མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་དེ་བཅའ་ཁྲིམས་དང་འགལ་ཚུལ།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨི་སི་ཁྲོ་ལི་ཡ་ནས་གཞུང་ཞབས་ཟུང་དྲུང་ཟུར་པ་འཇིགས་མེད་པ་སངས།

༡༽  ཐོག་མའི་བྱུང་རྐྱེན།

ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཚོུད་ ༡༠།༣༠ ཐོག་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ཟླ་ ༩ ཚེས་ ༡༦ ནས་ཚེས་ ༢༤ བར་ལས་ཉིན་བརྒྱད་རིང་འཚོགས་རྒྱུའི་གསལ་བསྒྲགས་བྱས་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དྲུག་པ་དང་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་གཉིས་པའི་དགོངས་དོན་ལྟར་ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་བར་ཕར་འགྱངས་བྱས་པའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད། འོན་ཀྱང་།

བཅའ་ཁྲིམས་དོན་ཚན་བཞི་བཅུ་པ།  སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ།

འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང་། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང་། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།

ཞེས་གསལ་བ་ལྟར་བཅའ་ཁྲིམས་ཀྱི་དགོངས་དོན་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་ཇི་ལྟར་ཡིན་མིན་དང་། དུས་ཡུན་ཇི་ཙམ་བར་ཡིན་མིན། ས་གནས་གང་དུ་ཡིན་མིན་བཅས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་འབེབས་གནང་དགོས་པ་དང་། གཏན་འབེབས་གནང་བའི་སྐབས་སུ་སྤྱི་འཐུས་རྒྱུན་ལས་ལ་གོ་བསྡུར་གནང་དགོས་པ། ཚོགས་འདུ་སྔ་མ་གྲོལ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་པ་བཅས་དོན་ཚན་གསུམ་རེད། གང་ལྟར་གྲོས་ཚོགས་སྔ་མ་གྲོལ་ནས་ཟླ་བའི་དྲུག་ལས་མ་བརྒལ་བའི་ནང་ངེས་པར་དུ་གྲོས་ཚོགས་རྗེས་མ་ཚུགས་ཟིན་པ་དགོས་པ་དེ་བཅའ་ཁྲིམས་ཀྱི་སྙིང་དོན་རེད། དེས་ན་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ ཉིན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གྲོས་ཚོགས་འཕར་འགྱངས་གནང་བའི་གསལ་བསྒྲགས་དེ་གོང་གསལ་བཅའ་ཁྲིམས་དང་འགལ་བ་ཡིན། གལ་ཏེ་ནད་ཡམས་ལ་ཁག་བཀལ་བ་ཡིན་ནའང་འཐད་པ་མ་མཐོང་ཞིང་། ཐོག་མར་གྲོས་ཚོགས་ཀྱི་སྔོན་བརྡ་བཏང་བ་བཞིན་ཚོགས་དགོས་པ་དང་། སྐབས་དེར་ཚོགས་མིའི་གྲངས་ཚད་མ་ལོན་པ་ཡིན་ན་འཕར་འགྱངས་བྱེད་ཆོག དེ་དུས་རྒྱ་གར་གྱི་དབུས་དང་མངའ་སྡེའི་གྲོས་ཚོགས་རྣམས་ཚུགས་མུས་ཡིན། ཡང་ན་དེང་སང་འཛམ་གླིང་ཚང་མ་དྲྭ་ལམ་ཐོག་ནས་ཚོགས་འདུ་ཚོགས་བཞིན་པར་བརྟེན་ང་ཚོས་ཉིན་རེ་གཉིས་དེའི་ཐོག་ནས་ཚོགས་ཏེ་འཕར་འགྱངས་བྱེད་པ་ཡིན་ནའང་མ་འགྲིགས་པ་མེད། མདོར་ན་བཅའ་ཁྲིམས་ལ་གལ་གནད་ཇི་ཙམ་བརྩི་མིན་ལ་ཐུག་ཡོད། གལ་ཏེ་ང་ཚོས་བཅའ་ཁྲིམས་ལ་སློབ་སྦྱོང་ཡག་པོ་གནང་ན་བཅའ་ཁྲིམས་ཀྱི་ཟིན་བྲིས་བཟོ་མཁན་རྣམས་ཀྱིས་བཅའ་ཁྲིམས་ཧ་ཅང་ཚད་ལྡན་བཟོས་ཡོད་པ་མ་ཟད། ཚིག་འབྲུ་རེ་རེར་དགོངས་པ་བཞེས་ཏེ་བཟོས་ཡོད་པ་ནི་གཤམ་དུ་གསལ་བཤད་ཞུ་རྒྱུ་ལས་ཤེས་རྟོགས་ཡོང་རྒྱུ་རེད།

དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ ཉིན་ཚོགས་གཙོ་སྦྲེལ་པོ་མཆོག་གི་གསལ་བསྒྲགས་ནང་གྲོས་ཚོགས་འཕར་འགྱངས་གནང་བ་དེ་བཅའ་ཁྲིམས་དོན་ཚན་དྲུག་པ་དང་དོན་ཚན་ཞེ་དགུའི་ནང་གསེས་གཉིས་པ་གཉིས་ཀྱི་དགོངས་དོན་ཡིན་ཚུལ་གསུངས་ཡོད་ཀྱང་།

བཅའ་ཁྲིམས་དོན་ཚན་དྲུག་པ། རྒྱལ་སྤྱིའི་ཁྲིམས་ལུགས་དང་། ཡུལ་ཁྲིམས་ལ་བརྩི་སྲུང་།

བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ། ཞེས་བྱུང་བ་བཞིན་བཅའ་ཁྲིམས་དོན་ཚན་དྲུག་པ་ནི་ཁྲིམས་ལུགས་དང་། བཀའ་རྩ། སྒྲིག་གཞི་བཅས་བཟོ་འགོད་སྐབས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ལྷག་པར་དུ་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ་དེ་རེད།

བཅའ་ཁྲིམས་དོན་ཚན་ཞེ་དགུ་པ། སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད།

༢  སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ། ཞེས་བྱུང་བ་བཞིན་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་གཉིས་པ་ནི་གྲོས་ཚོགས་ཚོགས་པའི་སྐབས་སུ་ཉུང་མཐའི་གྲངས་ཚད་མ་ལོངས་ན་ཚོགས་གཙོ་སྦྲེལ་པོས་ཇི་ལྟར་བྱེད་ཅེས་པའི་དོན་ཡིན་པ་ལས། གྲོས་ཚོགས་མ་ཚུགས་གོང་ནས་འཕར་འགྱངས་བྱ་རྒྱུའི་སྐོར་ལ་བརྗོད་ཀྱི་མེད།

༢༽  གྲོས་ཚོགས་འཕར་འགྱངས་དེ་ཁྲིམས་འགལ་ཡིན་པ།

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༡ འཁོད་པའི་ “སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཐག་གཅོད་ཁྲིམས་མཐུན་བཟོ་དགོས་པའི་བཀའ་ཁྱབ་” ཅེས་པའི་ནང་སྤྱི་འཐུས་ཚོགས་གཙོ་དང་རྒྱུན་ལས་ཀྱི་གྲོས་ཚོགས་འཕར་འགྱངས་ཀྱི་ཐག་གཅོད་བཅའ་ཁྲིམས་དང་འགལ་སྐོར་གསུངས་ཡོད། དེ་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༥ འཁོད་པའི་ “སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་ཁྲིམས་འགལ་གང་ཡང་བྱས་མེད་པའི་གསལ་འདེབས་“ ཞེས་པའི་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་དོན་ཚན་ང་བརྒྱད་དང་དངོས་སུ་འགལ་ཚུལ་གསུངས་འདུག་པ་ནི་དངོས་ཡོད་ཀྱི་གནས་ཚུལ་དང་མི་མཐུན་པ་རེད། དེ་ཡང་།

བཅའ་ཁྲིམས་དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་ཞིབ་མི་ཆོག་པ།

༡ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག

༢ ལྷན་ཚོགས་ཀྱི་འགྲོ་ལུགས་དང་། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད།

ཅེས་བྱུང་བ་བཞིན་བཅའ་ཁྲིམས་ཀྱི་དོན་ཚན་འདི་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་དང་། སྤྱི་འཐུས་རྣམ་པས་ལྷན་ཚོགས་སུ་ཕྱག་ལས་གནང་ཕྱོགས་ཀྱི་སྐོར་ཁྲིམས་ཞིབ་མི་ཆོག་ཅེས་གསལ་བ་ལས། ཚོགས་གཙོ་དང་རྒྱུན་ལས་ཀྱི་ལས་དོན་རྣམས་བཅའ་ཁྲིམས་ཀྱི་དོན་ཚན་འདིས་མ་ཁྱབ་པ་ནི་ཚིག་བརྗོད་རང་གི་ཐོག་ནས་གོ་ཐུབ་པ་ཡིན།

བཅའ་ཁྲིམས་དོན་ཚན་ཞེ་དྲུག་པ། སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་།

༡ སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང་། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག

ཅེས་གསལ་བ་འདི་ཡང་སྤྱི་འཐུས་བྱེ་བྲག་པས་གྲོས་ཚོགས་དང་ཚོགས་ཆུང་ཁག་ཏུ་གྲོས་མོལ་གླེང་ཕྱོགས་དང་། འོས་བསྡུ་བྱེད་སྟངས་འགྲིགས་མིན་སྐོར་ཁྲིམས་གཏུག་མི་ཆོག་ཅེས་གསལ་བ་ལས། སྤྱིར་ཚོགས་ཆུང་ཁག་དང་། སྤྱི་འཐུས་བྱེ་བྲག་པའི་ལས་དོན་གང་ལའང་ཁྲིམས་ཀྱིས་མ་ཁྱབ་པའི་དོན་མིན།

༣༽  ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་ཁྲིམས་འགལ་ཡིན་པ།

བཅའ་ཁྲིམས་དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ།

༤  སྤྱི་འཐུས་ལྷན་ཚོགས་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུ་འཛིན་བྱ་རྒྱུ།

བཅའ་ཁྲིམས་དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་། གྲོས་བསྡུར་བྱེད་མི་ཆོག ཅེས་བཅའ་ཁྲིམས་དོན་ཚན་ཁག་གཉིས་ནང་གསལ་བ་བཞིན་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༥ ཉིན་ཁྲིམས་ཞིབ་པ་གསུམ་པོ་འཕོ་འགྱུར་བཏང་བ་དེ་ཁྲིམས་མཐུན་བྱུང་མེད། དེ་ཡང་བཅའ་ཁྲིམས་དོན་ཚན་ང་བཞི་པའི་ནང་ཚོགས་ཆུང་ཟུར་འཛུགས་ཞེས་ཟུར་ཙམ་གསལ་བ་ཙམ་ལས། བཅའ་ཁྲིམས་དོན་ཚན་འདིའི་འོག་ལས་དོན་ལག་བསྟར་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་བཟོས་མེད་པ་དང་། དེའི་དབང་གིས་བཅའ་ཁྲིམས་ཀྱི་སྙིང་དོན་ལྟར་ཁྲིམས་ཀྱི་ལས་རིམ་ཚད་ལྡན་བྱུང་མེད། དངོས་གནས་བྱས་ན་དེའི་ཆེད་དུ་ཁྲིམས་སྒྲིག་བཟོ་དགོས་པ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཡོད། བཅའ་ཁྲིམས་ནང་གསལ་བའི་ཆ་རྐྱེན་འགའ་ཤས་དེ་རང་བེད་སྤྱོད་བཏང་ན་འགྲིགས་པ་ལས། ལོགས་སུ་འགྲོ་ལུགས་བཟོ་དགོས་མེད། འོན་ཀྱང་མང་པོ་ལ་དེ་དག་ལག་བསྟར་སྐབས་ཇི་ལྟར་བྱེད་དགོས་མིན་འགྲོ་ལུགས་ཆ་ཚང་བཟོ་དགོས། དཔེར་ན། ད་ལྟ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཞིབ་པ་འཕོ་འགྱུར་བཏང་བ་ལ་མཚོན་ན། ཐོག་མར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཉེས་འཛུགས་བྱས་ཀྱང་། ཉེས་པ་འཛུགས་ཡུལ་གྱི་ཁྲིམས་ཞིབ་པ་ལ་གྲོས་ཚོགས་སུ་གསལ་བཤད་ཀྱི་གོ་སྐབས་དང་ཐོབ་ཐང་མེད། དེའི་ཆེད་དུ་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་འཐུས་སམ། ཁྱད་མཁས་མི་སྣ་ལས་གྲུབ་པའི་ཚོགས་ཆུང་བཙུགས་ཏེ་དེས་གྲོས་ཚོགས་ཀྱིས་ཉེས་འཛུགས་བྱས་པ་ལ་ཞིབ་འཇུག་དང་། དེ་བཞིན་ཉེས་པ་འཛུགས་ཡུལ་གྱི་ཁྲིམས་ཞིབ་པ་ལའང་ཚོགས་ཆུང་ནང་གསལ་བཤད་ཞུ་རྒྱུའི་གོ་སྐབས་ཆ་ཚང་འབུལ་དགོས། དེ་ནས་ཉེས་འཛུགས་རྣམས་ཁུངས་འཁྱོལ་ན་འཁྱོལ་ཚུལ་དང་། དེ་མིན་ཁུངས་མ་འཁྱོལ་ན་ཁུངས་མ་འཁྱོལ་ཚུལ་རྣམས་ཚོགས་ཆུང་གིས་གྲོས་ཚོགས་སུ་སྙན་ཐོ་འབུལ་དགོས། དེ་ལྟ་བུའི་སྙན་ཐོ་དེ་གྲོས་ཚོགས་ཀྱི་བགྲོ་གླེང་གི་གཞི་རྩ་རེད། དེའི་ཐོག་བགྲོ་གླེང་གིས་མཐར་འོས་ཤོག་བླུགས་ཏེ་ཐག་གཅོད་བྱེད་དགོས། གལ་ཏེ་ཉེས་འཛུགས་དེ་ཁུངས་འཁྱོལ་བ་བྱུང་ནའང་འཕོ་འགྱུར་གཏོང་དགོས་པའི་ཚད་དུ་སླེབས་མིན་ཐོག་བགྲོ་གླེང་ལྷུག་པོ་བྱུང་མེད། སྐབས་འགར་ཉེན་བརྡ་ལྟ་བུ་བཏང་ནས་འཇོག་དགོས་པ་སོགས་རིམ་པ་ཁ་ཤས་ཡོད་རུང་། ད་ལྟ་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་ནང་མགོ་ནས་མཇུག་བར་ཕྱོགས་གཅིག་མ་གཏོགས་མེད་པར་བརྟེན་རང་བཞིན་གྱིས་དྲང་བདེན་ཞིག་ཆགས་མེད། རྒྱ་གར་གྱི་ཁྲིམས་ནང་ཆེས་མཐོའི་ཁྲིམས་ཁང་དང་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་འཕོ་འགྱུར་གཏོང་བའི་ལས་རིམ་མགོ་ཚུགས་པ་ལ་བཟང་སྤྱོད་དང་འགལ་བའི་བྱ་བ་ (Misbehaviour) བྱེད་པའམ་ཁྲིམས་ཀྱི་ལས་དོན་མ་ཐེག་པའི་ (Incapacity) གཞི་རྩ་དགོས།

དེ་ནས་ད་རེས་ཧོལ་རྒྱུགས་ཆེ་ཤོས་ནི་བཅའ་ཁྲིམས་ནང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སྡེབ་གཅིག་ཏུ་འཕོ་འགྱུར་གཏོང་རྒྱུ་དེ་བཀག་ཡོད། དེ་ཡང་བཅའ་ཁྲིམས་ལས་ “སྤྱི་འཐུས་ལྷན་ཚོགས་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་” ཞེས་ ‘སུ་རུང་’ ཞེས་པའི་ཚིག་བཀོད་པ་ལས་གསལ་ངེས། བཅའ་ཁྲིམས་གཏན་འབེབས་གནང་མཁན་ཚོས་ཁྲིམས་ཞིབ་པ་ཞིག་མེད་ན། མང་གཙོའི་ཀ་བ་གསུམ་ལས་ཁྲིམས་ཞིབ་ཁང་མེད་པ་ཆགས་རྒྱུ་དང་། ཁྲིམས་ཞིབ་ཁང་མེད་ན་བོད་མིའི་སྒྲིག་འཛུགས་དེ་མང་གཙོའི་ཡན་ལག་མི་ཚང་བ་སོགས་རྒྱུ་མཚན་མང་པོ་ལ་གཟིགས་ཏེ་དེ་ལྟར་གནང་བ་ཡིན་བཟོ་འདུག

དེ་བཞིན་གྲོས་ཚོགས་ཀྱི་སྲོལ་རྒྱུན་ནང་སྤྱི་འཐུས་ལྷན་ཚོགས་གཙོ་སྐྱོང་གནང་བཞིན་པའི་ཚོགས་གཙོས་ཁྲིམས་འཆར་དང་གྲོས་འཆར་གང་ལའང་རྒྱབ་སྐྱོར་དང་དགག་བྱའི་གསུང་བཤད་མི་གནང་ཞིང་། འོས་ཤོག་འདྲ་མཉམ་བྱུང་སྐབས་གཞི་ནས་འོས་ཤོག་འཕེན་སྲོལ་ཡོད། ད་རེས་འཕོ་འགྱུར་གྱི་གྲོས་འཆར་འདིའི་ཐོག་ཚོགས་གཙོས་གྲོས་འཆར་གྱི་རྒྱབ་སྐྱོར་ལ་གསུང་བཤད་རིང་ཙམ་གནང་བ་དང་། འོས་ཤོག་འདྲ་མཉམ་བྱུང་མེད་ནའང་འོས་འཕངས་འདུག་པ་དེ་ནི་བཅའ་ཁྲིམས་དོན་ཚན་ཞེ་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ།

བཅའ་ཁྲིམས་འདིའི་དོན་ཚན་ཁག་ནང་དམིགས་ཀྱིས་བསལ་བའི་དོན་གནད་རྣམས་ཕུད། དེ་མིན་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཚང་མ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ། འོས་ཤོག་འདྲ་མཉམ་བྱུང་སྐབས་ངོ་ཡོད་ཚོགས་གཙོས་ཕྱོགས་གང་མོས་སུ་འོས་འཕེན་གྱིས་ཐག་གཅོད་བྱེད་འཐུས།

ཞེས་པ་དང་དངོས་སུ་འགལ་བ་ཡིན། སློབ་དཔོན་ཟམ་གདོང་རིན་པོ་ཆེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ལོ་བཅུའི་རིང་གནང་བའི་ཚེ་གྲོས་ཚོགས་ཀྱི་སྲོལ་རྒྱུན་ལ་ཧ་ཅང་གཙིགས་ཆེར་གནང་སྟེ། སྲོལ་རྒྱུན་ཧ་ཅང་བཟང་པོ་ཞིག་གཏོད་གནང་མཛད་ཀྱང་། ད་ཆ་རྩ་མེད་དུ་སོང་ཟིན་ཚད་དུ་སྣང་།

༤༽  རང་འགུལ་གྱིས་ངོས་བཞེས་  (Suo Moto) ནི་ཁྲིམས་ལུགས་དང་མཐུན་པ།

ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱེད་མཁན་མེད་པར། རང་ངོས་ནས་ངོས་བཞེས་གནང་བ་དེ་ཁྲིམས་མཐུན་མིན་ལུགས་བརྗོད་པ་ནི་ཏག་ཏག་བསྡད་མེད། ཁྲིམས་ཀྱི་དབང་བསྒྱུར་ཅན་གྱི་རྒྱལ་ཁབ་ཕལ་མོ་ཆེའི་ནང་རང་འགུལ་གྱིས་ངོས་བཞེས་ (Suo Moto) ཀྱི་ཆ་རྐྱེན་ཡོད་ཅིང་། དེ་ནི་དགོས་མཁོ་ཆེ་བ་ཞིག་ཀྱང་ཡིན།

བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག

དོན་ཚན་རེ་དགུ་པ། གཞི་རྩའི་ཐོབ་ཐང་ལག་བསྟར་ཡོང་བའི་བདེ་སྙན།

ཏ  ཁྲིམས་ཀྱིས་ངོས་བཞེས།

ཁྲིམས་ཞིབ་ཁང་ནས་བོད་ཀྱི་ཡུལ་མི་སུ་རུང་གི་གཞི་རྩའི་ཐོབ་ཐང་ངམ། ཁྲིམས་ཀྱི་ཐོབ་ཐང་གང་རུང་ལ་གནོད་འགལ་བྱུང་བའམ། སྤྱི་པའི་ཁེ་ཕན་ལ་གནོད་འགལ་བྱུང་བ་ཞིག་ཤེས་ཚོར་བྱུང་ཚེ། བྱ་རིམ་གཞན་ལ་བསྟུན་མ་དགོས་པར་ཁྲིམས་ཀྱིས་ངོས་བཞེས་བརྒྱུད། རྩོད་ལན་པར་བརྡ་ཐོ་བཏང་སྟེ་ཁྲིམས་ཞིབ་ཐག་གཅོད་བྱེད་ཆོག

ཁྲིམས་ཡིག་འདི་བཅའ་ཁྲིམས་དོན་ཚན་རེ་བདུན་པའི་འོག་གཏན་འབེབས་བྱས་པའི་ཚད་ལྡན་གྱི་ཁྲིམས་ཡིག་ཅིག་ཡིན།

བཅའ་ཁྲིམས་དོན་ཚན་རེ་བདུན་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། སྒྲིག་གཞི།

བཅའ་ཁྲིམས་འདི་དང་། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ།

ཞེས་བྱུང་བ་བཞིན་བཅའ་ཁྲིམས་ཀྱི་དོན་ཚན་འདིའི་འོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རང་གི་ཁྲིམས་སྒྲིག་ཁག་བཟོ་འགོད་ཀྱི་སྐུ་དབང་དེ་གནང་ཡོད། དེ་ནི་ཁྲིམས་ཞིབ་ཁང་ལའང་དབང་ཚད་ཆ་བགོས་དང་། ལྗིད་མཉམ་སྟངས་འཛིན་ཡོད་ཚུལ་དེ་རེད།

༥༽  རང་འགུལ་གྱིས་ངོས་བཞེས་ (Suo Moto) གནང་བ་དེ་ཁྲིམས་མཐུན་ཡིན་པ།

ཁྲིམས་ཞིབ་ཁང་གིས་རང་ངོས་ནས་ངོས་བཞེས་ཀྱིས་ཚོགས་གཙོ་སྦྲེལ་པོ་དང་རྒྱུན་ལས་ཀྱིས་བཅའ་ཁྲིམས་དང་འགལ་བའི་ཐག་གཅོད་ལ་ཁྲིམས་ཞིབ་གནང་བ་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅའ་ཁྲིམས་སྲུང་སྐྱོབ་བྱ་རྒྱུའི་འགན་དབང་ཡོད་པར་བརྟེན། དེ་ནི་ཁྲིམས་མཐུན་དང་དགོས་ངེས་ཤིག་ཡིན། འདི་ནི་བཅའ་ཁྲིམས་དོན་ཚན་ལྔ་པ་དང་། དོན་ཚན་རེ་དྲུག་པའི་ནང་གསེས་དང་པོ་དང་གཉིས་པའི་ཀ་པ་བཅས་ཀྱི་འོག་གནང་བ་ཡིན།

བཅའ་ཁྲིམས་དོན་ཚན་ལྔ་པ། བཅའ་ཁྲིམས་ཀྱི་ཚད་འཛིན།

༡ ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ།

༢ གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ།

བཅའ་ཁྲིམས་དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད།

༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།

༢ བཙན་བྱོལ་དུ་གནས་རིང་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་འོག་ཏུ་གནས་དགོས་སྟབས་ནག་ཉེས་དང་མཁར་དབང་རྩོད་རྙོག་གི་ཁྲིམས་ཞིབ་བྱ་རྒྱུར་འབྲེལ་བ་མེད་ནའང་གཙོ་ཆེར།

ཀ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་དང་།

ཞེས་བྱུང་བ་བཞིན་བཅའ་ཁྲིམས་ཁག་དང་འགལ་བ་དང་། བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་འགལ་འཛོལ་བྱུང་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རང་འགུལ་གྱིས་ངོས་བཞེས་གནང་བའི་དབང་ཚད་ཡོད་པ་ནི་བཅའ་ཁྲིམས་དོན་ཚན་རེ་དྲུག་པའི་ནང་གསེས་དང་པོའི་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་ཞེས་པ་ལས་གསལ། ཁྲིམས་འཛིན་ཞེ་ན་ཁྲིམས་ཀྱི་སྲུང་སྐྱོབ་བྱེད་མཁན་དང་ཁྲིམས་ཀྱི་ལྟ་རྟོག་བྱེད་མཁན་ལ་བརྗོད། གང་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་པར་བརྟེན། དེ་ལྟ་བུའི་འགལ་འཛོལ་བྱུང་བའི་ཚེ་ཐད་ཀར་ཐེ་བྱུས་གནང་ཆོག་པ་གསལ་ཡོད།

༦༽ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ཆ་བགོས་དང་ལྗིད་མཉམ་སྟངས་འཛིན་ལ་གནོད་སྐྱོན་གཏོང་ཐབས།

ད་རེས་གྲོས་ཚོགས་ཚོགས་དུས་བཅུ་པའི་སྐབས་སུ་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་པོ་འཕོ་འགྱུར་བཏང་བའི་རྗེས་སུ་སྤྱི་འཐུས་རྒྱུན་ལས་ངོས་ནས་བཅའ་ཁྲིམས་བསྐྱར་བཅོས་འཁྱེར་བའི་ནང་དུ།

དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ།

༡ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག ཅེས་པ་དེ་ལ་བསྐྱར་བཅོས་ཚིག་བརྗོད་དུ།

སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་རྒྱུན་ལས། གཞན་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཁག་གི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་། ཐག་གཅོད་བྱེད་ཕྱོགས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག ཅེས་པའི་གཞུང་འབྲེལ་བསྐྱར་བཅོས་གྲོས་ཆོད་གྲོས་འཆར་དེ་གཏན་འབེབས་ཐུབ་མེད། གལ་ཏེ་འགྲོ་ཡོད་ཚེ་མང་གཙོའི་ལྟ་གྲུབ་ཁག་དང་མི་མཐུན་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་ཡང་ཡོངས་སུ་མི་མཐུན་པ་གྱུར་ཡོད།

༧༽ མཐའ་དོན། 

ད་ལན་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་པོ་འཕོ་འགྱུར་བཏང་བ་ལ་བཅའ་ཁྲིམས་རྡོག་རོལ་གཏོང་རྐྱང་གནང་བ་མ་ཟད། འབྱུང་འགྱུར་ཁྲིམས་ཞིབ་ཁང་གི་དབང་ཚད་མེད་པ་བཟོ་ཆེད་བཅའ་ཁྲིམས་དོན་ཚན་ང་བརྒྱད་པ་ལ་བསྐྱར་བཅོས་བསྣམས་པ་དང། ལས་རིམ་རྣམས་ཀྱང་ཧ་ཅང་བྲེལ་ཚུབ་ཀྱིས་ཁྲིམས་ཞིབ་པ་ལ་གསལ་བཤད་ཀྱི་གོ་སྐབས་མི་གནང་བ། ཐོག་མར་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་ཚེས་ ༣༡ བར་ཡིན་རུང་། ༢༠༢༡ ཕྱི་ཟླ་ ༣ ཚེས་ ༢༧ ཉིན་གློ་བུར་དུ་མཇུག་བསྒྲིལ་ནས་འཕོ་འགྱུར་གྱི་གྲོས་ཆོད་གྲོས་འཆར་ལ་བགྲོ་གླེང་གི་གོ་སྐབས་ལྷུག་པོ་མི་གནང་བ། སྤྱི་འཐུས་ཚོགས་གཙོས་ཚོགས་གཙོ་གོང་མ་ཚོས་བཞག་པའི་གྲོས་ཚོགས་ཀྱི་སྲོལ་རྒྱུན་བཟང་པོ་རྣམས་ལ་ཁྱད་གསོད་སྣང་མེད་བཏང་བ་སོགས་མང་གཙོའི་རིང་ལུགས་ཀྱི་འཕྲལ་ཕུགས་ལ་གནོད་པའི་ལས་དོན་མང་པོ་བྱུང་ཡོད།

མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༧ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༣ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese