མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྤྱི་ཚོགས་འདི་ཕོ་མོ་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་རེད་དམ།

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

“ད་ལྟ་ང་ཚོས་གདོང་ལེན་བྱ་དགོས་ས་དེ་གང་རེད་ཟེར་ན། དབང་ལྡན་མི་སྣ་མང་པོས་ཕོ་མོ་འདྲ་མཉམ་སྐོར་ཤེས་ཀྱི་མེད་པ་མ་ཟད། དེ་ཉིད་རྟོགས་ཐབས་ཀྱང་བྱེད་ཀྱི་མེད་པ་དེ་རེད། དེའི་ཐོག་ཁོང་ཚོས་གནད་དོན་དེ་དག་ལ་ཞེ་ཐག་པ་ནས་དགག་པ་རྒྱག་གི་ཡོད། སྤྱིར་ང་ཚོའི་སྲིད་བྱུས་རྣམས་ཕོ་མོ་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་སྐྲུན་ཐབས་ཀྱི་ཕྱོགས་སུ་གཞོལ་ཐུབ་པ་དགོས་ཀྱང་། དབང་ལྡན་མི་སྣ་དེ་ཚོར་ཕོ་མོ་འདྲ་མཉམ་སྐོར་ཤེས་རྟོགས་མེད་པ་དེས་ང་ཚོའི་སྲིད་བྱུས་དག་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་གྱི་ཡོད་པ་རེད།“

དྲི་བ། ཕོ་མོ་འདྲ་མཉམ་ཟེར་དུས་གང་འདྲ་ཞིག་ལ་གོ་དགོས་ཀྱི་རེད་དམ།

གཞི་རྩའི་ཆ་ནས་བཤདད་ན། ཕོ་མོ་འདྲ་མཉམ་ཟེར་དུས་ཕོ་མོ་དབྱེ་བ་མེད་པར་ཚང་མར་ཐོབ་ཐང་དང་། མཐུན་རྐྱེན། གོ་སྐབས། བདེ་འཇགས་བཅས་འདྲ་མཉམ་ཐོབ་པ་ལ་ཟེར་གྱི་ཡོད།

དྲི་བ། ཁྱེད་ཀྱིས་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཡར་ཐོན་ཅན་ (Progressive) ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་དང་། སྤྱི་ཡོངས་ནས་ཕོ་མོ་འདྲ་མཉམ་གྱི་གནས་བབ་གང་འདྲ་ཞིག་ལ་སླེབས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དུས་རྒྱུན་བོད་མིའི་མགོ་འཁྲིད་དང་མང་ཚོགས་ཁྲོད་དུ་ང་ཚོའི་སྤྱི་ཚོགས་འདི་ཕོ་མོ་འདྲ་མཉམ་གྱིས་མཚོན་པའི་སྤྱི་ཚོགས་ཀྱི་གནད་དོན་ཐོག་གཞན་དང་བསྡུར་ན་བཟང་བ་ཡོད་སྐོར་རྗོད་ཀྱི་འདུག ཁྱེད་ཀྱིས་བལྟས་ན་དེ་འདྲ་ཞིག་ཨེ་རེད། 

རྒྱལ་ཁབ་དང་སྤྱི་ཚོགས་ཕལ་ཆེ་བས་རང་གི་མི་སེར་གྱི་ཡར་རྒྱས་ཀྱི་ཚད་གཞི་དེ་ཤེས་ཡོན་དང་། དཔལ་འབྱོར་གྱི་ཡོང་འབབ། འཕྲོད་བསྟེན། ཚེ་ཚད་བཅས་ལ་གཞིར་འཛིན་གྱི་ཡོད། གལ་ཏེ་མི་སེར་རྣམས་ལ་ཚད་དང་ལྡན་པའི་ཤེས་ཡོན་སྦྱང་རྒྱུའི་གོ་སྐབས་མེད་ཚེ། དེ་ནི་ཡར་རྒྱས་མིན་པའི་རྟགས་མཚན་གསལ་པོ་ཞིག་ཡིན། རང་རེའི་བོད་མིའི་སྤྱི་ཚོགས་ནང་མཚོན་ན་གནས་ཚུལ་དེ་དག་ཐད་ཚད་ལྡན་གྱི་ཞིབ་འཇུག་གྲངས་ཐོ་ཞིག་མེད་པར་བརྟེན། ངས་རང་རེའི་སྤྱི་ཚོགས་འདི་ཡར་ཐོན་ཅན་ཞིག་ཡིན་མིན་ཞུ་ཐབས་མི་འདུག

འོན་ཀྱང་། གལ་ཏེ་ཁྱེད་ཀྱིས་ང་ཚོའི་སྤྱི་ཚོགས་ཀྱི་བུད་མེད་རྣམས་ཀྱི་གནས་སྟངས་སྐོར་འདྲི་གི་ཡོད་ཚེ། ངས་དེར་ལན་ཞིག་མ་འདེབས་ཐབས་མེད་རེད། རང་རེའི་སྤྱི་ཚོགས་ནང་བུད་མེད་ཚོས་མུ་མཐུད་འཚེ་སྤྱོད་མྱོང་གི་ཡོད་ཅིང་། ཕལ་ཆེ་བ་སྐྱེས་པ་ཕོའི་ལག་ནས་མྱོང་གི་ཡོད། དེའི་ནང་ནས་ཀྱང་མང་ཆེ་བ་ཁྱོ་ག་དང་དགའ་རོགས་ཀྱིས་མཚོན་པའི་ཁྱིམ་ནང་གི་འཚེ་སྤྱོད་མྱོང་མཁན་རེད། ཁྱིམ་ནང་བུད་མེད་རྣམས་ཀྱིས་རྩུབ་སྤྱོད་དང་། སྡིགས་ར། སེམས་ཁམས། དཔལ་འབྱོར་བཅས་ཀྱི་འཚེ་སྤྱོད་རྣམ་པ་སྣ་ཚོགས་མྱོང་གི་ཡོད། རང་རེའི་སྤྱི་ཚོགས་ནང་དྲག་རྩུབ་དང་བཙན་ཐབས་ཀྱི་འཁྲིག་སྤྱོད་མི་མྱོང་མཁན་བུད་མེད་ཧ་ཅང་དཀོན་པོ་རེད། ང་ཚོའི་བུད་མེད་རྣམས་ལ་ཁྱིམ་ཙམ་དུ་མ་ཟད་དྲ་ལམ་སོགས་བརྒྱུད་ནས་ཀྱང་འཚེ་སྤྱོད་ཕོག་གི་ཡོད་པ་མངོན་གསལ་རེད།

ང་ཚོའི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་དེ་གང་རེད་ཟེར་ན། སྤྱི་ཚོགས་ནང་གཞི་རྩའི་ཆ་ནས་འདྲ་མཉམ་མེད་པའི་རྐྱེན་གྱིས་བུད་མེད་རྣམས་ཀྱིས་དཔུང་པ་མཉམ་གཤིབ་ཀྱི་ཐོག་ནས་སྐྱེས་པ་ཕོར་འགྲན་ཐུབ་ཀྱི་མེད་པ་དེ་རེད། སྐྱེས་པ་ཕོ་དང་བསྡུར་ན་ཕ་མའི་འགན་འཁྲི་དེ་བུད་མེད་རྣམས་ཀྱི་ཐོག་ལ་འགེལ་རྐྱང་བྱེད་ཀྱི་ཡོད་སྟབས། ལས་ཞུགས་བུད་མེད་རྣམས་ཀྱིས་བྱིས་པ་བཙས་པའི་སྔ་ཕྱིར་ལས་ཀ་ནས་དགོངས་པ་མ་ཞུ་ཐབས་མེད་ཆགས་ཀྱི་ཡོད་ལ། གནས་སྐབས་མང་པོར་བྱིས་པར་ལྟ་རྟོག་གིས་མཚོན་པའི་ཁྱིམ་ཚང་གི་འགན་འཁྲི་དེ་གཙོ་བོ་བུད་མེད་ཀྱི་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

དེ་ཙམ་དུ་མ་ཟད། བུད་མེད་རྣམས་ཀྱི་ལས་ཀ་བྱ་སའི་ལས་ཁུངས་ཀྱི་མགོ་འཁྲིད་ཕལ་ཆེ་བ་སྐྱེས་པ་ཕོ་ཡིན་ཞིང་། ཁོང་ཚོའི་ཁྲོད་ནས་ཕལ་ཆེ་བས་བུད་མེད་དང་འབྲེལ་བའི་གནད་དོན་གལ་ཆེན་རིགས་སྣང་མེད་དུ་འཇོག་རྐྱང་རེད། ཚོགས་པ་སྒྲིག་འཛུགས་ཕལ་ཆེ་བའི་ནང་བུད་མེད་རྣམས་ལ་བྱིས་པ་བཙའ་དུས་མང་ན་ཟླ་བ་ ༣ གི་ཐོབ་སེང་ཡོད། སྐྱེད་མའི་ཐོབ་སེང་དེ་དོན་དངོས་ཐོག་མ་བུ་གཉིས་ཀྱི་འཕྲོད་བསྟེན་དང་ལུས་གསོའི་ཆེད་མེད་དུ་མི་རུང་བ་ཞིག་ཡིན་ནའང་། ཚོགས་པ་སྒྲིག་འཛུགས་ཁག་གིས་དེ་རྒྱུན་ལྡན་མ་ཡིན་པ་ཞིག་དང་ཚོགས་པའི་ལས་དོན་ལ་འཐུས་ཤོར་འགྲོ་རྐྱེན་ཞིག་ལ་རྩི་ཡི་ཡོད། ང་ཚོས་སྦྲུམ་མའི་གནས་སྐབས་སུ་ཕྲུ་གུའི་ཨ་ཕ་ལ་འགན་འཁྲི་ཅི་ཙམ་ཡོད་མེད་སྣང་འཇོག་བྱེད་ཀྱི་མེད་ལ། སྐབས་ལ་ལར་འགན་འཁྲི་མེད་པ་ལྟ་བུའི་བསམ་ཚུལ་སླེབས་བཞིན་པ་དེ་ནི་དབྱེ་འབྱེད་ཀྱི་སྣང་ཚུལ་ཞིག་རེད།

དབུ་འཁྲིད་ཀྱི་གོ་སར་ཐོན་བཞིན་པའི་བུད་མེད་རྣམས་ལ་མཚོན་ན། རྒྱུན་ལྡན་གྱི་ཟུར་ཟ་སྐྱོན་བརྗོད་རིགས་ཕུད། རང་ཉིད་བུད་མེད་ཅིག་ཡིན་པའི་ཆ་ནས་གཞན་གྱི་ཕྱོགས་ལྷུང་གྱི་ལྟ་ཚུལ་དང་སྐྱོན་བརྗོད་གཟེད་དགོས་ཀྱི་ཡོད་ཅིང་། དེ་དག་གིས་བུད་མེད་མགོ་འཁྲིད་ཚོར་ལུས་སེམས་གཉིས་ཀའི་ཐོག་ནས་དོ་ཕོག་ཤུགས་ཆེར་ཐེབས་ཀྱི་ཡོད་པས། རང་ཤུགས་ཀྱིས་བུད་མེད་རྣམས་མགོ་འཁྲིད་ཀྱི་འགྲན་རྩོད་དེའི་ནང་ཞུགས་ཐུབ་ཀྱི་མེད། དེ་ལྟར་ཡིན་ནའང་ང་ཚོའི་སྤྱི་ཚོགས་ཀྱིས་མུ་མཐུད་བུད་མེད་རྣམས་ཀྱིས་ཅིའི་ཕྱིར་སྐྱེས་པ་ལྟར་མགོ་འཁྲིད་དང་ཆབ་སྲིད་ནང་འཇོན་གྱི་མེད་པ་རེད་ཅེས་དོགས་སློང་བྱེད་ཀྱི་ཡོད། ངའི་རེ་བ་ལ་གོང་གི་གནས་ཚུལ་དེས་འདི་ཐོག་གསལ་པོ་བཟོས་ཡོད་ངེས་རེད།

ཕྱོགས་གཅིག་ནས་ང་ཚོའི་སྤྱི་ཚོགས་ནང་མིག་ལྟོས་བྱ་སའི་བུད་མེད་མགོ་འཁྲིད་ཧ་ཅང་ཉུང་ཉུང་རེད་ལ། ང་ཚོའི་ལོ་རྒྱུས་དང་ཆོས་ལུགས་ཁྲོད་སྐྱེས་པའི་འཇོན་ཐང་དང་སྙིང་སྟོབས་ཀྱིས་ཁེངས་ཡོད་ཀྱང། ང་ཚོའི་སྤྱི་ཚོགས་ནང་སེམས་འགུལ་ཐེབས་ས་དང་ཡི་རང་བྱ་སའི་བུད་མེད་ཧ་ཅང་ཉུང་ཉུང་རེད། ང་ཚོའི་ད་ལྟའི་བུད་མེད་མགོ་འཁྲིད་ཕལ་ཆེ་བའང་ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་འཛིན་མཁན་གྱི་ཕྱུག་བདག་གམ་དབང་ཤུགས་ཅན་གྱི་ཁྱིམ་ཚང་ནས་ཡིན་སྟབས། ཁོང་ཚོ་མང་ཚོགས་ཀྱི་ཡི་རང་དང་སེམས་འགུལ་ཐེབས་སའི་མགོ་འཁྲིད་ཅིག་མིན། དེ་ཙམ་དུ་མ་ཟད། ཁོང་ཚོ་ཕལ་ཆེ་བས་ང་ཚོའི་སྤྱི་ཚོགས་ཀྱི་བུད་མེད་དཀྱུས་མ་རྣམས་ཀྱི་དཀའ་སྡུག་ཤེས་ཀྱི་མེད་པ་རེད།

རྒྱུ་མཚན་དེ་དག་ལ་བརྟེན་ནས། ངས་ང་ཚོའི་སྤྱི་ཚོགས་འདི་ཕོ་མོ་འདྲ་མཉམ་གྱི་སྤྱི་ཚོགས་ཞིག་ཏུ་འགྱུར་བར་ད་དུང་ལམ་ཐག་རིང་པོ་ཡོད་པར་ངོས་འཛིན་ཞུ་ཡི་ཡོད། དེ་བཞིན་ང་ཚོས་རང་གི་སྤྱི་ཚོགས་འདི་གནས་སྟངས་སྡུག་པོ་ཡིན་པའི་སྤྱི་ཚོགས་གཞན་དང་སྡུར་ཐབས་བྱེད་པ་འདི། ཕྱོགས་གང་ནས་བལྟས་ཀྱང་ཡར་རྒྱས་ཀྱི་ཚད་ཐིག་ཅིག་མིན་པ་ཤེས་དགོས།

དྲི་བ། སྤྱིར་བཏང་ཕོ་མོ་འདྲ་མཉམ་མེད་པ་དེ་རྐྱེན་རྩ་གང་ལ་ཐུག་ཡོད་མེད་དང་། ལྷག་པར་དུ་རང་རེའི་བོད་མིའི་སྤྱི་ཚོགས་ནང་རྐྱེན་རྩ་དེ་དག་གང་ནས་འཚོལ་དགོས་ཀྱི་རེད། 

རང་རེའི་སྤྱི་ཚོགས་འདི་ཕོ་མོ་འདྲ་མཉམ་གྱི་སྤྱི་ཚོགས་ཞིག་ཏུ་བསྐྲུན་ཆེད། ཐོག་མར་ང་ཚོས་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་རང་ཉིད་གང་ཡིན་པ་དེ་ལྟར་བྱ་འདོད་ཀྱི་ནུས་པ་དང་འདུན་པར་(person’s capacity to be themselves)བར་གཅོད་མཁན་གྱི་གོམས་སྲོལ་དང་། ལྟ་ཚུལ། བྱེད་སྒོ་ཁག་མེད་པར་བཟོ་དགོས་པ་མ་ཟད། བུད་མེད་དང་རང་བཞིན་འགྱུར་བའི་སྐྱེ་བོ་(trans-person) ཡིས་མཚོན་པའི་དམིགས་བསལ་ཅན་རྣམས་ལ་ཐོབ་ཐང་དང་གོ་སྐབས། མཐུན་རྐྱེན་སོགས་གཅིག་མཚུངས་སུ་སྦྱིན་དགོས།

དོན་དམ་པའི་ཕུགས་རྒྱང་རིང་པོའི་འགྱུར་བ་ཞིག་ཡོང་བར་ང་ཚོར་ཐབས་ལམ་གཉིས་ཡོད། གཅིག་དེ་ལྟ་ཚུལ་དང་གོམས་སྲོལ་རྣམས་འགྱུར་བ་གཏོང་ཐབས་དང་། གཅིག་ཤོས་དེ་གནའ་སྔ་མོ་ནས་བུད་མེད་རྣམས་ལ་འདྲ་མཉམ་མེད་པའི་འབྱུང་རྩ་སྟེ། སྤྱི་ཚོགས་དང་ཆོས་ལུགས། རིག་གཞུང་བཅས་ཀྱི་ནང་ཕོ་མོ་འདྲ་མཉམ་མེད་པའི་གཞི་རྩའི་དབང་ཆའི་གྲལ་རིམ་ལ་ཁྱོན་ཡོངས་ནས་འགྱུར་བ་གཏོང་དགོས་ཀྱི་རེད།

ལྟ་ཚུལ་བསྒྱུར་བཅོས་གཏོང་ཐབས་ནི། ཕོ་མོ་ཟེར་ན་འདི་ལྟ་བུ་ཞིག་ཡིན་དགོས་པ་དང་། དེ་ལྟ་བུ་ཞིག་མིན་པའི་ཡོངས་ཁྱབ་ཀྱི་ལྟ་ཚུལ་མེད་པའི་མི་རབས་གསར་བ་ཞིག་སྐྱེད་སྲིང་བྱ་དགོས། ལྟ་ཚུལ་ལ་འགྱུར་བ་བཏང་བ་དེས་ཕྲུ་གུ་རྣམས་ལ་རང་ཉིད་འཚོལ་སྙེག་བྱ་རྒྱུའི་ལམ་བུ་དང་གཞན་ལ་ཕོ་མོའི་ལུས་རྟེན་གྱི་ཆ་ནས་དབྱེ་འབྱེད་མི་བྱ་རྒྱུའི་ཁོར་ཡུག་ཅིག་བསྐྲུན་ཐུབ། དེའི་ཐད་ང་ཚོའི་ཤེས་ཡོན་གྱིས་ནུས་པ་གལ་ཆེན་ཐོན་ཐུབ་ཀྱི་རེད། གཞི་རྩའི་སྒྲོམ་གཞི་ལ་འགྱུར་བ་གཏོང་དགོས་ན། ང་ཚོས་བུད་མེད་དང་ཟུར་ཕུད་ཀྱི་ཕོ་མོའི་རྟེན་གཙོས་པའི་རྟེན་ཚང་མའི་མངོན་འདོད་མཚོན་པའི་སྲིད་བྱུས་དང་སྒྲིག་ཁྲིམས་བཟོ་དགོས།

དྲི་བ། ཁྱེད་ཀྱིས་བསམ་ན་ད་བར་བཙན་བྱོལ་བོད་མིའི་ཆེས་མཐོའི་མགོ་འཁྲིད་(བཀའ་ཁྲི། སྲིད་སྐྱོང། ཚོགས་གཙོ།)ནང་བུད་མེད་ཅིག་སླེབས་ཐུབ་མེད་པ་དེ། བུད་མེད་འཇོན་པོ་དེ་འདྲ་མ་ཐོན་པའི་རྐྱེན་གྱིས་ཡིན་ནམ། ཡང་ན་སྤྱི་ཚོགས་ཀྱིས་བུད་མེད་རྣམས་ལ་ཕྱོགས་ལྷུང་གི་ལྟ་ཚུལ་ཞིག་བཟུང་བའི་རྐྱེན་གྱིས་རེད།

སྤྱི་ཚོགས་ཁྲོད་བུད་མེད་རྣམས་ལ་སྐྱེས་པ་དང་བསྡུར་ན་མགོ་འཁྲིད་ཀྱི་ནུས་པ་མེད་སྐོར་དང་། བུད་མེད་རྣམས་མགོ་འཁྲིད་བྱེད་པར་སྐྱེས་པ་ཕོ་ལྟར་བློ་ཐག་ཆོད་པོ་དང་དྲག་པོ་མེད་སྐོར་སོགས་རྗོད་ཀྱི་ཡོད་ལ། དེ་བཞིན་ཕ་མས་ཆུང་དུས་ནས་བུ་མོ་རྣམས་བུ་ལས་ཁ་ལ་ཉན་པ་དགོས་སྐོར་གྱི་སློབ་གསོ་སྤྲོད་ཀྱི་ཡོད། དེ་ཙམ་དུ་མ་ཟད་བུད་མེད་རྣམས་ལ་རང་གི་བསམ་ཚུལ་བཤད་རྒྱུར་འཛེམ་ཟོན་དགོས་པའི་སློབ་གསོ་སྤྲོད་ཕྱོགས་དེས། རང་ཤུགས་ཀྱིས་བུད་མེད་ཚོ་སྤྱི་ཚོགས་ནང་ཐོན་དུས་གྱོང་ཆེན་པོ་རག་གི་ཡོད།

ང་ཚོའི་བསམ་བློའི་ནང་མགོ་འཁྲིད་ཟེར་དུས་རང་ཤུགས་ཀྱིས་ཕོ་གཤིས་ཅན་ (Masculinity) ཞིག་དགོས་པའི་སྣང་བ་ད་དུང་ཡལ་མེད། མོ་གཤིས་ཅན་དེ་མགོ་འཁྲིད་ཀྱི་ཁྱད་ནུས་ཤིག་ལ་མ་བརྩིས་པ་དེས་བུད་མེད་ཚོར་རང་ཤུགས་ཀྱིས་གྱོང་རག་གི་ཡོད། སྤྱིར་སྐྱེས་པའི་མགོ་འཁྲིད་ཅིག་ལ་འགྲན་རྩོད་དང་ཆེ་འདོད་ཀྱི་བསམ་པ་ཡོད་ན། སྤྱི་ཚོགས་ཀྱིས་དེར་བསྔགས་བརྗོད་བྱེད་མོས། འོན་ཀྱང་གལ་ཏེ་བུད་མེད་མགོ་འཁྲིད་གཅིག་ལ་འགྲན་རྩོད་དང་ཆེ་འདོད་ཀྱི་བསམ་པ་སྐྱེས་ཚེ། བསྔགས་བརྗོད་ཀྱི་ཚབ་ཏུ་གཤེ་གཤེ་དང་འཕྱ་དམོག་ཕོག་སའི་གཞི་ཞིག་ཏུ་འགྱུར་གྱི་ཡོད། མགོ་འཁྲིད་ནང་ཡོད་པའི་བུད་མེད་ཚོས་ཀྱང་མ་འདོད་བཞིན་དུ་རང་གི་ལྷན་སྐྱེས་ཀྱི་མོ་གཤིས་དོར་ནས་ཕོ་གཤིས་ཅན་ཞིག་སྟོན་དགོས་ཀྱི་ཡོད། དེ་ལྟར་བྱེད་དགོས་དོན་ནི། གལ་ཏེ་མོ་གཤིས་ཉིད་དུ་གནས་ཚེ་སྤྱི་ཚོགས་ཀྱིས་བུད་མེད་དེ་ཉིད་ནུས་སྟོབས་ཞན་པོར་ངོས་འཛིན་བྱེད་སྲིད་པས་ཡིན། ང་ཚོས་བསམ་བློའི་འཁྱེར་སོ་འདིར་འགྱུར་བ་གཏོང་བ་ལ། གཞི་རྩའི་ཆ་ནས་མགོ་འཁྲིད་ཟེར་བ་གང་འདྲ་ཞིག་དགོས་མིན་ཐད་ཀྱི་བསམ་ཚུལ་དེར་བསྒྱུར་བཅོས་གཏོང་དགོས་ལ། ལྷག་པར་དུ་མགོ་འཁྲིད་ཟེར་བ་དེ་ངེས་པར་དུ་ཕོ་གཤིས་ཅན་ཞིག་ཡིན་དགོས་པའི་མཚམས་ཐིག་ལས་བརྒལ་དགོས།

བུད་མེད་རྣམས་ལ་མིག་ལྟོས་བྱ་སའི་བུད་མེད་མགོ་འཁྲིད་དེ་ཙམ་མེད་པ་འདིས། རང་བཞིན་གྱིས་བུད་མེད་རྣམས་མཐོ་རིམ་མགོ་འཁྲིད་ཁྲོད་རང་གི་ཚབ་མཚོན་ཞིག་མི་འདུག་སྙམ་པའི་དཀའ་ངལ་ཞིག་འབྱུང་གི་ཡོད། ང་ཚོའི་མིག་ལྟོས་བྱ་སའི་སྐྱེ་བོ་ཕལ་ཆེ་བ་སྐྱེས་པ་རེད། དངོས་ཡོད་གནས་སྟངས་འདིས་བུད་མེད་རྣམས་མགོ་འཁྲིད་བྱ་རྒྱུར་རང་ཤུགས་ཀྱིས་ཚད་བཀག་བཟོ་ཡི་ཡོད། དེ་བཞིན་སྔར་ནས་སྐྱེས་པ་ཕོས་འཛིན་བཞིན་པའི་གོ་གནས་སམ་བྱ་བར་ཞུགས་འདོད་པའི་བུད་མེད་རྣམས་ལ་ལམ་སྟོན་བྱེད་མཁན་གྱི་བུད་མེད་མགོ་འཁྲིད་ཀྱང་ཧ་ལམ་མེད་པའི་བཟོ་ལྟ་བུ་རེད།

ངས་གོང་དུ་བཤད་པ་བཞིན། སྤྱི་ཚོགས་ཁྱོན་ཡོངས་ཀྱིས་བུད་མེད་ཟེར་དུས་ཁྱིམ་ཚང་གི་གཅེས་སྐྱོང་བ་དེ་ཡིན་དགོས་པའི་སྣང་ཚུལ་ཞིག་བསྐྲུན་ཡོད། ཁྱིམ་ལས་ཀྱི་འགན་འཁྲི་དེ་ཡང་བུད་མེད་རྣམས་ཀྱི་མགོ་ཐོག་ལ་ལྷུང་གི་ཡོད། འོན་ཀྱང་དེང་སང་ཕོ་མོ་གཉིས་ཀར་འགན་འདྲ་མཉམ་ཡོད་པ་ཚོར་མཁན་སྐྱེས་པ་ཉུང་ཤས་ཐོན་བཞིན་པ་དེ་ང་ཚོས་བརྗེད་མི་ཉན། གང་ལྟར་ཕྱོགས་ཡོངས་ནས་བལྟས་ན། ད་ལྟའང་སྐྱེས་པ་དང་བསྡུར་ན། བུད་མེད་རྣམས་ཀྱིས་ཕྲུ་གུ་དང་རྒན་འཁོག་ལ་ལྟ་རྟོག་བྱ་ཆེད་རང་གི་ལས་ཀ་དང་ཕུགས་བསམ་དོར་དགོས་ཀྱི་ཡོད་པ་མ་ཟད། དེས་རང་ཤུགས་ཀྱིས་བུད་མེད་རྣམས་དཔལ་འབྱོར་གྱི་ཐོག་ནས་རང་ཁ་རང་གསོ་ཡོང་ཐུབ་ཀྱི་མེད་ལ། མགོ་འཁྲིད་ཀྱི་ཕྱོགས་སུ་བསྐྱོད་ཐུབ་ཀྱི་མེད་པ་ནི་བཤད་མི་དགོས་པ་རེད།

བུད་མེད་རྣམས་ལ་ལས་ཀའི་སྐབས་སུའང་འཁྲིག་སྤྱོད་ཀྱི་བརྙས་བཅོས་དང་རྩུབ་སྤྱོད་ཕོག་གི་ཡོད་ནའང་། ཚོགས་པ་སྒྲིག་འཛུགས་ཕལ་ཆེ་བར་བུད་མེད་རྣམས་ཉེན་ཁ་དེ་དག་ལས་སྲུང་སྐྱོབ་བྱེད་པའི་སྲིད་བྱུས་སམ་སྒྲིག་གཞི་མེད་སྟབས། བུད་མེད་རྣམས་ཀྱིས་རང་གི་ལུས་སེམས་ལ་གནོད་འཚེ་ཆེ་བའི་ཁོར་ཡུག་དེ་ལྟ་བུའི་ནང་མུ་མཐུད་ལས་ཀ་གཉེར་ཐུབ་ཀྱི་མེད་པ་རེད། དེར་བརྟེན། གོང་དུ་བཤད་པའི་རྒྱུ་རྐྱེན་དེ་དག་གིས་བུད་མེད་རྣམས་མགོ་འཁྲིད་ཀྱི་གནས་བབ་ལ་སླེབས་རྒྱུར་འགོག་རྐྱེན་བཟོ་ཡི་ཡོད་པ་རེད།

དྲི་བ། ཁྱེད་ཀྱིས་བལྟས་ན་ང་ཚོའི་གཞི་རིམ་གྱི་ཤེས་ཡོན་སློབ་གསོའི་ནང་ཕོ་མོ་འདྲ་མཉམ་སོགས་ཀྱི་གནད་དོན་རིགས་ཚུད་ཐུབ་པ་བྱ་རྒྱུ་ཇི་ཙམ་གལ་ཆེན་པོ་མཐོང་གི་འདུག

ཕོ་མོ་འདྲ་མཉམ་ཐད་ང་ཚོའི་ཤེས་ཡོན་སློབ་གསོས་ནུས་པ་ཚད་མཐོན་པོ་འདོན་ཐུབ་ཀྱི་རེད། ཕྲུ་གུ་ཚོས་རང་ཉིད་དང་རང་གི་མཐའ་འཁོར་གྱི་འཇིག་རྟེན་འཚོལ་སྙེག་བྱ་ས་ཐོག་མ་དེ་སློབ་གྲྭ་ཡིན་ནའང་། ཕོ་མོ་དང་འབྲེལ་བའི་ཕྱོགས་ལྷུང་གི་ལྟ་ཚུལ་ཕལ་ཆེ་བ་ནང་མི་དང་། སློབ་གྲྭ། ཆེ་ས་ནས་སྤྱི་ཚོགས་བཅས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་ཕྲུ་གུའི་བསམ་བློའི་ནང་ཐིམ་དུ་འཇུག་གི་ཡོད། དེ་ལྟར་མི་ཡོང་བའི་ཆེད་དུ། ང་ཚོའི་ཤེས་ཡོན་སློབ་གསོ་འདི་ལག་ཆ་ཞིག་ཏུ་བཀོལ་སྤྱོད་བྱས་ཏེ་ཕོ་མོ་འདྲ་མཉམ་མིན་པའི་གོམས་སྲོལ་དང་ལྟ་ཚུལ་དེ་དག་ལ་ནུས་པ་ཡོད་ཚད་ཀྱིས་རྒོལ་དགོས།

ང་ཚོས་སློབ་གྲྭའི་བསླབ་གཞིར་བསྐྱར་བཅོས་དང་ཕོ་མོ་གཉིས་ཀར་འཚམ་མཐུན་གྱི་འཛིན་ཁང་བཀོད་སྒྲིག ད་དུང་སློབ་འཁྲིད་ཀྱི་ཐབས་ལམ་དང་། ཕོ་མོ་འདྲ་མཉམ་སོགས་ཀྱི་གནད་དོན་ཐོག་རྒྱུས་མངའ་དང་སེམས་ཚོར་ཡོད་མཁན་གྱི་དགེ་རྒན་བཀོད་སྒྲིག་བྱེད་ཐབས་ཙམ་དུ་མ་ཟད། དེ་ལྟ་བུའི་དགེ་རྒན་དེར་རང་གི་འཛིན་ཁང་ནང་ཕོ་མོ་འདྲ་མཉམ་མིན་པའི་གནད་དོན་རིགས་ཐེར་འདོན་དང་སློབ་མར་ལམ་སྟོན་བྱ་རྒྱུའི་ནུས་པ་ཡོད་མཁན་ཞིག་དགོས། བུ་དང་བུ་མོ་གཉིས་ཀར་འཛིན་ཆས་སོགས་ཤེས་ཡོན་གྱི་མཐུན་རྐྱེན་འདྲ་མཉམ་ཐོག་མཁོ་སྤྲོད་བྱེད་པ་དང་། ཕྲུ་གུ་རྣམས་ལ་འབྱུང་འགྱུར་ཕོ་མོ་འདྲ་མཉམ་མིན་པའི་དོན་རྐྱེན་རིགས་ལ་གདོང་ལེན་བྱེད་ཐབས་ཀྱིས་མཚོན་པའི་སློབ་གསོ་རིགས་འཐུས་ཚང་སློབ་དགོས།

དྲི་བ། ང་ཚོ་མི་སྒེར་ཞིག་ཡིན་པའི་ཆ་ནས། སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ཡོང་ཐབས་ཐད་ག་རེ་བྱེད་ཐུབ་པ་དང་ག་རེ་བྱེད་དགོས་ཀྱི་རེད་བསམ་གྱི་འདུག

མི་སྒེར་གྱི་རིམ་པའི་ཐོག་ནས་བཤད་ན། ཐོག་མར་སོ་སོར་ཕོ་མོ་འདྲ་མཉམ་ལ་སོགས་པའི་གནད་དོན་ཐད་ཤེས་རྟོགས་ཡོད་པར་བྱ་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོས་ཕོ་མོ་འདྲ་མཉམ་ཐོག་ལས་ཀ་བྱེད་མཁན་སྐྱེ་བོ་དང་། ཡང་ན་བུད་མེད་ཀྱིས་མཚོན་པའི་ཟུར་ཕུད་ཀྱི་ཕོ་མོའི་རྟེན་རྣམས་ཀྱི་བསམ་ཚུལ་དང་མྱོང་བ་ཁག་ལ་ཉན་པ་དང་དོ་སྣང་བྱེད་པ། ལྷག་པར་དུ་ཁོང་ཚོའི་བསམ་བློའི་ནང་ཕོ་མོ་འདྲ་མཉམ་ཟེར་དུས་གང་འདྲ་ཞིག་ཡིན་པ་རྟོགས་རྒྱུ་གལ་འགངས་ཆེ། དེ་ལྟར་བྱས་ཏེ་ང་ཚོར་ཕྱོགས་སུ་མ་ལྷུང་བའི་ལྟ་ཚུལ་ཞིག་གི་ཐོག་ནས་གནད་དོན་ལ་དབྱེ་ཞིབ་བྱ་རྒྱུའི་གནས་སྟངས་ལ་སླེབས་ཐུབ་ངེས་རེད།

ང་ཚོས་ཉིན་ལྟར་ཕོ་མོའི་རྟེན་གཞན་ལ་དབྱེ་འབྱེད་དང་གནོད་པའི་གཞིར་གྱུར་བའི་རང་ཉིད་ཀྱི་བསམ་བློའི་འཁྱེར་སོ་དང་རིན་ཐང་ལྟ་ཚུལ་ལ་རྒོལ་བརྡུང་བཏང་ནས་དྲང་པོའི་ཕྱོགས་ལ་ཞུགས་རྒྱུར་འབད་དགོས། ལྷག་པར་དུ་ང་ཚོས་གཞན་ལ་མེད་ཅིང་རང་ལ་ཡོད་པའི་ཁེ་དབང་དང་ཐོབ་ཐང་དག་ལ་བསྐྱར་ཞིབ་བྱ་དགོས་ལ། རང་གི་ཁེ་དབང་དེ་དག་ལོག་པར་སྤྱོད་རྒྱུའི་ཚབ་ཏུ་ཁེ་དབང་མེད་མཁན་ཚོར་ལྷག་བསམ་རྣམ་དག་གིས་རམ་འདེགས་བྱ་དགོས། ང་ཚོའི་ལྟ་ཚུལ་དང་སྤྱོད་པ་རྣམས་འཕྲལ་དུ་འགྱུར་བ་འགྲོ་རྒྱུ་དཀའ་མོ་ཡིན་ཡང་། གལ་ཏེ་ང་ཚོས་ག་ལེར་བཟང་ཕྱོགས་སུ་གོམ་པ་སྤོས་ཚེ་ཕོ་མོ་འདྲ་མཉམ་གྱི་གནད་དོན་དེ་རིམ་གྱིས་ཇེ་གསལ་དང་ཇེ་ལེགས་སུ་འགྲོ་ངེས་རེད།

དྲི་བ། ད་བར་ཁྱེད་རང་ཕོ་མོ་འདྲ་མཉམ་དང་། བུད་མེད་ནུས་སྟོབས་གོང་སྤེལ་སོགས་གཞི་རིམ་གྱི་ལས་འགུལ་ནང་མཉམ་ཞུགས་དང་སྣེ་ཁྲིད་བྱེད་སྐབས་གདོང་ལེན་བྱེད་དགོས་པའི་གནས་སྟངས་ག་རེ་ཕྲད་སོང་།

རང་རེའི་སྤྱི་ཚོགས་ནང་ཚོགས་པ་མི་ཉུང་བས་ཕོ་མོ་འདྲ་མཉམ་གྱི་ཐོག་ལ་ཕྱག་ལས་གནང་བཞིན་པའི་རྐྱེན་གྱིས། ད་ལྟ་དེའི་ཕྱོགས་ལ་ལས་ཀ་བྱ་རྒྱུ་གང་འཚམ་གྱིས་སྟབས་བདེ་དང་སླ་རུ་ཕྱིན་འདུག དེང་སང་ཤེས་ཡོན་སློབ་གསོ་ཐོབ་པའི་རྒྱུ་མཚན་དང་། ཕོ་མོ་འདྲ་མཉམ་གྱིས་མཚོན་པའི་གནད་དོན་དེ་དག་དངོས་ཡོད་འཚོ་བའི་ཁྲོད་ཅི་ཙམ་གལ་ཆེན་ཡིན་པ་དང་། ལྷག་ཏུ་རང་ཉིད་སྒེར་གྱི་མི་ཚེ་ལའང་རིན་ཐང་ཅི་ཙམ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་ཡོད་པའི་རྒྱུ་མཚན་གྱིས། གཞོན་སྐྱེས་ཁྲོད་མོ་དབང་རིང་ལུགས་དང་ཕོ་མོ་འདྲ་མཉམ་སོགས་ཀྱི་གནད་དོན་ལ་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་འདུག

གང་ལྟར་ཡང་། ད་ལྟ་ང་ཚོས་གདོང་ལེན་བྱ་དགོས་ས་དེ་གང་རེད་ཟེར་ན། དབང་ལྡན་མི་སྣ་མང་པོས་ཕོ་མོ་འདྲ་མཉམ་སྐོར་ཤེས་ཀྱི་མེད་པ་མ་ཟད། དེ་ཉིད་རྟོགས་ཐབས་ཀྱང་བྱེད་ཀྱི་མེད་པ་དེ་རེད། དེའི་ཐོག་ཁོང་ཚོས་གནད་དོན་དེ་དག་ལ་ཞེ་ཐག་པ་ནས་དགག་པ་རྒྱག་གི་ཡོད། སྤྱིར་ང་ཚོའི་སྲིད་བྱུས་རྣམས་ཕོ་མོ་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་སྐྲུན་ཐབས་ཀྱི་ཕྱོགས་སུ་གཞོལ་ཐུབ་པ་དགོས་ཀྱང་། དབང་ལྡན་མི་སྣ་དེ་ཚོར་ཕོ་མོ་འདྲ་མཉམ་སྐོར་ཤེས་རྟོགས་མེད་པ་དེས་ང་ཚོའི་སྲིད་བྱུས་དག་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་གྱི་ཡོད་པ་རེད།

མཆན། བསྟན་འཛིན་དཔལ་ཡོན་ལགས་ཊ་ཊ་སྤྱི་ཚོགས་ཚན་རིག་སློབ་གླིང་ནས་སྤྱི་ཚོགས་ཞབས་ཞུའི་ཐོག་མཐོ་རིམ་སློབ་གཉེར་ཐོན་ཏེ། རྒྱ་གར་དབུས་གཞུང་གིས་གཉེར་བའི་རྒྱལ་ཡོངས་གྲོང་གསེབ་ཀྱི་དབུལ་སྐྱོར་ལས་གཞིའི་ཚོགས་མི་དང་། བོད་ཀྱི་ཐེབས་རྩའི་ལས་གཞིའི་འགན་འཛིན་གྱི་ཕྱག་ལས་གནང་ཡོད། ཕྱི་ལོ་ ༢༠༡༨ ལོར་ཁོང་མོ་དང་བསྟན་འཛིན་སྐལ་བཟང་གཉིས་ནས་བོད་མིའི་སྤྱི་ཚོགས་ཀྱི་ཕོ་མོ་འདྲ་ལམ་ཐོག་ཕྱག་ལས་གནང་མཁན་གྱི་གྲོགས་མོ་ཚོགས་པ་གསར་འཛུགས་གནང་ཡིན་ཞིང་། ད་ལྟ་ཚོགས་པ་དེའི་ནང་ཕྱག་ལས་གནང་མུས་ཡིན་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 3

  1. ལས་ཀྱིས་བཀོད says:
    ལོ་ 5 སྔོན།

    གང་ཡོག་མ་རེད།ཕོ་རིགས་ལ་ཕྲུག་གུ་སྐྱེས་ཡ་གི་མ་ལག་མེད་པ།དུས་རབས་གསར་པ་ནང་ཕོ་ལ་ཕྲུག་གུ་ཆགས་ཡ་དང་སྐྱེས་ཡ་ཡོད་པ་བཟོས་ན།དེ་ནས་འདྲ་མཉམ་ཆགས་འགྲོ་རྒྱུ་རེད།

    Reply
  2. Gendun says:
    ལོ་ 5 སྔོན།

    དྲི་ཡག་པོ་གནང་འདུག་ཀྱང་། དྲི་ལན་དཔྱད་ཞིབ་མེད་པའི་རྣམ་པ་ཞིག་འདུག
    དཔེར་ན་གཤམ་གྱི་དྲི་བ་འདིའི་དྲི་ལན་ལ་བལྟས་ན་ཁག་དཀྲི་རང་བཞིན་གྱི་སྐད་ཆ་རེད།
    དྲི་བ། ཁྱེད་ཀྱིས་བསམ་ན་ད་བར་བཙན་བྱོལ་བོད་མིའི་ཆེས་མཐོའི་མགོ་འཁྲིད་(བཀའ་ཁྲི། སྲིད་སྐྱོང། ཚོགས་གཙོ།)ནང་བུད་མེད་ཅིག་སླེབས་ཐུབ་མེད་པ་དེ། བུད་མེད་འཇོན་པོ་དེ་འདྲ་མ་ཐོན་པའི་རྐྱེན་གྱིས་ཡིན་ནམ། ཡང་ན་སྤྱི་ཚོགས་ཀྱིས་བུད་མེད་རྣམས་ལ་ཕྱོགས་ལྷུང་གི་ལྟ་ཚུལ་ཞིག་བཟུང་བའི་རྐྱེན་གྱིས་རེད།

    སྤྱི་ཚོགས་ཁྲོད་བུད་མེད་རྣམས་ལ་སྐྱེས་པ་དང་བསྡུར་ན་མགོ་འཁྲིད་ཀྱི་ནུས་པ་མེད་སྐོར་དང་། བུད་མེད་རྣམས་མགོ་འཁྲིད་བྱེད་པར་སྐྱེས་པ་ཕོ་ལྟར་བློ་ཐག་ཆོད་པོ་དང་དྲག་པོ་མེད་སྐོར་སོགས་རྗོད་ཀྱི་ཡོད་ལ། དེ་བཞིན་ཕ་མས་ཆུང་དུས་ནས་བུ་མོ་རྣམས་བུ་ལས་ཁ་ལ་ཉན་པ་དགོས་སྐོར་གྱི་སློབ་གསོ་སྤྲོད་ཀྱི་ཡོད། དེ་ཙམ་དུ་མ་ཟད་བུད་མེད་རྣམས་ལ་རང་གི་བསམ་ཚུལ་བཤད་རྒྱུར་འཛེམ་ཟོན་དགོས་པའི་སློབ་གསོ་སྤྲོད་ཕྱོགས་དེས། རང་ཤུགས་ཀྱིས་བུད་མེད་ཚོ་སྤྱི་ཚོགས་ནང་ཐོན་དུས་གྱོང་ཆེན་པོ་རག་གི་ཡོད། ཅེས་ལབ་འདུག་པར་བལྟས་ན། ཁོག་སྟོང་ཞིག་ཡིན་པ་འདྲ། བཙན་བྱོལ་ཁྲོད་འདིར་རེ་གཉིས་ཡོད་སྲིད་པ་རེད་དེ། བརྒྱ་ཆའི་དགུ་བཅུ་གོ་ལྔ་དེ་འདྲ་མ་རེད།

    Reply
  3. གཙུག་ན་ཏོག says:
    ལོ་ 5 སྔོན།

    བུད་མེད་འདིའི་སྐད་ཆ་ཞིབ་ཚགས་པོས་བཀླགས་ཡིན། ཐུགས་ཁག་མི་འདུག བུད་མེད་ལ་བརྙས་བཅོས་བྱེད་པ་དང་། བཙན་ཐབས་ཀྱིས་འཁྲིག་སྤྱོད་བྱེད་པ་སོགས་ནི་ཡག་པོ་མ་རེད། བུད་མེད་ཀྱི་རྒྱབ་ཏུ་ཡོད། ཡིན་ཡང་། བུད་མེད་ཚོས་ཀྱང་ཐོབ་ཐང་རྐྱང་རྐྱང་ལབ་སྟེ། ལེན་རྒྱུ་ཞིག་ཡོད་དུས་སྔོན་ལ་འགྲོ་རྒྱུ་དང་། ལས་རྒྱུ་ཞིག་ཡོད་དུས་རྗེས་ལ་སྡོད་པ་དེ་ཡག་པོ་མ་རེད། དཔེར་ན། དེང་སང་བོད་པའི་སྤྱི་ཚོགས་ཁྲོད་དུ་ཆང་དང་ཐ་མག་སྤོང་མཁན་གྱི་ཕོ་མི་ཉུང་བ་ཞིག་ཡོད་ཀྱང་། ཆང་དང་ཐ་མག་བརྟེན་མཁན་གྱི་བུད་མེད་ཇེ་མང་དུ་འགྲོ་བཞིན་པ་དེ་ནི་ཡག་རྟགས་ཤིག་མ་རེད། ཆང་དང་ཨ་རག་ཐོབ་ཐང་ལ་བརྩིས་ཏེ་ངན་གོམས་སུ་སོང་ན་ལོ་རེར་ཕོ་ག་ཚོད་ཤི་ཡོད་མེད་མཁྱེན་དགོས་པ་མེད། དེ་བཞིན་ཉེ་བའི་ལོ་ཤས་ཤིག་ནས་བཟུང་བུད་མེད་མི་ཉུང་བ་ཞིག་གིས་ནི་ཁ་ནས་ཕོ་མོ་འདྲ་མཉམ་དགོས་རེད་ལབ་སྟེ། རང་གི་བུ་ཕྲུག་རང་ཕྱོགས་སུ་བསླུས་ཏེ་ཕ་རྒན་ལ་སྡུག་པོ་གཏོང་མཁན་གོ་རྒྱུ་མཐོང་རྒྱུ་ཉིས་ཆ་འདུག དེ་ཚོའང་བུད་མེད་ཐོབ་ཐང་རྩོད་མཁན་དང་། བཤད་མཁན་ཚང་མས་ཧ་གོ་དགོས་རྒྱུ་གལ་ཆེན་པོ་རེད། གཞན། བཀའ་ཁྲི་དང་། སྲིད་སྐྱོང་། ཚོགས་གཙོ་བཅས་སུ་བུད་མེད་ཅིག་སླེབས་སོང་ན། བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་རག་སོང་བ་དང་། བོད་ཀྱི་བུད་མེད་ལ་ཐོབ་ཐང་འདྲ་མཉམ་ཆགས་སོང་བ་འདྲ་ཞིག་ཡིན་རྒྱུ་མ་རེད། དེང་སང་བུད་མེད་ཐོབ་ཐང་རྩོད་མཁན་ཚོའི་ཁྲོད་དུ་རང་ཉིད་ལ་བུད་མེད་ཀྱི་ཐོབ་ཐང་དང་། ཕོ་མོ་འདྲ་མཉམ་མ་ཡིན་པའི་དཀའ་ངལ་་གང་ཡང་མེད་ནའང་། རང་གི་ལྟོ་གོས་ཀྱི་ཆེད་དུ་བུད་མེད་དང་འབྲེལ་བའི་ཚོགས་སྡེ་བཙུགས་མཁན་དང་། འཛུགས་མཁན་ཡོད་པ་མིག་མཐོང་ལག་ཟིན་ཡིན་པས་བོད་ཀྱི་གྲོགས་མོ་ཚོགས་པ་ཞེས་པ་འདི་ཡང་ལོ་གཅིག་གཉིས་ཤིག་ནས་དཔལ་འབྱོར་གྱི་ཡོངས་ཁུངས་ཆད་དེ་སྒོ་བརྒྱག་དགོས་ཐུག་སོང་ཞེས་མི་ལབ་པའི་རེ་བ་ཡོད། བོད་ཀྱི་བུད་མེད་ཚོ་སྐྱིད་པར་ཤོག དགའ་བར་ཤོག སྤྲོ་བར་ཤོག ཚེ་རིང་བར་ཤོག དོན་འགྲུབ་པར་ཤོག སྣང་ས་འོད་འབུམ་ལྟར་མྱངས་མྱངས་མཐར་སངས་རྒྱས་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese