སྤྱི་འཐུས་དོན་འགྲུབ་བཀྲ་ཤིས། (ཙ་ནེ་ཚང་།)
དེ་རིང་གསལ་བཤད་དང་བསམ་ཚུལ་ཐུང་ཙམ་མི་ཞུ་ཐབས་མེད་ཆགས་སོང་། ནམ་རྒྱུན་ཕན་ཐོགས་ཡོད་མེད་གཉིས་ཀར་རྩོམ་ཉོག་འབྲི་བ་དང་། དངོས་མིང་ཡོད་མེད་རྒྱབ་ནས་དཀྲོག་གཏམ་སྤེལ་མཁན་ཞིག་མིན། ༢༠༡༨ ལོར་གསར་འགོད་ལས་མཚམས་བཞག་རྗེས་འབྲི་རྒྱུ་ལས་ཀློག་རྒྱུར་དུས་ཚོད་མང་བ་གཏོང་གི་ཡོད། ད་རེས་གནད་དོན་འདིར་གསལ་བཤད་ཐུང་ཙམ་མ་ཞུས་ན། ལོ་ངོ་དྲུག་ཅུར་ཉེ་བའི་རིང་ང་ཚོས་མིག་འབྲས་བཞིན་སྲུང་སྐྱོང་བྱས་ནས་ཡོང་བའི་བཙན་བྱོལ་བོད་མིའི་དམངས་གཙོ་འཐོར་ཞིག་ཏུ་འགྲོ་བཞིན་ཡོད་པར་འགན་མ་འཁུར་བ་ཞིག་ཆགས་ཀྱི་ཡོད།
སྤྱིར་གསལ་བཤད་འདི་གྲོས་ཚོགས་མ་གྲོལ་སྔོན་ནས་བྲིས་ཟིན་ན་ཡང་། སྲིད་སྤྱིའི་འོས་བསྡུའི་ཁ་ཐུག་ལ་རང་ཉིད་དག་འབུད་ལྟ་བུ་ཆགས་ན། བཅའ་ཁྲིམས་ཀྱི་བདེན་པར་གནོད་སྐྱོན་འགྲོ་སྲིད་པར་དོགས་ཏེ། རང་ཉིད་བློས་བཏང་ནས་འོས་བསྡུའི་ལས་རིམ་མ་གྲུབ་བར་ཕྱི་བསྒྲགས་ངང་འཐེན་བྱས་པ་ཡིན། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་ལྷན་ཚོགས་བར་གྱི་གནད་དོན་ཐོག་སྤྱི་ཚོགས་ནང་ལབ་གླེང་དང་། འོས་བསྡུའི་ཁ་ཐུག་ལ་རང་རྒྱལ་གཞན་ཕམ་དཀར་ནག་གོ་ཟློག་གི་གླེང་ཕྱོགས་སྣ་ཚོགས་ཆེད་དུ་བཟོ་བཞིན་འདུག འོན་ཀྱང་གནད་དོན་འདིའི་མགོ་མཇུག་བར་གསུམ་དུ་སོ་སོའི་ལངས་ཕྱོགས་བརྟན་པོ་དང་ཕྱི་གསལ་ནང་གསལ་ཡིན་ལ། སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས། སྤྱི་ཚོགས་ནང་གང་དུའང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུས་ཡོད་པ་མགྲིན་པ་གཟེངས་སུ་བཏེགས་ཏེ་ཞུ་བཞིན་ཡོད་ཅིང་། དེ་ཡང་བདེན་པའི་རྒྱབ་ལངས་དང་བཅའ་ཁྲིམས་སྲུང་སྐྱོབ་ཁོ་ན་ཡིན་པ་ལས་ཁྲིམས་ཞིབ་པ་དང་ང་ཚོའི་བར་ཇ་ཕོར་བ་གང་གི་བཟང་འབྲེལ་མེད་ལ་ཚིག་མཐོ་དམན་ཙམ་གྱི་ངན་འབྲེལ་ཡང་མེད།
ཐེངས་འདིའི་གྲོས་ཚོགས་ནང་གློ་བུར་ཐོག་རྒྱག་ལ་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་རྒྱུའི་གྲོས་ཆོད་འཁྱེར་ཡོང་བ་དང་། ལྐོག་ལྐོག་སུད་སུད་ཀྱིས་གསང་བའི་འོས་ཤོག་བླུགས་པ་སོགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༤ པར་འགལ་ཡོད་པ་དང་། ཁྲིམས་ཀྱིས་ངོས་བཞེས་ནུས་མེད་གཏོང་རྩིས་བྱས་ཀྱང་བཅའ་ཁྲིམས་བསྐྱར་བཅོས་གཏོང་མ་ཐུབ་པར་ཟགས་པ་དེས་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་ཐག་གཅོད་དེ་ནོར་བ་བསྟན་པ། དེ་བཞིན། སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་དེ་དག་ལ་ཐོག་མཐའ་བར་གསུམ་དུ་དགག་པ་བརྒྱབ་པ་སོགས་ཐེངས་འདིའི་གྲོས་ཚོགས་ནང་གསལ་བོར་ཞུས་ཟིན་པ་དེ་ལས་འདིར་གསལ་བཤད་འཕར་མ་ཞུ་ལམ་མེད་ཀྱང་། དགོས་གལ་བྱུང་ན་བརྒྱུད་ལམ་གཞན་ནས་གསལ་བཤད་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡོད།
གྲོས་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བའི་ཕྱིར་ཉིན་དེ་མ་ཐག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་གྲངས་ ༤ འཁྱེར་ཡོང་ཡོད་ཀྱང་། བཅའ་ཁྲིམས་བསྐྱར་བཅོས་གཏོང་བར་སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་དགོས་སྟབས།(བོད་མི་མང་སྤྱི་འཐུས་ཀྱི་རྩ་འབོར་ ༤༥ ཡིན་སྟབས། སྤྱི་འཐུས་ ༣༠ དེ་རྩ་འབོར་གྱི་སུམ་ཆ་གཉིས་ཡིན།)ང་རང་གིས་རྩོད་གླེང་མང་པོ་བྱས་མཐར་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ལོང་པར་དོན་ཚན་ཁག་ ༣ ལ་བསྐྱར་བཅོས་གཏོང་མ་ཐུབ་པར་ཟགས་ཡོད།
ད་རེས་གྲོས་ཚོགས་ནང་འགྱུར་བ་གཏོང་རྩིས་བྱས་པའི་དོན་ཚན་ཁག་ནི། བཅའ་ཁྲིམས་དོན་ཚན་ ༥ པ་བཅའ་ཁྲིམས་ཀྱི་ཚད་འཛིན་ལ་བསྐྱར་བཅོས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཀྱིས་ངོས་བཞེས་ནུས་མེད་གཏོང་རྩིས་བྱས་ཡོད། བཅའ་ཁྲིམས་དོན་ཚན་ ༥༨ པར་ “སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག” ཅེས་པར་དབང་ཚད་ཁ་སྣོན་བྱས་ཏེ། “སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་རྒྱུན་ལས། གཞན་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཁག་གི་” ལས་དོན་ལའང་ཁྲིམས་ཞིབ་ཁང་གིས་རྩད་གཅོད་མི་ཆོག་པ་བཟོ་ཐབས་བྱས། དེ་བཞིན། བཅའ་ཁྲིམས་དོན་ཚན་ ༦༦ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ནང་ “(ཆ) གོང་གསལ་དོན་ཚན་ཁག་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་དང་།” ཞེས་པ་རྩ་ནས་བཀོག་ཐབས་བྱས་ཡོད་ཀྱང་། དགོས་ངེས་ཀྱི་རྒྱབ་སྐྱོར་མ་ལོང་པར་དོན་ཚན་དེ་དག་བསྐྱར་བཅོས་གཏོང་ཐུབ་མེད།
འོན་ཀྱང་བློ་ཕམ་པ་ཞིག་ལ་བཅའ་ཁྲིམས་དོན་ཚན་ ༦༧ པར་དགག་པ་རྒྱག་མཁན་ ༨ ལས་མ་བྱུང་སྟབས་བསྐྱར་བཅོས་ཕྱིན་སོང་། དོན་ཚན་དེར་སྔོན་མ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་སྒྲིག་བཟོ་འགོད་གཏན་འབེབས་ཀྱི་དབང་ཚད་རང་རྐྱ་ཐུབ་པ་ཞིག་ཡོད་པ་དང་། ཁྲིམས་ཀྱིས་ངོས་བཞེས་ཀྱང་ཆ་རྐྱེན་འདིའི་འོག་ནས་གཏན་འབེབས་གནང་ཡོད་ཀྱང་། ད་རེས་བསྐྱར་བཅོས་བཏང་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་སྒྲིག་ “བཟོ་འགོད་འཆར་འབུལ་ལ་སྤྱི་འཐུས་ལྷན་ཚོགས་ནས་བཀའ་འཁྲོལ་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ།” ཞེས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་སྒྲིག་བཟོ་འགོད་འཆར་འབུལ་ཞུ་དགོས་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་འཁྲོལ་གཏན་འབེབས་གནང་རྗེས་གཞི་ནས་ཁྲིམས་ཞིབ་ཁང་གིས་ལག་བསྟར་ཆོག་པ་ཞིག་བཟོས་ཡོད། དེ་བཞིན། དེའི་ཟུར་བརྗོད་ནང་ “དེ་སྔོན་བཟོས་ཟིན་པའི་ཁྲིམས་ཡིག་རྣམས་ཀྱང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་འཁྲོལ་གཏན་འབེབས་གནང་དགོས།” ཞེས་འཁོད་ཡོད་སྟབས། ཐེངས་འདིར་ཁྲིམས་ཀྱིས་ངོས་བཞེས་ལ་གཡོ་འགུལ་གཏོང་ཐུབ་མེད་ཀྱང་། གང་མགྱོགས་རྨེག་མེད་གཏོང་རྩིས་ཡོད་པ་ཟུར་བལྟས་ལེབ་མཐོང་ལ་སོང་། གྲོས་ཚོགས་འཐུས་མི་རྣམ་པ་དང་རྒྱ་ཆེའི་མང་ཚོགས་ཀྱིས་དགོངས་པ་གཟབ་ནན་བཞེས་དགོས་པའི་དུས་ལ་བབ་ཡོད།
གོང་གསལ་བཅའ་ཁྲིམས་དོན་ཚན་ ༥ ། ༥༨ ། ༦༦ ། ༦༧ པ་བཅས་ནི་དམངས་གཙོའི་ཀ་བ་གསུམ་གྱི་ལྗིད་སྙོམས་སྟངས་འཛིན་(Check and Balance)གྱི་ས་མཚམས་གཙོ་བོ་དང་། བཅའ་ཁྲིམས་ཀྱིས་བསྐུར་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་གི་འབྱུང་ཁུངས་ཡིན། གལ་སྲིད་དོན་ཚན་འདི་དག་གོང་ལྟར་བསྐྱར་བཅོས་ཕྱིན་ན། བཅའ་ཁྲིམས་ཀྱི་རིན་ཐང་ཉམས་ཏེ་དམངས་གཙོའི་སྒྲིག་འཛུགས་མིང་གི་ལྷག་མར་འགྱུར་འགྲོ་སྟབས། བཅའ་ཁྲིམས་ལ་བློ་གཏད་དང་དམངས་གཙོའི་སྒྲིག་འཛུགས་ལ་དགའ་ཞེན་ཡོད་ན་བཅའ་ཁྲིམས་དོན་ཚན་འདི་དག་ལ་ཚེ་སྲོག་གིས་སྲུང་སྐྱོབ་བྱེད་དགོས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་འགྲེལ་བརྗོད་དང་ཚིག་དོན་ལ་གོ་བ་ལེན་སྐབས། བཅའ་ཁྲིམས་ཀྱི་དོན་ཚན་མང་པོ་ཞིག་ཕན་ཚུན་འབྲེལ་བ་ཡོད་སྟབས། བཅའ་ཁྲིམས་མགོ་ནས་མཇུག་བར་ཡག་པོ་ལྟ་ཀློག་གནང་དགོས་པ་མ་ཟད། དམངས་གཙོའི་རྒྱལ་ཁབ་གཞན་དག་གི་རྩ་ཁྲིམས་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁུངས་མ་ཕྱི་ལོ་ ༡༩༦༣ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡོངས་བསྒྲགས་གནང་བའི་༼མ་འོངས་བོད་ཀྱི་རྩ་ཁྲིམས་༽ལའང་གཟིགས་ཞིབ་གནང་དགོས། གོང་གསལ་བཅའ་ཁྲིམས་དོན་ཚན་ ༥ ། ༥༨ ། ༦༦ ། ༦༧ པ་དག་ཀྱང་། མ་འོངས་བོད་ཀྱི་རྩ་ཁྲིམས་དོན་ཚན་ ༤ ། ༦༡ ། ༦༤ ། ༦༦ པ་བཅས་ལ་གཞི་བཅོལ་ཏེ་གཏན་འབེབས་གནང་པ་ཞིག་ཡིན་སྟབས། དོན་ཚན་འགའ་རེ་བཅའ་ཁྲིམས་ལས་ཀྱང་མ་འོངས་བོད་ཀྱི་རྩ་ཁྲིམས་ནང་ཁ་གསལ་བ་ཡོད།
ཕྱི་ལོ་ ༢༠༢༠།༨།༢༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་རྒྱུན་ལས་གཉིས་གདོང་ཐུག་རྒྱག་མགོ་བརྩམས་པ་ནས་ཉེ་ལམ་ ༢༠༢༡།༣།༢༥ ཉིན་གྲོས་ཚོགས་ཀྱིས་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་བཏང་བའི་བར་གྱི་གནད་དོན་ཡོངས་རྫོགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༦༩ པའི་ནང་གསེས་(ཏ)པའི་༼ཁྲིམས་ཀྱིས་ངོས་བཞེས།༽ཟེར་བ་འདི་ལ་ཐུག་ཡོད་སྟབས། བརྒྱ་བཤད་ཚིག་གི་རྩ་བ། སྟོང་བཤིག་འོ་མའི་མར་ལོ། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་སྒྲིག་བཟོ་འགོད་ཀྱི་དབང་ཚད་ཡོད་དམ། ཁྲིམས་ཀྱིས་ངོས་བཞེས་དེ་བཅའ་ཁྲིམས་ཀྱི་ཆ་རྐྱེན་གང་གི་འོག་ནས་གཏན་འབེབས་གནང་ཡོད། ཁྲིམས་ཀྱིས་ངོས་བཞེས་དེ་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་བཟོས་པ་དང་། ང་ཚོ་བཙན་བྱོལ་བོད་མི་ཚོར་དགོས་མཁོ་ཅན་ཞིག་ཆགས་ཡོད་དམ།
གཅིག ༽ ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་སྒྲིག་བཟོ་འགོད་ཀྱི་དབང་ཚད་ཡོད་དམ།
ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་སྒྲིག་བཟོ་འགོད་ཀྱི་དབང་ཚད་ཡོད་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༧ པའི་ནང་གསལ་ཡོད། དོན་ཚན་དེའི་ནང་། “བཅའ་ཁྲིམས་འདི་དང༌། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ།” ཞེས་འཁོད་ཡོད།
བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བ་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། རྩ་འཛིན་ཁྲིམས་ཡིག་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག དཔང་རྟགས་ཁྲིམས་ཡིག་བཅས་ཁྲིམས་ཡིག་གསུམ་གཏན་འབེབས་གནང་སྟེ་ ༡༩༩༦ ལོར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་རྟགས་བསྐྱོན་ཡོད། ༢༠༡༡ ལོའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པའི་སྔོན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་སྒྲིག་ཁག་ལ་༧གོང་ས་མཆོག་གིས་མཚན་རྟགས་བསྐྱོན་དགོས་ཀྱང་། ༢༠༡༡ ལོའི་རྗེས་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་བཟོས་པའི་ཁྲིམས་སྒྲིག་ལ་སྲིད་སྐྱོང་གིས་མཚན་རྟགས་བསྐྱོན་དགོས་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཟོས་པའི་ཁྲིམས་སྒྲིག་ཁག་ལ་སྲིད་སྐྱོང་གིས་མཚན་རྟགས་བསྐྱོན་མི་དགོས་པར་ཁྲིམས་ཞིབ་པ་རྣམ་པས་མཚན་རྟགས་བསྐྱོན་དེ་ལག་བསྟར་ཆོག་གི་ཡོད།
སྐད་གྲགས་ཆེ་བའི་ཁྲིམས་ཀྱིས་ངོས་བཞེས་ཟེར་བ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཟུར་བ་ཞིག་གི་སྣེ་ཁྲིད་འོག གནའ་དེང་ཁྲིམས་ལུགས་རིག་པར་སྦྱངས་པ་ཐོན་མཁན་ཚོགས་ཆུང་ཞིག་གིས་ཞིབ་འཇུག་མཐིལ་ཕྱིན་གནང་བ་བརྒྱུད། ཕྱི་ལོ་ ༢༠༡༩།༡༠།༡༤ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༦༩ པའི་འོག་(ཏ) པར་གསར་འཇུག་གནང་ཡོད་ཅིང་། དེ་འབྲེལ་ཡིག་ཆ་ཁག་ ༢༠༡༩།༡༠།༡༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་ཕུལ་བ་ལྟར་སྤྱི་འཐུས་རྒྱུན་ལས་ནང་སྙན་སྒྲོན་དང་། དེའི་ངོ་བཤུས་སྤྱི་འཐུས་ཡོངས་རྫོགས་ལ་བཏང་ཡོད་སྟབས། གལ་ཏེ་སྒྲིག་གཞི་གསར་པ་དེར་མ་འགྲིག་མ་འཐུས་པ་ཞིག་གཟིགས་ཀྱི་ཡོད་ན་དེ་དུས་རྩོད་བཤེར་བྱེད་དགོས་ཀྱང་སྐབས་དེར་དོགས་སློང་ཙམ་ཡང་གནང་མཁན་བྱུང་མེད།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆེད་འཛུགས་ཚོགས་ཆུང་དེས་ ༢༠༡༧།༥།༤ ཉིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ལ་སློབ་སྟོན་ཞུས་ཏེ། བཅའ་ཁྲིམས་དོན་ཚན་ལྔ་པའི་ནང་གསེས་དང་པོར། “བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ” ཞེས་པ་དེར་འགྲེལ་བཤད་ཅིག་བསྐྱོན་རོགས་ཞུས་པའི་ལན་དུ་རིན་པོ་ཆེ་མཆོག་གིས། “འཛིན་སྐྱོང་དང་གྲོས་ཚོགས་ནས་བཅའ་ཁྲིམས་དང་འགལ་བའི་ཆ་དེ་དང་བླངས་ཀྱིས་བཟོ་བཅོས་མ་བཏང་ན། གཞན་ཞིག་གིས་ཞུས་པའམ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གཟིགས་པའི་སྒོ་ནས་ Suo Moto བརྒྱུད་རྩ་འཛིན་མེད་པ་བྱ་རྒྱུའི་ཐག་གཅོད་གནང་ཆོག་གི་རེད། ཡིན་ནའང་། གྲོས་ཚོགས་དང་འཛིན་སྐྱོང་ལ་བརྡ་བཏང་བའི་ཐོག་ནས་ཉན་ཞིབ་བརྒྱུད་ཐག་གཅོད་གནང་བ་དེ་མཐའ་མའི་ཐག་གཅོད་ཆགས་ཀྱི་རེད།” ཅེས་གསུངས་ཡོད་པ་ཉེ་ལམ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གསལ་བཤད་ཁག་ནང་འཁོད་ཡོད།
གཉིས།༽ ཁྲིམས་ཀྱིས་ངོས་བཞེས་དེ་བཅའ་ཁྲིམས་ཀྱི་ཆ་རྐྱེན་གང་གི་འོག་ནས་གཏན་འབེབས་གནང་ཡོད།
ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་དོན་ཚན་ ༥ པ་དང་ ༦༦ པའི་འོག་ཁྲིམས་ཀྱིས་ངོས་བཞེས་གཏན་འབེབས་ལག་བསྟར་གནང་ཡོད། བཅའ་ཁྲིམས་དོན་ཚན་ ༥ པའི་བཅའ་ཁྲིམས་ཀྱི་ཚད་འཛིན་ལ་ནང་གསེས་གཉིས་ཡོད་པའི་ནང་ ” ༡ ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ། ༢ གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ།” ཞེས་འཁོད་ཡོད། དེ་བཞིན། བཅའ་ཁྲིམས་དོན་ཚན་ ༦༦ པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ཀྱི་ནང་གསེས་དང་པོར། “ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།” ཞེས་འཁོད་ཡོད་ལ། ནང་གསེས་གཉིས་པའི་ (ཀ) པར་ “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་དང༌།” ཞེས་དང་། (ཆ) པར་ “གོང་གསལ་དོན་ཚན་ཁག་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་” ཞེས་སོགས་འཁོད་ཡོད།
རྒྱ་གར་དང་ཨ་རི་སོགས་སུ་ཁྲིམས་ཀྱིས་ངོས་བཞེས་ལག་བསྟར་བྱས་ཏེ་རྒྱུན་རིང་ཕྱིན་ཡོད། ཁྲིམས་ཀྱིས་ངོ་བཞེས་ལ་རྒྱ་གར་དུ་ Suo moto དང་། ཨ་རིར་ Sua sponte ཟེར་ཞིང་། རྒྱ་གར་དུ་ཕྱི་ལོ་ ༡༩༧༠ ནང་དང་། ཨ་རིར་ཕྱི་ལོ་ ༡༨༠༣ ལོར་ཁ་མཆུའི་བཅད་ཁྲི་བརྒྱུད་དེ་ཁྲིམས་དོན་བསྐྱར་ཞིབ་(Judicial Review)གྱི་ལམ་སྲོལ་གཏན་འབེབས་གནང་རྗེས། རིམ་བཞིན་ཁྲིམས་ཀྱིས་ངོས་བཞེས་ལག་བསྟར་བྱེད་མགོ་ཚུགས་ཤིང་། དེ་གཉིས་ཀས་ཁུངས་གཏུགས་ས་དབྱིན་ཇིའི་ཡིག་ཐོག་ཏུ་མ་འཁོད་པའི་གནའ་བོའི་ཁྲིམས་སྲོལ་(Ancient English System)ཡིན་པ་ཡོངས་གྲགས་ཡིན། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ ༣༢ པ་དང་། ༢༢༦ པའི་ནང་ཆེས་མཐོའི་ཁྲིམས་ཁང་དང་མཐོ་རིམ་ཁྲིམས་ཁང་ལ་ཁྲིམས་དོན་བསྐྱར་ཞིབ་ཀྱི་དབང་ཚད་སྤྲད་ཡོད་པ་གཞིར་བཟུང་། བཅད་ཁྲ་བརྒྱུད་ཁྲིམས་ཀྱིས་ངོས་བཞེས་ལག་བསྟར་རྒྱུན་འཇགས་བྱུང་བ་ཞིག་ཡིན་པ་ལས། རྩ་ཁྲིམས་དང་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཟུར་དུ་གཏན་འབེབས་གནང་མེད་པ་ཉེ་ལམ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་བྱེ་བྲག་པ་ཞིག་ལ་བཅད་ཁྲ་བཏང་བའི་ནང་དུའང་གསལ་ཡོད།
སྤྱིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་བཙན་བྱོལ་བོད་མིའི་དགོས་མཁོ་གཞིར་བཟུང་གཏན་འབེབས་གནང་བ་སྨོས་མེད་དང་། རྒྱལ་ཁབ་དང་ཡུལ་ལུང་གཞན་པའི་ཁྲིམས་ལུགས་ལ་བརྟེན་གཏུག་དགོས་དོན་ཆེར་མེད་ཀྱང་། ཕྱི་ལོ་ ༡༩༩༡ བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་ཞིབ་གཏན་འབེབས་གནང་སྐབས། ༡༩༦༣ ལོར་ཡོངས་བསྒྲགས་གནང་བའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་བོད་ཀྱི་རྩ་ཁྲིམས་དང་། རྒྱ་གར་གྱི་རྩ་ཁྲིམས་གཙོ་བོར་གྱུར་བའི་ཨ་རི་དང་དམངས་གཙོའི་རྒྱལ་ཁབ་ཁག་གི་རྩ་ཁྲིམས་ཡིན་པ་སྙོན་ཐབས་མེད།
གསུམ། ༽ ཁྲིམས་ཀྱིས་ངོས་བཞེས་ཟེར་བ་དེ་ང་ཚོ་བཙན་བྱོལ་བོད་མི་ཚོར་དགོས་མཁོ་ཅན་ཞིག་ཆགས་ཡོད་དམ།
དམངས་གཙོའི་རྒྱལ་ཁབ་ཁག་གི་མཐོ་རིམ་དབང་འཛིན་ལས་ཁུངས་ཁག་བར་གྱི་དབང་ཆའི་ས་མཚམས་དང་ཁྲིམས་ཀྱི་ཁྱབ་ཚད་ཐོག་ཁྲིམས་ཀྱིས་ངོས་བཞེས་ཀྱིས་ནུས་པ་ཆེན་པོ་འཐོན་བཞིན་ཡོད། རྒྱ་གར་རྩ་ཁྲིམས་ཀྱི་ཡབ་ཆེན་དང་ནང་པའི་སྟོན་པ་གཉིས་པར་འབོད་པའི་ཨེམ་བྷེ་ཊ་ཀར་(Dr. Bhimrao་Ambedkar)མཆོག་གིས་ཀྱང་། རྒྱ་གར་གྱི་རྩ་ཁྲིམས་ལས་གལ་གནད་ཆེ་ཤོས་ཀྱི་དོན་ཚན་གཅིག་དེ་གང་ཡིན་པ་དང་། གལ་སྲིད་དོན་ཚན་དེ་མེད་ན། རྩ་ཁྲིམས་ནུས་མེད་ཆགས་ཀྱི་ཡོད་པ་དེ་མིང་འདོན་རོགས་ཞེས་དྲིས་པ་ཡིན་ན། དེ་ནི་རྩ་ཁྲིམས་དོན་ཚན་ ༣༢ པ་དེ་རེད་ཅེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་ཁྲིམས་ལ་འགྲེལ་བཤད་བསྐྱོན་པའི་དབང་ཚད་དང་། ཁྲིམས་ཀྱིས་ངོས་བཞེས་ཀྱིས་མཚོན་པའི་ཁྲིམས་དོན་བསྐྱར་ཞིབ་ཀྱི་དབང་ཚད་ལ་གདེང་འཇོགས་བླ་ན་མེད་པ་གནང་ཡོད།
བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༦༩ པའི་ནང་གསེས་ (ཏ) པར། “ ཁྲིམས་ཀྱིས་ངོས་བཞེས། ཁྲིམས་ཞིབ་ཁང་ནས་བོད་ཀྱི་ཡུལ་མི་སུ་རུང་གི་གཞི་རྩའི་ཐོབ་ཐང་ངམ། ཁྲིམས་ཀྱི་ཐོབ་ཐང་གང་རུང་ལ་གནོད་འགལ་བྱུང་བའམ། སྤྱི་བའི་ཁེ་ཕན་ལ་གནོད་འགལ་བྱུང་བ་ཞིག་ཤེས་ཚོར་བྱུང་ཚེ། བྱ་རིམ་གཞན་ལ་བསྟུན་མ་དགོས་པར་ཁྲིམས་ཀྱིས་ངོས་བཞེས་བརྒྱུད། རྩོད་ལན་པར་བརྡ་ཐོ་བཏང་སྟེ་ཁྲིམས་ཞིབ་ཐག་གཅོད་བྱེད་ཆོག” ཞེས་འཁོད་ཡོད།
ཁྲིམས་ཀྱིས་ངོས་བཞེས་འདི་ང་ཚོ་བཙན་བྱོལ་བོད་མིར་དམིགས་བསལ་གྱིས་དགོས་མཁོ་ཆེན་པོ་ཡོད། གཅིག བཙན་བྱོལ་མི་མང་བྱིངས་ལ་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་སྟབས། སྤྱི་ཚོགས་ནང་ཐོབ་ཐང་རྡོག་རོལ་དང་ཁྲིམས་འགལ་རིགས་མང་པོ་འབྱུང་བཞིན་ཡོད་ཀྱང་ཞུ་གཏུག་གི་གོམས་གཤིས་མེད། གཉིས། སྤྱི་ཚོགས་ནང་གི་རྙོག་དྲ་རིགས་ལ་བོད་མིའི་སྒྲིག་འཛུགས་ལ་ཉེན་རྟོག་པ་གཏོང་རྒྱུ་དང་ཉེས་ཅན་བཀག་བསྐྱིལ་བྱེད་ས་མེད། གསུམ། སྤྱི་བའི་ཁེ་ཕན་ལ་གནོད་འགད་བྱུང་རིགས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐད་ཀར་ཕྱག་བརྐྱངས་ཏེ་ཐག་གཅོད་ཆད་འགེལ་སོགས་བྱས་ན་ཆོལ་ཁ་ཆོས་ལུགས་ཀྱི་སྐད་ཆ་ཡོང་ས་མེད་པ་བཅས་ལ་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ཀྱིས་ངོས་བཞེས་ཚུལ་བཞིན་ལག་བསྟར་ཐུབ་ན། ཁྲིམས་ཀྱིས་ངོས་བཞེས་འདི་བཙན་བྱོལ་བོད་མི་ཚོར་དམིགས་བསལ་དགོས་མཁོ་ཆེ་ཞིང་། ཉམས་ཆུང་མི་མང་གི་ཡིད་ཆེས་བློ་གཏད་བཅོལ་ཡུལ་ཉག་གཅིག་དེ་ཡིན་ཆོག
མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།
ཨ་བཙན་པོ་ཟེར་བ་འདིས་ཞབས་མཆན་རིང་པོ་ཞིག་བཀོད་འདུག་པར་རྒྱུ་མཚན་གང་ཡང་མི་འདུག ཡང་མིན་ན་མཆན་འགོད་སའི་རྩོམ་ཡིག་ནོར་འདུག ཡང་མིན་ན་མཆན་འགོད་མཁན་གང་ཟག་སྨྱོས་འདུག
དྲི་བ་དང་པོའི་ལན། གོང་གསལ་ལུང་འདྲེན་དག་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དྲངས་མི་འདུག འདི་ཁྱེད་ཀྱིས་མིག་འཁྲུལ་བ་ཡིན་ནམ་ཡང་ན་མ་ཤེས་པ་ཡིན་འགྲོ གང་ལྟར་ཁྲིམས་ཀྱི་ངོས་བཞེས་ཞེས་པ་ནི་བཅའ་ཁྲིམས་དོན་ཚན་ ༦༩ པ་ “ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། སྒྲིག་གཞི། བཅའ་ཁྲིམས་འདི་དང༌། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང། འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་འཆར་འབུལ་ལ་སྤྱི་འཐུས་ལྷན་ཚོགས་ནས་བཀའ་འཁྲོལ་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ།” ཞེས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་མིང་ཁྲིམས་ཡིག་བསྐྱར་བཅོས་སྐབས་ ༥ སྟེང་གསར་སྣོན་བྱས་པ་ཡིན་ཚུལ་གསལ་བོ་བཀོད་འདུག
དྲི་བ་གཉིས་པའི་ལན། དེ་ལྟར་གསུང་དོན་ནི་སྤྱི་མིང་ཁྲིམས་ཡིག་གི་དོན་ཚན་གྱ་གཅིག་པོ་བཅའ་ཁྲིམས་ནང་གསལ་བོ་མེད་པ་ལྟར་འདི་ཡང་གསལ་བོ་བཀོད་དགོས་དོན་མེད་པ་གཅིག་མཚུངས་ཡིན་པསརེད། ཁྱེད་ལ་དོན་ཚན་འདི་བཅའ་ཁྲིམས་ནང་ལ་བསལ་བོ་མེད་པ་ཡ་མཚན་སྐྱེས་དོན་ནི་བཙན་བྱོལ་བོད་མིའི་བཅའ་སྒྲིག་གསལ་བོ་མ་ངེས་པས་རེད། སོང་ཙང་ཁྱེད་ཀྱིས་བཙན་བྱོལ་བོད་མིའི་བཅའ་སྒྲིག་ཁག་ལ་སློབ་སྦྱོང་བྱོས།
དྲི་བ་གསུམ་པའི་ལན། བཅའ་ཁྲིད་དང་སྒྲིག་གཞི་ཁག་དང་པོ་ནས་ཁ་ཚང་ཅིག་དང་བསྐྱར་བཅོས་དང་ཁ་སྣོད་བྱེད་མི་དགོས་པ་ཅིག་མང་གཙོའི་རྒྱལ་ཁབ་སུ་གཅིག་ལ་ཡང་བྱུང་མྱོང་མེད་པ་དེ་ཡང་ཁྱེད་ཀྱིས་ཤེས་མེད་པ་འདྲ། བཙན་བྱོལ་བོད་མིིའི་བཅའ་ཁྲིམས་ ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་བ་ནས་བཟུང་ད་བར་དུ་བཅའ་ཁྲིམས་ལ་བསྐྱར་བཅོས་དང་ཁ་བསྣོན། ཕྱིར་བསྡུ་ག་ཚོད་བྱས་ཡོད་མེད་ལ་ཡང་ཁྱེད་ཀྱིས་སློབ་སྦྱོང་བྱེད་དགོས་སུ་མཐོང་།
དྲི་བ་བཞི་བའི་ལན། གོང་གི་དྲི་བ་བཞི་བའི་ལན་དང་གཅིག་མཚུངས་ཀྱིས་འཐུས་པ་བྱོས།
དྲི་བ་ལྔ་བའི་ལན། འདྲི་བ་འདི་ལ་ཟུར་ཁག་ཅིག་ཡོད་པ་ལས་ཟུར་དང་པོ་ལན་ནི། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་བཟོ་ལྷན་ཚོགས་ནས་བཅའ་ཁྲིམས་སུ་གཏན་ལ་མ་ཕབ་པའི་རང་ཆས་སུ་ཡོད་པ་ལྟ་བུའི་འགན་དབང་ཞིག་ཡོད་པ་གང་ན་ཡང་བཤད་མི་འདུག་ལ། ཁྲིམས་ཀྱི་ངོས་བཞེས་ཞེས་པ་བཅའ་ཁྲིམས་དོན་ཚན་ ༦༧ འོག་བཟོས་པ་ཡིན་ཚུལ་ཡང་གསལ་བོ་བཤད་འདུག དེ་ཁྱེད་ཀྱིས་མཁྱེན་མེད་པ་འདྲ།
ཟུར་གཉིས་པའི་ལན། དེ་བཞིན་དུ་བཙན་བྱོལ་བོདམིའི་བཅའ་སྒྲིག་ཁག་ཚང་མ་ཕྱི་ལོ་ ༡༩༦༣ ལོར་ཡོངས་བསྒྲགས་གནང་བའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་བོད་ཀྱི་རྩ་ཁྲིམས་ནང་གསལ་དགོས་པའི་དགོངས་ཚུལ་དེ་ཡང་ཧ་ཅང་ཐལ་ཆ་ཆེ་བའི་དོན་དག་ཅིག་རེད། གལ་སྲིད་དེ་དགོས་ངེས་སུ་མཐོང་ལ་ན་བཙན་བྱོལ་བོད་མིའི་བཅའ་སྒྲིག་ཁག་མ་འོངས་བོད་ཀྱི་རྩ་ཁྲིམས་ནང་ལ་གསལ་ཚུལ་ཅིག་ཤོད་དང་། དེ་ནས་ཁྱེད་ལ་བདེན་ཁ་གཏེར་ཆོག
ཟུར་གསུམ་པའི་ལན། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ལ་དེ་ལྟའི་དགོངས་གཞི་ཡོད་དམ་ཞེ་ན་ཡོད་ངེས་དེ་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཉེ་ཆར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བཅར་འདྲི་དེང་ལེན་སྐབས་གསལ་བོ་གསུང་བ་ཁྱེད་ཀྱིས་ཡང་གསན་ཡོད་ངེས།
ཟུར་བཞི་བའི་ལན། བཅའ་སྒྲིག་ཁག་གི་དགོངས་དོན་ཁག་ངེས་པར་དུ་༸གོང་ས་མཆོག་གིས་བཀའ་གནང་དགོས་པའི་བསམ་ཚུལ་འདི་གང་ནས་སྐྱེས་སོང་། བཅའ་སྒྲིག་ཁག་དང་ལྷག་པར་དུ་ཆེས་མཐོའི་ཁྲིམས་ཞིག་ཁང་གི་ཁྲིམས་ཡིག་ཁག་གི་དོན་ཚན་དག་༸གོང་ས་མཆོག་གིས་ག་དུས་བཀའ་གནང་འདུག གཞན་དག་ལ་བཀའ་གནང་ནས་འདི་ལ་བཀའ་གནང་མེད་ན་བསམ་ཚུལ་དེ་སྐྱེས་སྲིད་མོད། འདི་གཅིག་པུ་ལ་བཀའ་དེ་འདྲ་ཅིག་གནང་དགོས་པའི་བསམ་ཚུལ་འདི་ཡ་མཚན་ཅིག་མ་རེད་དམ།
ཟུར་ལྔ་བའི་ལན། ཁྲིམས་ཞིབ་ཁང་གིས་ཨ་རྒྱ་གཉིས་ལ་དཔེར་ལེན་དགོས་པའི་གནད་འགག་གི་རྩ་བ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་རྒྱལ་ཁབ་དེ་དག་གི་རྩ་ཁྲིམས་དང་སྒྲིག་གཞི་སོགས་ལ་གཞི་བཅོལ་ནས་བཟོ་ཡོད་པས་ཡིིན་ངེས་ལ། དེ་ལ་གཞི་བཅོལ་བ་དེ་ཡང་དོན་གྱིས་འགྲིག་ངེས་སུ་མཐོང་།
མཆན་རྒྱག་མཁན་(འོ་མ་)ཟེར་བ་ཁྱོད་ཤར་ཕྱོགས་ཁུག་རྟའི་ཐན་སྐད་རེད་འདུག་པར་དོག་པ་མི་འདུག ཁྱོད་རང་སྤྱི་འཐུས་ནང་ནས་མར་ཟེག་པ་ཁྲིམས་ཞིབ་ཁང་གི་གནད་དོན་རེད་མ་གཏོགས། མདོ་སྨད་ནང་ཁུལ་ནས་ཁྱོད་ལ་སྡུག་ཅག་བྱས་པ་མ་རེད་ཁྱོད་རང་རང་གིས་རིན་པ་སྤྲད་དེ་ཉོས་པའི་ཉེས་པ་རང་རེད། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྒང་གི་རྩོམ་ཡིག་ནང་གསལ་གསལ་ཐང་ཐང་བྲིས་འདུག་པ་དེ་རེད། མ་ཟད་ཉེ་ལམ་གྲོས་ཚོགས་ནང་དུའང་གསལ་བོ་གསུང་སོང་པ་ཚང་མས་མིག་གི་མཐོང་གསལ་དང་རྣ་བས་ཐོས་གསལ་རེད། ད་དུང་ངན་ཇུས་གཞན་ཞིག་ཡོད་མདོག་མདོག་བཤད་དེ་ནང་ཁུལ་རྐང་པའི་མར་འཐེན་ན་ཁྱོད་ལ་རེག་རྒྱུ་ཅི་ཞིག་ཡོད། གོ་སྟངས་བྱས་ན་དེང་སྐབས་ཤར་ཁུག་གིས་དམ་ཉམས་ཚོ་དང་ངན་པ་ལག་འབྲེལ་མགོ་བཙུགས་ཏེ་ནང་ཁུལ་དཀྲུག་གི་འདུག་ཟེར། ད་གཟབ་གཟབ་བྱས་ན་མ་གཏོགས་དེང་སྐབས་དྲ་ཐོག་ན་མཆན་སྡུག་ཅག་ཅིག་དང་པར་རྫོབ་རོ་ཞིག་འཁོད་ཡོད་ནའང་ཤར་ཕྱོགས་ཁུག་རྟ་ཡིན་པའི་དོག་པ་ཟ་བཞིན་འདུག
སྐུ་ངོ་ལགས། ད་ཡིན་ན་ཅིག་འགྲིག་མི་འདུག་ག སྐུ་ངོ་རང་གིས་དང་པོར་རྒྱུན་ལས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དགག་བྱ་མཐའ་གཅིག་ཏུ་བྱས། འཆི་ཁ་ཐཽན་ན་རྟ་ཁ་འཐེན་མི་རུང་ཞེས་ཤར་ཁུག་ཁྱོད་གཉིས་ཀ་སྨྱོས་བཞག་འདུག་ཟེར། བར་དེ་ནས་རང་གིས་ཁྲིམས་ཞིབ་ཁང་ལ་རྒྱུན་ལས་ཀྱི་ལན་སྐྱེལ། ཁྲིམས་ཞིབ་ཁང་གིས་ཡོངས་གྲགས་མ་བྱས་པའི་ཡི་གེ་ཚུར་བླངས། མ་འོངས་པར་འཕོ་འགྱུར་བཏང་ན་དགག་པ་རྒྱག་གི་ཡིན་ཅེས་ཁས་བླངས་འདུག་ཟེར། དངོས་གནས་མགོ་གཉིས་མ་འཁྲབས་ཡིན་ནམ། འདི་གསལ་པོ་གསལ་བཤད་ཡག་པོ་ཞིག་བཟོ་རོགས། སྤྱི་འཐུས་རྒྱུན་ལས་ནས་སྤྱི་འཐུས་སྒེར་ལ་ཡིད་ཆེས་མེད་པའི་གྲོས་ཆོད་འཁྱེར་ནས། སྐུ་ངོ་རང་ཡང་ཕུད་འཆར་འདུག་ཟེར། དེ་ཡིན་ན། ད་ཟགས་སོང་། སྐུ་ངོ་ཤར་ཁུག་མེད། ཁྱོད་མེད་ན། མདོ་སྨད་སྤྱི་འཐུས་བརྒྱ་ཡོད་ཀྱང་ཕན་ཐོགས་མེད། ངེས་པར་གསལ་བཤད།་དང་གཟབ་གཟབ་གནང་རོགས། ཕྱི་གསལ་ནང་གསལ་བཟོ་རོགས།
དཔྱད་རྩོམ་དཔྱད་པ་བཏང་བ་ཟེར་ན་འདི་འདྲ་དགོས་རེད། ཆེས་་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་བར་གྱི་རྙོག་གླེང་སྐོར་ལ་རྩོམ་ཡིག་ཧ་ཅང་མང་པོ་ཞིག་སྤེལ་སོང་བའི་ནང་ནས་རྩེ་གྲ་དེར་མཐོང་སོང་།
དངོས་གནས་དྲང་གནས་ཡག་པོ་བྲིས་འདུག ཁྲིམས་དང་སྒྲིག་གཞི་ལུང་འདྲེན་གནང་སྟེ་དཔྱད་པ་བཏང་སྟེ་འབྲི་ན་རྩོམ་ཡིག་འདི་འདྲ་འབྲི་དགོས་པ་རེད།