཞེན་ཤུགས་ཆེན་པོ་ཡོད་མཁན་ཚང་མ་ལ་རིམ་པས་ཡིད་ཐང་ཆད་ནས། མཐའ་མ་དེར་ང་ཚོའི་འཐབ་རྩོད་ཀྱི་རྒྱབ་རི་ལྟ་བུའི་གཞིས་ལུས་བོད་རིགས་སྤུན་ཟླ་སེམས་ཕམ་ཡོང་རྒྱུའི་གཞི་རྩ་ཆགས་ཀྱི་འདུག དེར་བརྟེན་དེ་འདྲ་མི་ཡོང་བའི་ཆེད་དུ་ང་ཚོའི་ངོས་ནས་དེའི་སྒང་ལ་ནུས་པ་འདོན་དགོས་ཀྱི་འདུག མ་འོངས་པར་ང་རང་མི་མང་གི་ཡིད་ཆེས་རེ་བ་བྱས་ནས་སྤྱི་འཐུས་ལ་སླེབ་པ་ཡིན་ན། ཁོང་རྣམ་པ་ཚོའི་(བོད་ནང་གི་བོད་མི་)རེ་བ་དང་ཡིད་ཆེས་གསར་པ་ཞིག་སླེབས་ཐུབ་རྒྱུར་ནུས་པ་ཏན་ཏན་འདོན་ཐུབ་རྒྱུའི་གདེང་ཚོད་དེ་ཡོད།
བློ་བཟང་རྒྱ་མཚོ་སྲི་ཐར་ལགས།
ཤེས་ཡོན་པའི་ཁྲོད་བཙན་བྱོལ་བོད་མིའི་ཤེས་ཡོན་སྒྲོམ་གཞིར་ངེས་པར་དུ་འགྱུར་བ་ཞིག་གཏོང་རན་ཡོད་པའི་དགོངས་ཚུལ་ལོ་མང་ནས་ཡོང་གི་ཡོད་པ་རེད། ཁྱེད་ཀྱིས་འགྱུར་བ་དེ་ག་རེའི་ཐད་གཏོང་དགོས་པ་ཞིག་མཐོང་གི་འདུག
ལན། ང་རང་ཤེས་ཡོན་སྲིད་ཇུས་ཐོག་ལ་ཡག་པོ་ཤེས་མཁན་དེ་འདྲ་མིན། ཡིན་ནའང་དེ་སྔ་ཤེས་ཡོན་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་དོན་དེ། སོ་སོའི་ mother tongue (ཕ་སྐད་) བེད་སྤྱོད་བཏང་ན་ཁྱད་པར་གང་འདྲ་ཡོད་མེད་དང་། bilingual (སྐད་གཉིས་སློབ་གསོ་) སྒང་ལ་ཉམས་ཞིབ་མང་པོ་བྱས་འདུག ད་ལྟའི་ཆར་དྷ་རམ་ས་ལར་མན་ཇུ་ཤྲི་(གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་) སོགས་ཀྱིས་ཉམས་ཞིབ་བྱེད་དུས་དེ་གལ་ཆེན་པོ་ཡིན་པ་བཤད་ཀྱི་འདུག ཡིན་ནའང་ངས་སྐད་ཡིག་སློབ་སྟངས་ཀྱི་ཆ་ནས་ཁྱད་པར་འགྲོ་ཡི་ཡོད་རེད་བསམ་གྱི་འདུག གཞི་རིམ་གྱི་སྐད་ཡིག་སློབ་སྟངས་དེ་ལུགས་སྲོལ་དང་དེང་དུས་གཉིས་མཉམ་རུབ་ཀྱི་ཐོག་ནས་སློབ་དགོས་ཀྱི་འདུག གང་ཡིན་ཟེར་ན། དེང་དུས་གཅིག་པུས་འགྲིག་གི་ཡོད་པ་མ་རེད། དེའི་ཐོག་ technology ཡང་སླེབས་ཡོང་གི་འདུག གང་ཡིན་ཟེར་ན། ང་ཚོ་ཆུང་ཆུང་སྐབས་ལག་ལ་ཁ་པར་ཞིག་ཡོད་པ་དེ་དབྱིན་ཇི་ལས་བོད་ཡིག་ཐོག་ནས་བེད་སྤྱོད་བྱེད་ཀྱི་མེད་སྟབས། རང་བཞིན་གྱིས་སྐད་ཡིག་གི་དཀའ་ངལ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོས་ technology དེ་བེད་སྤྱོད་གཏོང་གལ་ཆེན་པོ་མཐོང་གི་འདུག ཤེས་ཡོན་སྲིད་ཇུས་དང་ཚིག་སྒྱུར་རྒྱུའི་ཐད་ལ་ང་ཚོས་གཞི་རིམ་རང་ནས་ཚིག་སྒྱུར་ཐུབ་ཀྱི་ཡོད་མེད། དཔེར་ན་ཨོ་པོ་ཁ་པར་(Oppo Phone) གྱི་འཕྲུལ་ཆས་དེ་ཆ་ཚང་བོད་ཡིག་ནང་ལྟ་བའི་ཆ་རྐྱེན་ཡོད་པ་རེད། ཡིན་ནའང་དེ་བེད་སྤྱོད་གཏོང་མཁན་ག་ཚོད་ཡོད་པ་རེད་དམ། བཙན་བྱོལ་ནང་དབྱིན་ཇི་དང་བོད་ཡིག་བསྡུར་ན་དབྱིན་ཇི་དེ་བེད་སྤྱོད་གཏོང་སླ་བ་ཆགས་ཀྱི་འདུག བོད་ནང་ཡིན་ན་རྒྱ་ཡིག་ནང་བེད་སྤྱོད་གཏོང་མཁན་མང་བ་ཡོད་པ་རེད། དེར་བརྟེན་ང་ཚོས་སྲིད་ཇུས་དེ་བཟོ་དུས་མ་འོངས་པའི་སོན་རྩ་རྣམས་འཕྲུལ་ཆས་དང་གློག་ཀླད་ནང་མགོ་འཛུགས་ཀྱི་ཡོད་དུས། གློག་ཀླད་ཀྱི་ཐོག་ནས་གང་འདྲ་མགོ་འཛུགས་དགོས་མིན་དེ་སྲིད་ཇུས་ནང་ངེས་པར་དུ་འཇུག་དགོས་པ་རེད།
ཚེ་རིང་ལྷ་སྐྱབས་ལགས།
ཁྱེད་རང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོས་པའི་ཁྲིམས་སྒྲིག་ཁག་ནང་ངེས་པར་དུ་བསྒྱུར་བཅོས་དགོས་པའི་གནད་དོན་ག་རེ་གཟིགས་ཀྱི་ཡོད་དམ།
ལན། དེ་འདྲ་དམིགས་བསལ་གང་ཡང་མི་འདུག
འཇིགས་མེད་ལགས།
ང་ཚོའི་སྤྱི་ཚོགས་འདི་འཁྲུག་རྐྱེན་གཙོ་བོ་གྲོས་ཚོགས་ནང་ནས་ཡོང་གི་འདུག་ཅེས་གྲོས་ཚོགས་འཐུས་མིས་གསུངས་སོང་ལ། མི་མང་ཁྲོད་དེ་ལྟར་ངོས་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག ཁྱེད་ཀྱིས་བལྟས་ན་དེ་བདེན་པ་རེད་དམ། ཁྱེད་སྤྱི་འཐུས་ཆགས་རྗེས་དེར་གདོང་ལེན་གང་འདྲ་གནང་རྩིས་ཡོད།
ལན། གལ་ཆེ་ཤོས་དེ་གང་ཟག་སྒེར་སོ་སོའི་བསམ་བློ་གཏོང་ཕྱོགས་དང་ཕྱག་ལས་གནང་ཕྱོགས་སྒང་ལ་རག་ལས་ཀྱི་རེད་བསམ་གྱི་འདུག དེ་འདྲ་བལྟས་ཡོང་དུས་དེ་དག་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཞེན་ཁོག་སྟེང་ནས་ཡོང་གི་ཡོད་པའི་བཟོ་ལྟ་བུ་འདུག་ལ། ན་ཚ་དེ་རིམ་པས་སྤྱི་ཚོགས་ནང་ཁྱབ་ཡོང་གི་འདུག སྤྱིར་བཏང་ང་རང་ལྟ་བུར་ཡིན་ན། བོད་ནས་ཡོང་བའི་སྐབས་དེར་ཡང་༧སྤྱི་ནོར་གོང་ས་མཆོག་གི་ཞལ་རས་སྒོམ་ནས་ཡོང་བ་ཡིན། ད་བར་༧གོང་ས་མཆོག་གིས་བོད་ཆགས་འཇིག་གི་གནས་སྟངས་འདིར་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་འགན་འཁུར་དགོས་པ་དང་། ལྷག་པར་དུ་སྨན་རྩིས་ཁང་ལོ་ ༡༠༠ འཁོར་བའི་དུས་དྲན་ཐོག ང་ལ་ཏོག་ཙམ་ཤ་ཚ་ཡི་ཡོད་ན་ཆོལ་ཁའི་འཐེན་འཁྱེར་དེ་མ་བྱེད་ཅེས་གསུངས་པ་དེ་ཚོ་སེམས་ལ་ངེས་པོ་བྱས་ནས་བསྡད་ཡོད། སྤྱིར་ང་རང་ངོས་ནས་དེ་འདྲ་ཡོང་གི་མ་རེད་ལ། ལྷག་པར་དུ་དུས་རྒྱུན་དུ་བགྲོ་གླེང་བྱེད་པའི་སྐབས་སུ་ང་ཚོར་དེ་རིགས་རྩ་བ་ཉིད་ནས་དགོས་ཀྱི་མི་འདུག ད་བར་ང་ཚོ་ཕོངས་བསྡད་པ་དེ་ཞེན་ཁོག་སྐམ་པོ་འདི་དང་། ལུས་པ་ཆུང་ཆུང་རེ་རེར་དཔོན་ཆུང་རེ་འདོན་རྒྱུའི་བསམ་བློ་དེས་སྤྱི་པའི་ལས་དོན་ལ་འཐུས་ཤོར་ཕྱིན་པ་ངས་སྔོན་མ་ནས་ཞུ་ཡི་ཡོད་ལ། མ་འོངས་པར་སོ་སོའི་ངོས་ནས་བོད་རྒྱལ་ཁབ་དང་མི་རིགས་འདི་རྩ་བའི་རྩེ་ལ་ཁྱེར་ནས་ལས་ཀ་བྱ་རྒྱུ་མ་གཏོགས། སོ་སོའི་ལུང་པ་དང་ཐོབ་ཁུངས་ཆུང་ཆུང་རེར་ཞེན་ཆགས་ལྟ་བུ་བྱ་རྒྱུ་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག རྩ་བའི་ང་དབུས་གཙང་གི་ཐོབ་ཁུངས་ཐོག་ནས་ཡོང་གི་ཡོད་སྟབས། དབུས་གཙང་ཆོལ་ཁ་ལ་རང་བཞིན་གྱིས་དགའ་ཞེན་དང་ཤ་ཞེན་ཞིག་དགོས་པ་གལ་ཆེན་པོ་རེད་དེ། གལ་ཆེའི་ནང་ནས་གལ་ཆེ་བ་གདམ་དགོས་ན་སོ་སོའི་རྒྱལ་ཁབ་དང་མི་རིགས་དོན་དུ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད།
ཐུན་མོང་གི་དྲི་བ།
འདས་ལོའི་ཏོག་དབྱིབས་གཉན་རིམས་དང་། ཨ་རྒྱའི་ཚོང་དམག། ས་མཚམས་ཀྱི་རྩོད་རྙོག། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་སོགས་གནད་དོན་མི་ཉུང་བའི་རྐྱེན་གྱིས། ད་ལྟ་འཛམ་གླིང་རྒྱལ་ཁབ་མང་པོའི་གཞུང་མང་གཉིས་ནས་རྒྱ་ནག་ལ་སྡང་སེམས་དང་འཁོན་འཛིན་ཆེན་པོ་བྱས་ཏེ་སྔར་མེད་ཀྱི་འགལ་ཟླ་མང་པོ་ཡོང་གི་ཡོད་དུས། ཁྱེད་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་གོ་སྐབས་གསར་པ་ག་རེ་མཐོང་གི་ཡོད་པ་དང་། འདས་པའི་ལོ་གཅིག་ནང་ང་ཚོས་འཐབ་རྩོད་ཀྱི་ཐོག་ནས་གོ་སྐབས་ཤོར་བ་དེ་འདྲ་ག་རེ་བྱུང་སོང་།
བློ་བཟང་རྒྱ་མཚོ་སྲི་ཐར་ལགས།
ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་གོ་སྐབས་ཤོར་བ་ལྟ་བུ་ལ་ངོས་འཛིན་བྱས་ན་འགྲིག་གི་རེད། རྒྱ་ནག་ནང་ནད་ཡམས་དེ་ཕྱི་ལོ་ ༢༠༡༩ ཡི་ཟླ་ ༡༢ ཟླ་མཇུག་ཙམ་ལ་བྱུང་ཡོད་ནའང་། རྒྱལ་སྤྱིའི་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༢ པ་ཙམ་ནས་ཁྱབ་མགོ་བཙུགས་ཡོད། དེའི་ཐོག་ཉམས་ཞིབ་ཁང་མང་པོས་ཞིབ་འཇུག་བྱས་ཡོད་ལ། དེའི་ནང་ནས་ citizen lab (མི་སེར་རྟག་དཔྱད་ཁང་) གིས་བཏོན་པའི་སྙན་ཐོའི་ནང་། གཉན་རིམས་སྐབས་རྒྱ་ནག་ནང་དམ་དྲག་བྱས་པའི་རྐྱེན་གྱིས་དཀའ་ངལ་ཆགས་ཡོད་སྐོར་དང་། དེའི་རྗེས་རྒྱལ་སྤྱིའི་ཉམས་ཞིབ་པ་ཇེ་མི་མེཏ་ཛེལ་ (Jamie Metzl) ཞུས་པ་ཞིག་གིས་ The gain of function research ཞེས་པ་ཞིག་བཏོན་པའི་ནང་ཏོག་དབྱིབས་གཉན་རིམས་དེ་གང་འདྲ་སླེབས་ཡོད་མེད་སྐོར་ལ་དྲི་བ་མང་པོ་བཏང་ཡོད། ཁོང་རང་རྒྱལ་སྤྱིའི་ཆེད་ལས་པ་དང་ WHO (འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས) ཀྱི་སློབ་སྟོན་པའང་ཆགས་ཀྱི་ཡོད། ཁོང་གི་སྙན་ཐོ་དེ་ང་ཚོས་བེད་སྤྱོད་བཏང་ཐུབ་མེད་པ་དེ་དངོས་ཡོད་གནས་ཚུལ་རེད། གང་ཡིན་ཟེར་ན། དེའི་རྗེས་ལ་རྒྱ་ནག་གིས་ disinformation དང་ misinformation གྱི་ལས་འགུལ་མང་པོ་སྤེལ་ནས། རྒྱལ་སྤྱིའི་ནང་ཏོག་དབྱིབས་གཉན་རིམས་དེ་རྒྱ་ནག་ནས་བསླེབས་པ་རེད་ཟེར་བ་དེ་རྒྱ་མི་རིགས་ལ་སྡུག་པོ་ལབ་ཀྱི་ཡོད་པའི་གནས་ཚུལ་ཆགས་པ་རེད། ད་ལྟའི་དུས་ལ་རྒྱལ་སྤྱིའི་ནང་རྒྱ་མི་རིགས་ལྟ་བུ་ལ་ Asian hate (ཨེ་ཤ་ཡའི་མི་རིགས་ལ་སྡང་ཟུག་) ཅེས་པ་ཞིག་འགྲོ་ཡི་ཡོད། དེ་འདྲའི་གནས་ཚུལ་ཞིག་འགྲོ་སྐབས་ང་ཚོས་དེ་དག་སྟོན་ཐུབ་མ་སོང་། ད་ལྟ་རྒྱལ་སྤྱིའི་ནང་ཏོག་དབྱིབས་གཉན་རིམས་བཤད་སྐབས་ཐོག་མར་རྒྱ་ནག་གི་ནོར་འཁྲུལ་ཁས་ལེན་མཁན་ག་ཚོད་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ནས་ཨ་རི་དང་རྒྱ་གར་བཅས་ཀྱིས་ནོར་འཁྲུལ་ག་རེ་བྱས་ཡོད་མེད་དེ་རེད། གང་ལྟར་ལུང་པ་སོ་སོས་རང་རང་གི་ནོར་འཁྲུལ་ཐོག་ལ་ཤུགས་ཆེ་བ་གླེང་སློང་བྱས་སོང་། དེར་བརྟེན་ང་ཚོས་ཏོག་དབྱིབས་གཉན་རིམས་དེ་རྒྱ་ནག་ནས་བསླེབས་པ་ཞིག་ཡིན་པ་རྒྱལ་སྤྱིའི་ཐོག་སྤུངས་ཐུབ་མེད་པ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཚང་མའི་འགན་རེད་བསམ་གྱི་འདུག འོན་ཀྱང་འཐབ་རྩོད་ཀྱི་ཐོག་ལ་ལམ་ཁ་འདུག གང་ཡིན་ཟེར་ན། ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྟེང་ཡུ་གུར་གྱི་གནས་ཚུལ་དེ་ཆེན་པོ་ཆགས་ཡོད་པ་མ་ཟད། ད་ལྟ་དབྱིན་ཡུལ་དང་ཁེ་ན་ཌ་སོགས་ལུང་པ་མང་པོས་རྒྱ་ནག་གི་དཔོན་རིགས་ལ་ཉེས་ཆད་གཅོད་ཀྱི་འདུག དེར་བརྟེན་བོད་དང་ཧོང་ཀོང་། ཡུ་གུར་མི་རིགས་བཅས་ཀྱི་མཉམ་འབྲེལ་གྱི་ལས་འགུལ་མང་དུ་གཏོང་རྒྱུའི་ལམ་ཁ་འདུག དེས་ང་ཚོ་ག་ཚོད་བར་དུ་འཁྲིད་ཐུབ་མིན་ད་ལྟ་ཞུ་ཚོད་ཐིག་གི་མི་འདུག
འཇིགས་མེད་ལགས།
བློ་བཟང་ལགས་ཀྱིས་གསུངས་པ་བཞིན་ང་ཚོའི་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་གོ་སྐབས་གང་ལ་གང་འཚམ་ཤོར་བ་ལྟ་བུ་བྱུང་སོང་། གཅིག་ནས་ནད་ཡམས་འདིའི་རྐྱེན་པས་ཁག་ཡོད་ཀྱི་མ་རེད་དེ། ནད་ཡམས་འདིའི་བརྒྱུད་ནས་ང་ཚོ་འཐབ་རྩོད་པ་ཞིག་ཡིན་པའི་འདུ་ཤེས་ཐོག་ནས་གཉེན་ལ་གཉེན་དང་དགྲ་ལ་དགྲ་ཡི་འདུ་ཤེས་སླེབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། འཐབ་རྩོད་ནང་གོ་སྐབས་ཡང་སེ་ཡང་སེ་སླེབ་ཁག་པོ་རེད་ལ། བསླེབས་པ་དེ་དམ་འཛིན་བྱ་རྒྱུ་གལ་ཆེན་ཞེ་པོ་ཡིན་དུས། ང་ཚོས་འདིའི་ཐོག་ལ་ཕྲ་ལ་ཕྲན་བུ་ཞིག་གོ་སྐབས་བླངས་མ་ཐུབ་པ་ལྟ་བུ་བྱུང་སོང་དྲན་གྱི་འདུག དཔེར་ན་རྒྱ་ནག་ནང་ལ་ professor (སློབ་དཔོན་) ལུའུ་ཟེར་བ་རྒྱ་ནག་ནང་ཡོད་པ་རེད་དེ། ཁོང་ཚོས་གཏམ་བཤད་དང་རྩོམ་སྤེལ་བའི་སྐབས་ཏོག་དབྱིབས་ནད་ཡམས་འདི་ནད་ཡམས་ཙམ་མིན་པར། རྒྱ་ནག་ངོས་ནས་འཛམ་གླིང་གི་འཕྲོད་བསྟེན་ལ་གནོད་འཚེ་ཆེན་པོ་ཞིག་གཏོང་གི་ཡོད་སྐོར་བཤད་ཡོད་པ་དེ་དག་ལ་ང་ཚོས་ངོ་བོ་ཞིག་ལ་བསྒྱུར་བའི་ཐོག་ནས་འགྲེལ་བཤད་རྒྱག་དགོས། ལྷག་པར་དུ་རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་སྐོར་ལ་རྩོམ་དང་ཉམས་ཞིབ་མང་པོ་ཞེ་དྲགས་ཡོང་གི་ཡོད་རེད་དེ། དེ་ལ་དཔག་པའི་ང་ཚོའི་ངོས་ནས་ཧ་ལས་པས་གོ་སྐབས་ཤིག་བླངས་ཐུབ་མ་སོང་།
ཡིན་ནའང་ད་ལྟ་སྲིད་བྱུས་ཉམས་ཞིབ་ཁང་གི་བསྟན་འཛིན་དགྲ་ལྷ་ཡིས་རྩོམ་བྲིས་པ་དང་། གསར་འགྱུར་བརྒྱུད་ལམ་སོགས་ནང་བཀའ་མོལ་གནང་སྟེ། གནད་ལ་འཁེལ་བའི་ཐོག་ནས་རྒྱ་ནག་གིས་འདི་འདྲའི་ཐོག་ནས་བོད་དང་ཡུ་གུར་གདུག་རྩུབ་གཏོང་གི་ཡོད་སྐོར་སོགས། གང་ལྟར་ཆབ་སྲིད་རང་བཞིན་ཐོག་ནས་ཁ་ལོ་བསྒྱུར་ནས་གོ་སྐབས་བླངས་ཐུབ་མ་སོང་། ད་ལྟ་ན་ཚ་འདིའི་རྐྱེན་པས་རྒྱ་གར་དང་འཛམ་གླིང་ནང་རྒྱ་ནག་ལ་ལྟ་སྟངས་འགྱུར་བ་ཐེབས་འགྲོ་ཡི་ཡོད་སྟབས། དེའི་ཐོག་ནས་ང་ཚོར་ཁེ་ཕན་ལེན་རྒྱུའི་ལམ་ཁ་ཞིག་ཏན་ཏན་ཡོད་རེད་དྲན་གྱི་ཡོད།
བསྟན་འཛིན་ཆོས་འཛིན་ལགས།
ན་ཚ་འདིའི་རྐྱེན་པས་རྒྱལ་སྤྱིའི་ནང་རྒྱ་གཞུང་ལ་གཟིགས་ཕྱོགས་འགྱུར་བ་ཆེན་པོ་ཐེབས་བཞིན་ཡོད་དུས། དུས་ཚོད་གནད་འགག་ཅན་འདིར་ང་ཚོས་དངོས་བདེན་བྱས་ན་བོད་པའི་འཐབ་རྩོད་ཀྱི་ཆེད་དུ་ཐུགས་ཕན་གསོ་བ་མང་པོ་ཡོད་རེད་བསམ་གྱི་འདུག ངའི་བསམ་ཚུལ་ལ་ད་ལྟ་བོད་མིའི་སྒྲིག་འཛུགས་ངོས་ནས་དུས་ཚོད་ཀྱི་གནད་འགག་ལ་བརྩིས་ནས་རྒྱ་གར་གཞུང་ལ་གནོན་ཤུགས་སྤྲོད་དགོས་ཀྱི་ཡོད་ན་འདྲ། བོད་པའི་གནད་དོན་དེ་གནད་འགག་ཅིག་ལ་ངོས་འཛིན་བྱས་ཏེ་རྒྱ་གར་གཞུང་གིས་ intervene (ཐེ་གཏོགས་) བྱ་རྒྱུའི་དུས་ལ་བབས་ཡོད། གང་ཡིན་ཟེར་ན། བོད་ཀྱི་གནད་དོན་དེ་མ་སེལ་བར་དུ་རྒྱ་དཀར་ནག་གི་དཀའ་རྙོག་དེ་མུ་མཐུད་ནས་བསྡད་རྒྱུ་ཡིན་པ་མངོན་གསལ་རེད། དེར་བརྟེན་དུས་ཚོད་འདི་འདྲའི་ནང་བོད་གཞུང་ངོས་ནས་རྒྱ་གར་གཞུང་ལ་ lobby (ཞུ་འབོད་)
སོགས་བྱེད་ཐུབ་ཡོད་ན་ཏན་ཏན་ཐུགས་ཕན་གསོ་ཐུབ་ཡོད་ཀྱི་རེད།
རིག་འཛིན་ལྷུན་གྲུབ་ལགས།
ཏོག་དབྱིབས་ཀྱི་གནས་ཚུལ་འདི་གོད་ཆག་ཆེན་པོ་ཞིག་རེད། འོན་ཀྱང་དེའི་རྒྱབ་ལ་རྒྱ་ནག་སྲིད་གཞུང་གི་མགོ་ལ་སྡོད་མཁན་གྱི་མི་དེ་ཚོར་བཟང་སྤྱོད་ཀྱིས་འདང་གི་མེད་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད། དེའི་ཐོག་ནས་དམར་པོའི་སྲིད་གཞུང་གིས་ད་བར་བོད་དང་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་དང་། རྒྱའི་མི་རིགས་ཐོག་ལ་དབང་བསྒྱུར་བྱེད་ཐབས་ཀྱི་རྒྱབ་ལོགས་ན་བཟང་སྤྱོད་དང་མི་མཐུན་པའི་གནས་ཚུལ་ཞིག་ཡོད་པ་དེ། ང་ཚོའི་ངོས་ནས་འབུར་དུ་བཏོན་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་བྱུང་མ་སོང་། གང་ཡིན་ཟེར་ན། ང་ཚོས་དེ་ན་ཚ་ཞིག་ལ་ངོས་འཛིན་བྱས་པ་ལས། རྒྱ་ནག་གི་གཞུང་འཛིན་པ་ཚོས་ཏོག་དབྱིབས་ཀྱི་གནས་ཚུལ་རྣམས་བཀག་འགོག་དང་འགེབས་སྲུང་བྱས་པ་བཞིན། ད་བར་རྒྱ་ནག་ནང་གི་གྲངས་ཉུང་གཙོས་པའི་མི་རིགས་ཚང་མར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེའི་ཐད་ང་ཚོས་གོ་སྐབས་བླངས་མ་ཐུབ་པ་ལྟ་བུ་ཆགས་སོང་། གཉིས་ཐད་ནས་ང་ཚོའི་སྤྱི་ཚོགས་ནང་ཁུལ་ལ་ཏོག་དབྱིབས་ཀྱི་ནད་དང་འབྲེལ་བའི་གནས་ཚུལ་མང་པོའི་ཐོག་གོ་རྟོགས་སྤེལ་ཐུབ་མེད་པ་དང་། རྒྱལ་ཁབ་གཞན་ཚོས་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་འགྲེལ་བརྗོད་བྱེད་སྟངས། དབྱིན་སྐད་ཐོག་ཞུས་ན་ narrative ཞེས་པ་དེར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཤོར་སོང་བསམ་གྱི་ཡོད།
བྱམས་པ་ཆོས་འཕེལ་ལགས།
རྒྱ་ནག་ཝུ་ཧན་ནས་མཆེད་པའི་ནད་ཡམས་འདིས་འཛམ་གླིང་ཡོངས་ལ་ཚབས་ཆེའི་གནོད་སྐྱོན་བཏང་ཡོད། དེར་བརྟེན་ང་ཚོས་རྒྱབ་ལྗོངས་དེ་དག་རེ་རེར་བལྟ་དགོས་ཀྱི་འདུག་ཟེར་ན། ང་ལྟ་བུ་ལ་རྒྱ་ནག་གཞུང་གིས་དུས་རྒྱུན་དུ་མཁྲེགས་འཛིན་དང་གཡོ་ཇུས་ལ་རྒྱུས་མངའ་ཡོད་པའི་ཆ་ནས། དེའི་རྒྱབ་ལ་ཏན་ཏན་ཆབ་སྲིད་ཀྱི་གནད་དོན་གཞན་པ་ཁྱེར་འདུག་བསམ་པ་དྲན་གྱི་འདུག གོང་དུ་ཁོང་ཚོས་གསུངས་པ་བཞིན་བོད་མིའི་སྤྱི་ཚོགས་དང་། འབྲེལ་ཡོད་རྒྱལ་ཁབ། དེ་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་ནང་རྒྱ་ནག་ཝུ་ཧན་གྱི་ནད་ཡམས་ཞེས་འགྲེལ་བརྗོད་བྱས་ཐུབ་མ་སོང་ལ། སོ་སོར་དེ་ལྟར་བྱ་རྒྱུའི་སྡིངས་ཆ་ཡང་རག་མ་སོང་། དེར་བརྟེན་སོ་སོའི་ངོས་ནས་རང་གི་འབྲེལ་ཡོད་གཉེན་ཉེ་གྲོགས་པོ་རྣམས་ལ་ཝུ་ཧན་ནས་མཆེད་པའི་ནད་ཡམས་ཅེས་པའི་ཚིག་དེ་བེད་སྤྱོད་གཏོང་དགོས་ཀྱི་འདུག ལྷག་པར་དུ་ཆེས་ཛ་དྲག་ཤོས་དེ། བོད་ཀྱི་གཏམ་དཔེ་ལ་ལུང་པར་ཆུ་ཡོད་ན་རྡོ་ལེབ་སྐམ་པོ་ལྷག་དོན་མེད་ཅེས་པ་ལྟར། ཝུ་ཧན་ནས་མཆེད་པའི་ནད་ཡམས་འདིའི་རྐྱེན་པས་བོད་ནང་གི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་ཞིབ་འཇུག་བྱས་ཏེ་སྙན་ཐོ་འདོན་དགོས་པ་མ་ཟད། སྙན་ཐོ་དེ་ང་ཚོ་བོད་པའི་རྩ་དོན་གྱི་རང་བཞིན་ལ་འཁྲིད་དགོས་ཀྱི་འདུག
ཚེ་རིང་ལྷ་སྐྱབས་ལགས།
སྤྱིར་རྒྱལ་ཁབ་སོ་སོས་དཔལ་འབྱོར་གྱི་ཁེ་ཕན་ལ་བལྟས་ནས་རྒྱ་ནག་ལ་འབྲེལ་བ་ཤུགས་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། ད་ལོ་ནད་ཡམས་འདིའི་རྐྱེན་པས་སྔར་མེད་ཀྱི་དཀའ་ངལ་མང་པོ་བྱུང་ཡོད་ལ། ཨ་རི་ལྟ་བུས་ནད་ཡམས་འདི་རྒྱ་ནག་གིས་བཏང་བ་རེད་ཅེས་རྒྱ་ནག་ལ་ཐད་ཀར་སྐྱོན་འཛུགས་བཤད་པ་དེ་འདྲ་བྱུང་ཡོད་པ་རེད། བོད་དོན་འཐབ་རྩོད་ཀྱི་ཐད་ལ་དེ་ཉིད་གོ་སྐབས་བཟང་པོ་ཞེ་དྲགས་རེད་བསམ་གྱི་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རིང་མིན་སླེབས་ལ་ཉེ་བའི་སྤྱི་འཐུས་ཀྱི་འོས་བསྡུའི་ནང་མི་གསར་པ་གང་མང་ཕེབས་ཐུབ་པའི་འགན་དེ་འོས་འཕེན་མང་ཚོགས་ནས་བཞེས་དགོས་པ་དེ་ཤིན་ཏུ་ནས་གལ་ཆེའོ་།