ཁྲིམས་ལུགས་རིག་པ་བ་བློ་བཟང་ཆོས་འབྱུང་།
༡། སྐབས་ ༡༦ པའི་སྤྱི་འཐུས་ཚོས་ཁྲིམས་ཞིབ་པ་ཡོངས་རྫོགས་འཕོ་འགྱུར་བཏང་བ་དེ་བཅའ་ཁྲིམས་དང་འགལ་ཡོད་རེད་དང་ཡོད་མ་རེད་ཟེར་ན། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཅའ་ཁྲིམས་འབོ་ལུག་པ་རེད་ཅེས་འགྲེལ་བཤད་གནང་བ་དང་། ཁྲིམས་ཟུར་རྣམ་པ་ ༡༡ གིས་དེ་ལྟར་འཕོ་འགྱུར་གཏོང་རྒྱུའི་བྱ་རིམ་བཅའ་སྒྲིག་གང་གིའང་ནང་དུ་གསལ་མི་འདུག་ཅེས་འགྲེལ་བཤད་གནང་བ་དེས་གསལ་པོ་ཆགས་སོང་། སྤྱི་འཐུས་ལྷན་ཚོགས་ཀྱིས་འཕོ་འགྱུར་བཏང་བ་དེ་ནི་བཅའ་ཁྲིམས་དང་འགལ་བ་ཞིག་རེད།
༢། ཁྲིམས་འགལ་གྱི་གྲོས་ཆོད་དེ་ཕྱིར་འཐེན་བྱེད་པའི་ལམ་ཁ་ཡོད་རེད་དང་མ་རེད་ཟེར་ན། ཟམ་གདོང་རིན་པོ་ཆེ་མཆོག་གིས། གཅིག་བྱས་ན་གྲོས་ཚོགས་ལ་ཡོད་བྲོ་ཞེས་གསུངས་འདུག ཁྲིམས་ཟུར་རྣམ་པས་གྲོས་ཆོད་ཕྱིར་འཐེན་དགོས་པའི་འབོད་སྐུལ་གནང་འདུག་པས། གྲོས་ཆོད་དེ་ཕྱིར་འཐེན་གྱི་ལམ་ཁ་ཡོད་པ་གསལ་པོ་རེད།
༣། ཕྱིར་འཐེན་མ་གནང་ན་ག་རེ་ཡོང་གི་རེད་ཟེར་ན། ཟམ་གདོང་རིན་པོ་ཆེ་མཆོག་གིས་བཅའ་ཁྲིམས་འབོ་ལུག་ཟིན་པས། ཀ་བ་གཞན་གཉིས་ལ་བཅའ་ཁྲིམས་ཀྱི་འགན་དབང་ལག་བསྟར་བྱེད་པའི་ཐོབ་ཐང་མེད་སྐོར་གསུངས་ཡོད་པ་དང་། ཁྲིམས་ཞིབ་པ་རྣམ་པས། ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་སྡེབ་གཅིག་ཏུ་འཕོ་འགྱུར་བཏང་སྟེ། ཀ་བ་གཅིག་མེད་པར་ཆགས་ན། བོད་མིའི་སྒྲིག་འཛུགས་མེད་པར་ཆགས་འགྲོ་ཡི་ཡོད་ཅེས་གསུངས་འདུག་པས། ༢༠༢༡།༥།༢༧ ཉིན་སྲིད་སྐྱོང་དང་བཀའ་བློན་ཚོའི་ཡུན་ཚད་རྫོགས་ཏེ་འཛིན་སྐྱོང་བཀའ་ཤག་སྒོ་རྒྱག་དགོས་པ་དང་། ༢༠༢༡།༥།༣༡ ཉིན་སྤྱི་ལྷན་སྐབས་ ༡༦ པའི་ཡུན་ཚད་རྫོགས་ཏེ་སྐབས་ ༡༦ པའི་སྤྱི་འཐུས་ལྷན་ཚོགས་རང་བཞིན་གྱིས་མེད་པ་ཆགས་ཀྱི་རེད།
༤། མང་གཙོའི་ཀ་བ་གསུམ་ག་སྒོ་བརྒྱབ་ན་ག་རེ་ཡོང་གི་རེད་ཟེར་ན། བཀའ་ཤག་སྐབས་ ༡༦ པའི་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་གི་ལས་ཁུར་དམ་བཅའ་འབུལ་ཐབས་མེད་པ་དང་། སྐབས་ ༡༧ པའི་འདེམས་ཐོན་སྤྱི་འཐུས་ཚོའང་ལས་ཁུར་དམ་འབུལ་ཞུ་ཡུལ་མེད་པ་ཆགས་ཏེ། ཚོགས་གཙོ་ཚོགས་གཞོན་ཡང་འོས་བསྡུ་བྱེད་ཐབས་མེད་པས། མང་གཙོའི་ཀ་བ་གསུམ་མུ་མཐུད་འབོ་ལུག་ནས་བསྡད་རྒྱུ་ལས་བསྐྱར་གསོའི་ལམ་ཁ་མེད་པ་ཆགས་ཀྱི་རེད།
༥། ཕྱི་ཟླ་ ༥ ནང་སྤྱི་ལྷན་གྱི་ཚོགས་འདུ་སྐོང་རྩིས་བྱེད་ཀྱི་འདུག་པ་དེ་ཚོགས་ཐུབ་ཀྱི་རེད་དམ་མ་རེད་ཟེར་ན། ཚོགས་འདུ་སྡུད་སྐོང་གནང་མཁན་ཚོགས་གཙོ་ལྷན་རྒྱས་ཡིན་པས། ཚོགས་གཙོ་དགོངས་པ་ཞུས་ཚར་བ་ཞིག་ལ་ལྷན་རྒྱས་ཀྱི་ཐ་སྙད་སྦྱར་ཆོག་མིན་ཐེ་ཚོམ་ཡིན་པས། ཚོགས་གཞོན་གཅིག་པོས་རྒྱུན་ལས་ལ་གོ་བསྡུར་གནང་ཆོག་གི་ཡོད་མེད་ཀྱང་རྩོད་གཞི་རེད། ཚོགས་འདུ་ཚོགས་ཀྱི་ཡིན་ན། སྔོན་ལ་རྒྱུན་ལྡན་གྱི་ཚོགས་འདུ་ལྟར་སྐོང་གི་རེད་དམ། ཚོགས་འདུ་འཕར་མ་སྐོང་གི་ཡིན། འདི་གཉིས་ཀྱི་ཚོགས་འདུའི་ངོ་བོ་དང་། སྡུད་སྐོང་གི་ཆ་རྐྱེན་ལོགས་ཀ་རེད།
༦། ཕྱི་ཟླ་ ༥ ནང་གི་ཚོགས་འདུ་དེ་རྒྱུན་ལྡན་གྱི་ཚོགས་འདུ་རེད་དམ་ཚོགས་འདུ་འཕར་མ་རེད་ཟེར་ན། ཕྱི་ཟླ་ ༣ ནང་ཚོགས་པ་དེར་ཚོགས་དུས་ ༡༠ ཞེས་མིང་བཏགས་པའི་སྐོར་ལ་སུས་ཀྱང་རྩོད་པ་བརྒྱབ་མེད་པས། ཚོགས་དུས་ ༡༡ པ་ཞེས་རྒྱུན་ལྡན་གྱི་ཚོགས་འདུ་ལྟར་ཚོགས་ཆོག་གི་རེད། རྒྱུ་མཚན་ནི། སྤྱི་འཐུས་སྐབས་གཅིག་གི་ལས་ཡུན་ལོ་ལྔ་ཡི་རིང་ལ་ཚོགས་འདུ་ཐེངས་ ༡༡ སྐོང་དགོས་ཀྱི་ཡོད་རེད། དེ་ཡང་འདེམས་ཐོན་བྱུང་བའི་ལོ་དེར་ཕྱི་ཟླ་ ༦ དང་ ༩ ནང་ཚོགས་དུས་གཉིས་ཚོགས་སྲོལ་ཡོད་རེད། ཡིན་ནའང་། དེ་ཚོགས་འདུ་འཕར་མ་རེད་ལབ་ན། སྐབས་གཅིག་གི་ཡུན་ཚད་ནང་ཚོགས་འདུ་ཐེངས་ ༡༡ ཚོགས་སྲོལ་ཡོད་པ་དེ་ཚོགས་ཐུབ་མེད་པར་བརྩི་དགོས་པ་དང་། དེ་ཡིན་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཚོགས་དུས་གཅིག་ཕྱིར་བསྡུ་བྱས་སོང་བས་ཁྲིམས་འགལ་རེད་ཟེར་བ་དེ་བདེན་པ་ཆགས་པ་དང་། རྒྱུན་ལས་ཀྱི་ཚོགས་དུས་ ༡༠ པ་འཕར་འགྱངས་བཏང་བ་ཡིན་ཟེར་བ་དེ་ངོ་ཚ་པོ་ཆགས་ཀྱི་རེད།
༧། ཚོགས་འདུ་ཚོགས་ཐུབ་ཀྱི་རེད་དམ་མ་རེད་ཟེར་ན། དེ་ལ་གནས་སྟངས་གཉིས་ཀྱི་ཐོག་ནས་ཚོགས་མ་ཐུབ་པ་ཆགས་ཉེན་ཡོད། གཅིག་ནི་ནད་ཡམས་འགོས་ཁྱབ་ཛ་དྲག་ཆགས་ཏེ་སྤྱི་འཐུས་ཀྱི་ཉུང་མཐའི་གྲངས་ཚད་མ་ལོན་པ་ཡོང་སྲིད་པ་དང་། གཉིས་ནས་གྲོས་ཆོད་ཕྱིར་བསྡུ་བྱེད་དང་མི་བྱེད་ལ་རྒྱབ་སྐྱོར་བྱེད་མཁན་ཕྱོགས་ཁག་དབར་གདོང་ཐུག་བྱུང་སྟེ། འཇོག་ས་འབེབས་ས་གང་ཡང་མ་རྙེད་པར། སྤྱི་འཐུས་ ༡༦ ལས་བརྒལ་བ་ཞིག་ཚོགས་བཅར་མ་ཞུས་ན། ཚོགས་འདུ་ཚོགས་མ་ཐུབ་པ་ཆགས་ཉེན་ཡོང་གི་རེད། གནས་སྟངས་དེ་གཉིས་གང་ཞིག་བྱུང་བ་ཡིན་ནའང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་ག་འཐོར་བའི་ཕྱོགས་ལ་འགྲོ་རྒྱུ་མ་གཏོགས་པའི་ཐབས་ཤེས་གཞན་མེད།
༨། ཚོགས་འདུ་ཚོགས་ཐུབ་པ་ཡིན་ན་དཀའ་ངལ་སེལ་འགྲོ་གི་རེད་དམ་ཟེར་ན། དཀའ་ངལ་སེལ་བའི་ཐབས་ཤེས་བཙལ་གྱི་ཡོད་པ་མཚོན་ཐུབ་ཀྱི་རེད། བགྲོ་གླེང་དང་གྲོས་བསྡུར་གྱི་གོ་སྐབས་ཡོང་གི་རེད། མ་མཐའ་ཡང་བཅའ་ཁྲིམས་ལ་འགལ་བའི་ཐག་གཅོད་དེར་མུ་མཐུད་རྒྱབ་སྐྱོར་བྱེད་མཁན་སུ་ཡིན་ཧ་གོ་ཐུབ་ཀྱི་རེད། བཤིག་འདྲེ་ངོ་མ་སུ་ཡིན་ངོ་ཤེས་པ་ཡིན་ན། སྤྱི་ཚོགས་ནང་ལས་འགུལ་ག་རེ་སྤེལ་དགོས་མིན་བསམ་བློ་གཏོང་ས་ཞིག་སླེབ་ཡོང་གི་རེད། གཅིག་བྱས་ན་རྐྱེན་དེ་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་ནང་རྒྱུན་མ་ཆད་པར་རྙོག་དྲ་བཟོ་མཁན་དེ་ཚོའི་རྣག་ཁྲག་ཚང་མ་ཕྱི་ལ་བཏོན་ནས། གཤགས་བཅོས་ཆེན་པོ་ཞིག་བྱེད་པའི་མཐུན་རྐྱེན་དུ་འགྲོ་སྲིད་པ་དང་། དེ་ལ་བརྟེན་ནས་དོན་ངོ་མའི་མང་གཙོའི་འགྲོ་ལུགས་ཚད་དང་ལྡན་པ་ཞིག་གི་ཐོག་ལ་འགྲོ་རྒྱུའི་གོ་སྐབས་ཀྱང་འབྱུང་སྲིད།
༩། ཚོགས་འདུ་དེ་ཚོགས་ཐུབ་པ་ཡིན་ན་ལས་རིམ་ག་འདྲ་སེ་འགྲོ་ཐུབ་ཀྱི་རེད་ཟེར་ན། ལས་རིམ་དང་པོ་ཚོགས་གཙོ་གསར་པ་འོས་བསྡུ་བྱེད་དང་མི་བྱེད་གསལ་པོ་བཟོ་དགོས། གཉིས་པ་གྲོས་ཆོད་ཕྱིར་འཐེན་བྱེད་དང་མི་བྱེད། གསུམ་པ་བཅའ་ཁྲིམས་བསྐྱར་བཅོས་ཇི་ལྟར་བྱེད་མིན་བཅས་གནད་དོན་གསུམ་ག་གཅིག་གིས་གཅིག་ལ་བཏགས་ནས་བསྡད་ཡོད།
༡༠། ཚོགས་གཙོ་འོས་བསྡུ་མ་བྱས་ན་ག་རེ་ཡོང་གི་རེད་ཟེར་ན། ཚོགས་གཙོ་ལྷན་རྒྱས་ཡོད་པའི་སྐབས་སུ་ཚོགས་གཞོན་ལ་ཚོགས་དུས་གཙོ་སྐྱོང་གི་དབང་ཚད་ཡོད་ནའང་། དགོངས་ཞུས་ཟིན་པའི་ཚོགས་གཙོའི་གོ་ཡུལ་སྟོང་པར་བཞག་ཆོག་པའི་དབང་ཆ་སུ་ལའང་མེད། ཡིན་ནའང་། ཚོགས་གཙོ་འདེམས་ཐོན་བྱུང་བ་ཡིན་ནའང་དམ་བཅའ་འབུལ་ས་མེད་པས། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་གཙོ་སྐྱོང་བྱེད་ཆོག་གི་མ་རེད།
༡༡། གྲོས་ཆོད་ཕྱིར་འཐེན་བྱས་ན་ག་རེ་ཆགས་ཀྱི་རེད་ཟེར་ན། ཚོགས་གཞོན་གྱི་སྟངས་འཛིན་འོག་ནས་གྲོས་ཆོད་ཕྱིར་བསྡུ་བྱ་རྒྱུ་དེ་ལས་རིམ་དང་པོར་བཞག་ནས། དེའི་ཐོག་བགྲོ་གླེང་གི་འབྲས་བུ་གང་ཞིག་ཐོན་པ་དེས་ཚོགས་འདུའི་ལས་རིམ་མུ་མཐད་འགྲོ་དགོས་དང་མ་དགོས་གསལ་པོ་ཆགས་ཀྱི་རེད། གྲོས་ཆོད་ཕྱིར་འཐེན་བྱས་ན། འཕྲལ་དུ་ཁྲིམས་ཞིབ་པ་ཚོའི་ལས་འགན་མུ་མཐུད་ཆོག་པས། རྙོག་དྲ་ཚང་མ་དེ་ནས་སངས་ཟིན་པ་རེད།
༡༢། བཅའ་ཁྲིམས་བསྐྱར་བཅོས་བྱས་ཏེ་དམ་བཅའ་འབུལ་སྟངས་གསར་པ་ཞིག་བཟོས་ན་ག་རེ་ཡོང་གི་རེད་ཟེར་ན། ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་གསོལ་རས་གནང་བ་དེའི་དབང་རྒྱུན་ཆད་འགྲོ་གི་རེད། དེ་ཆད་སོང་ན་དགེ་སློང་མའི་སྡོམ་རྒྱུན་ཆད་དེ་བསྐྱར་གསོ་ཡོང་ཐུབ་ཀྱི་མེད་པ་དང་གཅིག་མཚུངས་རེད། ༸གོང་ས་མཆོག་གིས་གཞུང་ས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་སྐུ་དབང་བོད་མིའི་སྒྲིག་འཛུགས་ལ་གནང་ནས་ཁྲིམས་མཐུན་བཟོས་ཡོད་པ་དེ། དུས་དེ་ནས་བཟུང་ཁྲིམས་མཐུན་གྱི་གནས་བབས་རྒྱུན་མཐུད་ནས་འགྲོ་བའི་གོ་སྐབས་ཤོར་འགྲོ་གི་རེད། བཀའ་ཤག་དང་སྤྱི་འཐུས་ནས་ཧ་གོ་བཞིན་བཅའ་ཁྲིམས་འབོ་ལུག་ཏུ་བཅུག་པ་དེའི་ཐོག་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་ཡིན་ན། བཅའ་ཁྲིམས་ནང་དེ་ལྟ་བུའི་འགན་དབང་མེད་པས། ༸གོང་ས་ཆེན་པོ་ལའང་ཁྲིམས་མཐུན་ཆགས་ཀྱི་ཡོད་མེད་ཀྱི་གླེང་རྙོག་སློང་སྲིད་པ་མ་ཟད། རྒྱ་ནག་གཞུང་དང་། དེའི་ཕྱོགས་གཏོགས་ནས་༸གོང་ས་ཆེན་པོར་མཚན་སྨད་ཞུ་བའི་ལག་ཆ་ཆགས་འགྲོ་རེད།
༡༣། བཀའ་ཤག་དང་། སྤྱི་འཐུས་རྒྱུན་ལས་གཉིས་ཀས་ཁྲིམས་འགལ་གྱི་གྲོས་ཆོད་དེ་ཕྱིར་བསྡུ་བྱེད་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྲོས་ཚོགས་ལ་མ་ཕུལ་བ་ཡིན་ན་ག་རེ་ཆགས་ཀྱི་རེད་ཟེར་ན། དེ་ལ་སྤྱི་འཐུས་གྲངས་ ༡༦ གི་ཐོག་ནས་དང་། གྲངས་ ༢༣ དང་། གྲངས་ ༣༠ བཅས་རིམ་པ་གསུམ་གྱི་ཐོག་ནས་ལྟ་དགོས་པ་དང་། གྲངས་ཀ་འདི་གསུམ་ལ་བརྟེན་ནས། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་བརྒྱུད་ནས་ཁྲིམས་འགལ་གྱི་བྱ་སྤྱོད་འགོག་སྡོམ་བྱེད་ཐུབ་ཀྱི་རེད།
༡༤། སྤྱི་འཐུས་ ༡༦ གིས་ག་རེ་བྱེད་ཐུབ་ཀྱི་རེད་ཟེར་ན། གྲངས་ ༡༦ ལ་བརྟེན་ནས་གྲོས་ཚོགས་སུ་བགྲོ་གླེང་ལྷུག་པོ་ཡོང་བའི་སྒོ་ཕྱེ་ཐུབ་པ་དང་། མུ་མཐུད་ཁྲིམས་འགལ་གྱི་བཅའ་ཁྲིམས་བསྐྱར་བཅོས་རྦད་དེ་འགོག་ཐུབ་ཀྱི་རེད། གྲོས་ཆོད་གྲོས་འཆར་དེ་མ་ཚུད་པའམ། ཡང་ན་མང་མོས་མ་ཐོབ་ཚེ། སྤྱི་འཐུས་ ༡༦ གྲོས་ཚོགས་ནས་ཕྱིར་ཐོན་པ་ཡིན་ན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུར་ཉུང་མཐའི་གྲངས་ཚད་ལོངས་ཀྱི་མེད་པས། ལས་རིམ་གང་ཡང་འགྲོ་ཐུབ་ཀྱི་མ་རེད། དེ་ནི་ཁྲིམས་ཟུར་རྣམ་པས། བཀའ་སྤྱི་གཉིས་ཀ་སྐབས་གསར་རྙིང་བརྗེ་བསྒྱུར་གྱི་མཚམས་ལ་ཉེ་བའི་སྐབས་འདིར། བཅའ་ཁྲིམས་བསྐྱར་བཅོས་དང་སྒྲིག་འཛུགས་ཀྱི་མ་འོངས་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་གཏོང་བའི་གནད་དོན་ཐོག །བཀའ་སྤྱི་གཉིས་ཀས་ཁྲིམས་ཡིག་དང་འགྲོ་ལུགས་གང་ཅིར་ཡ་ཡུད་ཐལ་ཚབས་མ་ཤོར་བའི་ཐུགས་གཟབ་ངེས་མཛད་ཡོང་བའི་འབོད་སྐུལ་ཞུས་འདུག་པ་ཏག་ཏག་ཆགས་ཀྱི་རེད།
༡༥། སྤྱི་འཐུས་ ༢༣ ནས་ག་རེ་བྱེད་ཐུབ་ཀྱི་རེད་ཟེར་ན། དེ་ནི་རྩ་འབོར་གྱི་བརྒྱ་ཆའི་ ༥༠ བརྒལ་གྱི་ཡོད་པས། བཅའ་ཁྲིམས་དོན་ཚན་ ༤༨ ནང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཚང་མ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱེད་པའི་ཆ་རྐྱེན་འོག་ནས། ཁྲིམས་འགལ་གྱི་གྲོས་ཆོད་སྔོན་མ་དེ་མང་མོས་ཀྱི་ཐོག་ནས་ཕྱིར་བསྡུ་བྱས་པར་ངོས་འཛིན་བྱེད་ཆོག་གི་རེད། རྒྱུ་མཚན་ནི། ཁྲིམས་ཞིབ་པ་ཚང་མ་འཕོ་འགྱུར་གྱི་གྲོས་ཆོད་དེ། བཅའ་ཁྲིམས་ནང་གསུམ་ཆ་གཉིས་ཞེས་གསལ་བའི་གྲངས་ཚད་ཅིག་ལོངས་པ་ཙམ་ལས། བཅའ་ཁྲིམས་ཀྱི་ཆ་རྐྱེན་མི་ལྡན་པ་དང་། གྲོས་ཚོགས་ཀྱི་འགྲོ་ལུགས་གང་ལའང་མ་བསྟུན་པར། ནམ་རྒྱུན་གྲོས་ཆོད་གྲོས་འཆར་ནང་བཞིན་འོས་བསྡུ་བྱས་པ་ཞིག་ཡིན་པས། ནམ་རྒྱུན་གྱི་གྲོས་ཆོད་གྲོས་ཆོད་གཏན་འབེབས་བྱེད་པ་ལ་མང་མོས་ཐོབ་ན་འགྲིག་པ་ལས། གསུམ་ཆ་གཉིས་ཡན་ལོན་དགོས་པའི་ཆ་རྐྱེན་ཡོད་མ་རེད། ཡིན་ནའང་ལྟ་གྲུབ་ཀྱི་ཐོག་ནས་བཤད་ན་རྩོད་ཉོག་འབྱུང་སྲིད་ཀྱི་རེད།
༡༦། སྤྱི་འཐུས་ ༣༠ ནི་རྩ་འབོར་གྱི་གསུམ་ཆ་གཉིས་ལོངས་ཡོད་པས། ཁྲིམས་ཞིབ་པ་ཚང་མའི་འགན་དབང་སླར་གསོ་བྱེད་པ་ལ་དཀའ་ཚེགས་གང་ཡང་མེད། སྤྱི་འཐུས་ ༣༠ ལས་མང་བས་གྲོས་ཆོད་ཕྱིར་འཐེན་ལ་རྒྱབ་སྐྱོར་བྱས་པ་ཡིན་ན། ནོར་འཁྲུལ་བཟོ་མཁན་དེས་ནོར་འཁྲུལ་བཟོ་བཅོས་བྱས་པའི་ཁྲིམས་ལུགས་དང་བཟང་སྤྱོད་ཀའི་ཁེ་ཕན་ཡོང་གི་རེད། བཙན་བྱོལ་སྤྱི་ཚོགས་ཀྱི་མཐོ་དམའ་བར་གསུམ་ནས་ཁྲིམས་འགལ་གྱི་དོན་རྐྱེན་དེའི་སྒང་ལ་སེམས་ཚོར་ཆེན་པོ་ཡོང་བཞིན་པའི་མངོན་འདོད་ལ་བརྩི་བཀུར་ཞུས་པ་ཞིག་ཀྱང་ཆགས་ཀྱི་རེད།
༡༧། དེར་བརྟེན། སྐབས་ ༡༥ པའི་བཀའ་ཤག་དང་། སྐབས་ ༡༦ པའི་སྤྱི་འཐུས་ཚོར་གདམ་ག་གཉིས་ལས་མེད། གཅིག་ནི་ཁྲིམས་འགལ་གྱི་གྲོས་ཆོད་དེ་ཕྱིར་བསྡུ་བྱེད་དགོས་པ་དང་། གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་ག་འགྱེལ་དུ་འཇུག་རྒྱུ་དེ་རེད། དེ་ལས་གཞན་པའི་ཐབས་ལམ་གསུམ་པ་རྙེད་ཁག་པོ་རེད། གུས་པས་བཀའ་སྤྱི་གཉིས་ཀས་གདམ་ག་གང་ཞིག་འདེམས་ཀྱི་ཡིན་མིན་ཞུ་མི་ཤེས། ཡིན་ནའང་། མང་ཚོགས་ཀྱི་ངོས་ནས་གྲ་སྒྲིག་སྡུག་ས་ནས་བྱེད་རན་འདུག་བསམ་གྱི་འདུག དེ་ནི་མང་ཚོགས་རྨོངས་གཉིད་ལས་སད་པའི་དུས་ཚོད་ཡིན་པ་དང་། གསོ་བཅོས་བྱས་ནས་དྲག་གི་མེད་པའི་ནད་རྙིང་དེའི་རྣག་ཁྲག་ཕྱི་ལ་བཏོན་ནས་གཤགས་བཅོས་བྱེད་པའི་གོ་སྐབས་ཀྱང་རེད་འདོད། བོད་རྒྱལ་ལོ། མང་གཙོ་རྒྱལ་ལོ། ཁྲིམས་ཀྱིས་དབང་བསྒྱུར་རྒྱལ་ལོ། །
མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ འོག་དམིགས་བསལ་ཚོགས་ཆེན་ཚོགས་ནས་ཐག་གཅོད་དགོས་པ་ལས་གཞན་དུ་ཐབས་ལམ་ཡོད་པ་མ་ཤེས་།
ཆོས་ལུགས་གི་སྤྱི་འཐུས་ལུག་འདྲ་བ་རྣམས་མེད་པ་མ་བཟོ་བར་ངོ་ཚོའི་སྤྱི་ཚོགས་དང་མང་གཙོ་བཅས་ལ་གནོད་ཚེ་མང་པོ་ཡོང་བ་རེདྲ
Unless we remove or dissolve this religion MPs , our society will never find peace and pure democracy. These religious MPs are so incapable and dishonest .. They are disgrace to Buddhism and humanity. They are so ignorant that they dont know the meaning of Democracy and human valuess.
ཉེ་ལམ་ཁྲིམས་ཞིབ་པ་རྣམས་རྩ་དགོངས་ཞུ་དགོས་དོན་དང་ལྷག་པར་དུ་གསུམ་ཀ་དུས་གཅིག་ཏུ་དགོངས་པ་ཞུ་བའམ་ཞུ་དགོས་པའི་གནས་དོན་ཐད་ཡར་མཁས་པ་ནས་མར་བསམ་འཚོར་ཡོད་པའི་བོད་མི་མང་ཚང་མས་ནོར་འཁྲུལ་ཡིན་པ་ངོས་འཛིན་གཅིག་ཞུ་རེད། ང་རང་དུས་རྒྱུན་མི་མང་ལས་མི་དམངས་ཅེས་པར་དགའ་མོས་ཆེ་བ་ཞུ་མཁན་ཡིན་ལ་བོད་ཀྱི་རིགས་གཞུང་ནང་དམངས་རིགས་ཅེས་པ་མེད་པའི་མང་དང་དམངས་གཉིས་མཚུངས་པ་མ་ཟད་བོད་མིའི་ཁ་རྒྱུན་ནམ་སྐྱབས་བཅོལ་མི་མང་ཁ་རྒྱུན་དུའང་དམངས་ཅེས་པ་དར་ཆེ་བ་མངོན་འདུག་ཀྱང་། དེང་ཆ་ཡོང་བཞིན་པའི་གནས་དོན་ལ་ཞིབ་ནས་མི་མང་ཅེས་ཞུས་ན་མང་གཙོའི་ལྟ་བ་དང་མཐུན་ཆེ་བ་མ་ཟད་མི་དམངས་གནས་དོན་ལ་བསམ་ཞིབ་དགོས་སྐབས་མང་པ་དགོས་རྒྱུ་དེ་རྩ་གནད་ཡིན་པའི་དམངས་གཞི་ཡིན་ན་མི་གཉིས་ནས་གཅིག་གཅིག་ཏུ་ཁ་གཏད་ན་མང་པ་མིན་པ་དང་གཉིས་ཀ་གཅིན་ཏུ་ཁ་གཏད་ན་མང་བ་ནས་གསུམ་ནས་གཉིས་མོས་ན་མང་པའི་གནད་དོན་སོགས་ལས་མང་གཙོ་ཞུས་ན་དམངས་གཙོ་ལས་དོན་རྒྱ་ཆེ་བའ་རན་ཆེ་བ་མ་ཟད་གནས་དོན་གང་ལའང་ཚད་འཛིན་ཡུལ་ནས་མང་བ་དགོས་རྒྱུའི་ངོ་བོ་སྟོན་ཆེད་དུའང་ཕན་ཆེ་བ་མི་གཟིགས་སམ།
ཁྲིམས་ལུགས་རིག་པ་བ་བློ་བཟང་ཆོས་འབྱུང་ལགས་ཀྱི་གནས་དོན་ཐད་ཞིབ་ཆ་གསལ་བཤད་འདུག་པ་ནས་འགའ་རེར་ངོས་ཀྱི་བསམ་ཚུལ་ཞུ་འདོད་པས་ན།
༡༽༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་ཡིན་ན། བཅའ་ཁྲིམས་ནང་དེ་ལྟ་བུའི་འགན་དབང་མེད་པས། ཞུ་ཐད་། དེ་འདྲ་རང་ཨེ་ཡིན། རྩ་ཁྲིམས་ནས་བཅའ་ཁྲིམས་དང་བཅའ་ཁྲིམས་ནས་དེ་མིན་སྒྲིག་གཞི་མང་དག་ཅིག་རྒྱས་ཡོད་པའི་དེ་གཉིས་ནང་༸གོང་ས་མཆོག་ལ་སྐུ་དབང་མེད་པ་ག་ལ་སྲིད། ཁོང་ནི་བོད་མི་མང་གི་སྲོག་རྩ་ཡིན་པས་སྐུ་དབང་དང་སྐུ་འགན་གཉིས་ཀ་ལོས་ཡོད། ཡིན་ཀྱང་ད་ལྟ་ཀ་བ་གསུམ་ཀ་འགྱེལ་མེད་པས་ཀ་བ་གཞན་གཉིས་སམ་དེ་མིན་ཆོལ་གསུམ་མི་མང་གི་འཛིན་སྐྱོང་གཙོ་འགན་ཡོད་བ་བཀའ་ཤག་ནས་༸ཁོང་ལ་དཀའ་སེལ་ཡོང་བའི་སྨོན་འདུན་ཞུས་ན་ལས་དེ་མིན་སྐུ་དབང་དང་སྐུ་འགན་་ཡོད་པས་་བཀའ་སེལ་ལམ་སེང་གནང་རྒྱུ་དམ་པའི་ཐུགས་གཞི་ལས་ཕྲན་བུའི་མི་བདེའམ་སྙམ་ལགས། འཛིན་སྐྱོང་བཀའ་ཤག་ད་ལམ་གྱི་རྙོགས་གཞི་ནང་ཚུད་མེད་སྟབས་སྙན་སེང་ཞུ་བདེའམ་མི་ཆེའམ། རྒྱ་ནག་དམར་པོ་དང་དེའི་ཕྱོགས་གཏོགས་ཀྱི་མཚན་སྨད་ཞུས་པར་ཅི་ཡ་མཚན། གལ་སྲིད་ཁོང་ཚོས་ཚད་སྨད་ཞུས་ན་དེར་བོད་རྒྱལ་ཁབ་དང་མི་མང་ལ་ཕན་ནུས་ཀྱི་གཞི་ཞིག་ཡོད་པས་ཁྱེད་ཀྱི་བསམ་ཚུལ་འདི་མཁྱེན་རེ་མཚར།
༢༽ གྲོས་ཚོགས་འཕར་མ་འཚོགས་རྒྱུ་དེ་ཁྲིམས་དང་མཐུན་མི་ཆེ། སྤྱི་འཐུས་སྐབས་སོ་སོའི་ནང་ཚོགས་ཐེངས་༡༡་ལས་མེད། ཚོགས་ཐེངས་ ༩ དུས་ཐོག་མ་འཚོགས་པའི་རྐྱེན་ལས་རྙོགས་ཁྲ་འདི་བྱུང། ད་དུང་ནོར་འཁྲུལ་སྒང་ནོར་འཁྲུལ་བཟོ་རྒྱུའི་ལས་མ་རེད་དམ། གྲོས་ཚོགས་འཕར་མ་དགོས་ན་རྒྱུ་མཚན་དང་བཀའ་གྲོལ་ཡང་མི་དགོས་སམ། ཚོགས་འདུའི་འགྲོ་གྲོན་རྩིས་སྒོ་གང་ནས་གཏོང་ངམ།།
༣༽ ཁྲིམས་ཞིབ་པའི་འོས་མི་འདེམས་རྒྱུའི་ཚོགས་ཆུང་ནས་འོས་མི་འཚོལ་ཞིབ་ཞུ་ཡི་ཡོད་གནས་འདུག ཚོགས་ཆུང་ནང་ཚོགས་མི་བཞིའི་ངོ་ཕེབས་གང་རུང་གིས་འདེམས་ཆོག་པའི་ཁྲིམས་བཅོས་ཡོད་ནའང་ད་ལྟ་ངོ་མི་བཞི་ནས་གཅིག་མེད་སྟབས་ཚོགས་བཅར་ཡོད་པའམ་མེད་པ་ཇི་ལྟར་ངོ་བཞེས་གནང་ཐུབ། ཁྲིམས་ནང་མི་བཞི་ཡོད་པ་གསལ་ཡོད་མེད་དམ། ཡོད་ན་མི་བཞི་བ་ཁྲིམས་ཞིབ་ཆེ་བ་ག་ན་ཡོད། མེད་ན་ཁྲིམས་ནང་མེད་པར་གྱུར་རམ།
དེ་ལྟར་ན་ད་ཆ་དེ་སྔ་ཁྲིམས་ཞིབ་ཁང་མེད་པ་ནས་ཡོད་པ་ཇི་ལྟར་གྱུར་བའི་ལོ་རྒྱུས་སམ་བྱ་རིམ་ནས་སླར་འགོ་འཛུགས་ཞུ་དགོས་པ་མིན་འདུག་གམ།། དོན་དུའང་ད་ཆ་ཁྲིོམས་ཞིབ་ཁང་མེད་པའམ་ཁྲིམས་ཁང་གི་ལས་འགན་དཀྱུར་པ་པོ་མེད་པའི་ཁྲིམས་ཁང་མེད་པར་གྱུར་མིན་འདུག་གམ།།
མཆན་འདེབས་མཁན་ར་མ་ཟེར་བ་འདི་བོང་བུ་ཞིག་རེད། མ་ཤེས་ཤེས་མདོག་དང་མ་ཡིན་ཡིན་མདོག་བཤད་དེ་སྤྱི་ཚོགས་དཀྲུག་གི་འདུག ད་ནི་ཁྱོད་རང་འདུག་ཚོད་ཟིན་ན་ཡག་གི་རེད་མ་གཏོགས་ཁྱོད་དང་ཁྱོད་ཀྱི་ཕྱོགས་གཏོགས་ཚང་མའི་བྱ་སྤྱོད་དང་ཆོ་འཕྲུལ་ཚང་མ་བཙན་བྱོལ་སྤྱི་ཚོགས་ནང་གི་མི་ཚང་མས་ངོས་ཟིན་ཏེ་ར་འཕྲོད་འདུག
སྤྱི་འཐུས་འབྲོམ་སྟོན་པ་ལགས། ད་འཁྲབ་ཀི་མ་འདུག མི་ཤེས་མ་འཇོན་པ་དེ་གླེང་གི་མ་འདུག འཇུས་ཀྱི་མ་འདུག གསོག་སློབ་ནས་ཡིག་རྩལ་མཐའ་མ་འཁྱོངས་པ། དུས་བབ་ནས་རྩོམ་སྒྲིག་པའི་གཏམ་ཚད་ལྡན་ཞིག་ཀྱང་བྲིས་མ་མྱོང་བ། སྤྱི་འཐུས་ནང་སྐར་མ་བཅུ་ཅན་གྱི་སྐད་ཆ ་ཚད་ལྡན་མགོ་སྔ་ཚང་བ་ཞིག་བཤད་མ་ཐུབ་པས་ན། མ་ཡིན་ཡིན་མདོག་གིས་ནམ་རིང་སྒྲུང་གིས་མི་འཁྱོལ་བ་ཐག་ཆོད་རེད། ད་སྐུ་མཁྱེན།།
གོང་གི་བསམ་ཚུལ་དེ་ཧ་ཅང་ལེགས། ད་ངོས་བོད་མི་རྣམས་གཉིད་ལས་སད་རན་འདུག ཡང་ན། ཁྲིམས་ཞིབ་པ་གསུམ་པོས་སྤྱི་འཐུས་གྲོས་ཚོགས་ཀྱི་ཁྲིམས་འགལ་གྱི་ཐག་གཅོད་ལ་བརྩི་མེད་ཀྱིས། སོ་སོའི་དབང་ཆ་ཟིན་པའི་དུས་ལ་སླེབས་འདུག ཁྱེད་རྣམས་ནས་དེ་ལྟར་གནང་ན། བོད་མིའི་བཅའ་ཁྲིམས་བཞིན་ཁྲིམས་དང་སྒྲིག་གཞི་མང་པོ་ཞིག་གསལ་པོ་ཆགས་རྒྱུ་དང་། ད་ལྟའི་ང་ཚོའི་མང་གཙོའི་ལོ་རྒྱུས་ནང་གི་ཡ་ང་བའི་གནས་སྟངས་དེ་ལས་ཕྱིར་འཐོན་ཐུབ། དེ་མིན། བསམ་སྤྱོད་ལས་འདས་པའི་བོད་མི་ཐ་ཤལ་འགའ་དང་དེ་རིགས་བཙན་བྱོལ་གཞུང་ངམ་སྤྱི་འཐུས་ནང་ཡོད་པ་རྣམས་ཀྱིས་རང་ཉིད་བསོད་ནམས་ཟད་པའམ་རྒྱ་མིའི་དངུལ་དངོས་ཀྱི་ཤུགས་རྐྱེན་ལས་༸གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོར་སྐུ་ལས་བསྐྱོན་ཅིང་གནང་བའི་མང་གཙོའི་ཁེ་ཕན་དེ་རྡོག་རོལ་གཏོང་རྒྱུ་དང་། དེས་བོད་མིའི་ཆིག་སྒྲིལ་དང་བོད་ཀྱི་བདེན་མཐའ་གསལ་རྒྱུར་གནོད་སྐྱོན་ཡོང་ངེས།
གལ་ཏེ། ཚོགས་ལ་ཉེ་བའི་གྲོས་ཚོགས་ཀྱི་ར་བའི་ནང་གི་བསམ་ཡོད་ཅན་གྱི་སྤྱི་འཐུས་རྣམ་པས་ནུས་ཤུགས་འདོན་ཐུབ་ན། ཐབས་ཤེས་བཙལ་དགོས། དེ་མིན་བོད་མི་མང་གིས་དེ་རིགས་ཀྱི་ཐ་ཤལ་གྱི་མི་རྣམས་དེ་མུར་འཇོག་ཐབས་མེད།