དང་པོར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས།།
བར་དུ་ལུང་རྟོགས་ཡོན་ཏན་མཛོད་བཟུང་ནས།།
མཐའ་མར་ཅི་མཛད་བསྟན་འགྲོའི་དོན་འགྱུར་བ།།
ས་སྐྱའི་གདུང་རབས་རྣམས་ཀྱི་ཁྱད་ཆོས་ཡིན།།
–ས་སྐྱའི་བདག་ཆེན་ཨ་མེས་ཀུན་དགའ་བསོད་ནམས།
ཀླུ་སྨྱོན་ཧེ་རུ་ཀ
ཁོ་བོས་བོད་ཕྱི་ཕྱོགས་སུ་མཇལ་བའི་བླ་མ་སྐུ་ན་གཞོན་པ་དག་གི་ཁྲོད་དུ། དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནི་རྒྱུ་སྐར་དབུས་ཀྱི་ཟླ་བ་དང་མེ་ཏོག་དཀྱིལ་གྱི་པདྨ་དཀར་པོ་ལྟ་བུ་ཞིག་རེད། གུས་པས་འདས་པའི་མི་ལོ་ཉི་ཤུ་རྩ་གྲངས་ཤིག་ས་མཐར་བསྐྱལ་པའི་ཁྲོད་དུ། བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཀྱི་དཔེ་ཁྲིད་ཞབས་ཞུ་འབུལ་མྱོང་བའི་བླ་མ་སྐྱེས་ཆེན་སྐུ་ན་གཞོན་པ་ཁག་ཅིག་ཡོད་པའི་ཁྲོད་དུ། དེང་སང་སྤྱི་ཚོགས་ཁྲོད་མངོན་གསལ་དུ་ཐོན་པ་ཁག་ཅིག་ཡོད་པ་སྟེ། དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་དང་ཨ་བྷ་ཡ་བཛྲ་མཆོག ཨ་སངྒྷ་བཛྲ་མཆོག དེ་བཞིན་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་སྤོ་བོ་འབྲུག་པ་བླ་མ་བསོད་ནམས་བཟང་པོའི་ཡང་སྲིད་སྤྲུལ་སྐུ་སྒྲུབ་བརྒྱུད་བསྟན་འཛིན་མཆོག་བཞི་རེད།
སྤྱི་ལོ་ཉིས་སྟོང་གཉིས་ལོའི་ལོ་མཇུག་ཏུ། བདག་ཨ་རིར་བཞུགས་པའི་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་འཇིགས་བྲལ་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཆོས་ཚོགས་སུ་བཅར་དུས། གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་སྔ་ས་ནས་རྒྱ་གར་དུ་སློབ་གཉེར་དབུ་འཛུགས་དང་བོད་པའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཆེད་ཕེབས་ཚར་འདུག་ཅིང་། གདུང་སྲས་ཨ་བྷ་ཡ་རིན་པོ་ཆེ་དང་ཨ་སངྒྷ་རིན་པོ་ཆེ་རྣམ་གཉིས་འདི་གར་བཞུགས་ལ་སྐུ་ན་ཧ་ཅང་གཞོན་གཞོན་རེད་འདུག གུས་པས་ཐོག་མར་གདུང་སྲས་ཨ་སངྒྷ་རིན་པོ་ཆེར་བོད་ཡིག་སློབ་ཁྲིད་ཀྱི་ཞབས་ཞུ་ཕྲན་བུ་ཞུས་ཤིང་། དེའི་རྗེས་སུ་སྔ་ཕྱིར་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་རྒྱ་གར་ནས་འདི་གར་གུང་སེང་ལ་ཕེབས་པ་དང་བསྟུན། བདག་ཆེན་རིན་པོ་ཆེའི་བཀའ་དགོངས་དང་ཁོང་གི་ཡབ་ཡུམ་རྣམ་པའི་སྐུལ་མ་བཞིན་ཁོང་ལ་དག་ཡིག་སུམ་རྟགས་ཀྱི་དཔེ་ཁྲིད་ཕུལ་བ་ཡིན་ཞིང་། སྐབས་དེར་ཁོང་གི་ཡབ་གདུང་སྲས་ཛ་ཡ་རིན་པོ་ཆེ་མཆོག་གིས་ཉིན་ལྟར་ངེད་གཉིས་ཀྱི་དཔེ་ཁྲིད་དེ་དག་སྒྲ་འཇུག་གནང་བས། རྗེས་སུ་འོད་སྡེར་བཞི་བཅུ་ལྷག་ཅིག་འདུག་པ་དེ་ཚོར་ཉན་པའི་སྐབས་སུ། སྐབས་དེའི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་གི་སྐུའི་ཉམས་འགྱུར་དང་གསུང་གི་གདངས་དབྱངས་སོགས་ཡིད་ལ་ལྷང་ངེར་འཁོར་ཡོང་བ་ཞིག་འདུག དེ་བཞིན་ཁོང་གི་སྐུ་མཆེད་གཞོན་པ་གདུང་སྲས་ཨ་བྷ་ཡ་མཆོག་ལ་ཡང་སུམ་རྟགས་ཀྱི་དཔེ་ཁྲིད་ཕྲན་བུ་ཞུས་པ་ཡིན།
སྤྱིར་ན་ལུང་བསྟན་ཞིག་ཏུ། མ་འོངས་འཁོན་གདུང་ཡིན་ངེས་གང་ཟག་རྣམས།། རིགས་གསུམ་མགོན་པོའི་སྤྲུལ་པ་རྒྱུན་མི་འཆད།། ཅེས་གསུངས་འདུག་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ས་སྐྱའི་དཔོན་པོ་རི་ལ་གཟིགས་ཏེ་མ་འོངས་པར་གནས་འདིར་རིགས་གསུམ་མགོན་པོའི་སྤྲུལ་པ་མང་པོ་ཞིག་བྱོན་ཏེ་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་གཏོང་རྒྱུ་ཡིན་ལུགས་གསུངས་ཡོད་པ་ཡོངས་གྲགས་དང་། བདག་ཆེན་ཨ་མེས་ཀུན་དགའ་བསོད་རྣམས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་དང་། བདག་ཆེན་ཀུན་དགའ་བློ་གྲོས་ཀྱི་གདུང་རབས་ཁ་སྐོང་སོགས་སུ་གཟིགས་ན། དཔལ་ས་སྐྱའི་གདུང་རབས་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་སྟེ་མཁས་ཚུལ་དགུ་ལ་མངའ་བརྙེས་པ་དུ་མ་ཞིག་བྱོན་པའི་སྐོར་མཁྱེན་རྟོགས་ཡོང་ངེས་ཡིན་ཞིང་། འདས་པའི་དུས་སུ་བྱོན་པའི་དཔལ་ས་སྐྱའི་གདུང་བརྒྱུད་མུ་ཏིག་ཕྲེང་བའི་རྗེས་རབས་པ་སྟེ། ད་ལྟ་མཛད་འཕྲིན་སྣང་བའི་འོད་རླབས་ཉི་འོད་དང་ཟླ་ཟེར་ལྟ་བུར་འཕྲོ་བཞིན་ཡོད་པའི་དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་གི་སྐྱབས་མགོན་ཁྲི་ཆེན་རིན་པོ་ཆེ་ཡབ་སྲས་སྐུ་ཚ་རྣམ་པ་དང་། དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་ཞིང་གཤེགས་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་ཁོང་གི་གདུང་སྲས་རྣམ་པ་དང་སྐུའི་ཚ་བོ་འཁོན་གདུང་རྣམ་པ་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་དཔལ་ས་སྐྱ་པའི་བསྟན་པའི་ཁང་བཟང་འདེགས་པའི་གསེར་གྱི་ཀ་ཆེན་རེ་རེ་ཡིན་ནོ།།
སྐབས་སུ་བབ་པའི་བརྗོད་བྱ་སྟེ། གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནི་འཛམ་གླིང་གི་སྲིད་འབྱོར་རིག་གསུམ་དང་དམག་ཁྲིམས་ཁོར་ཡུག་གང་ཅིའི་ཐད་ནས་འགྲན་ཟླ་བྲལ་བའི་ཨ་རི་སྡེ་མང་གཅིག་སྒྲིལ་རྒྱལ་ཁབ་ཏུ་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་དང་རྒྱལ་ཡུམ་འཇམ་དབྱངས་དཔལ་མོ་རྣམ་གཉིས་ཀྱི་གདུང་སྲས་བཞི་པ་འཁོན་གདུང་ཛ་ཡ་བཛྲ་འམ་རྒྱལ་བའི་རྡོ་རྗེ་མཆོག་དང་། མདོ་སྟོད་མིའི་ཆོལ་ཁའི་མི་རྗེ་གྲགས་ཅན་གྲའུ་དཔོན་རིན་ཆེན་ཚེ་རིང་གི་སྲས་མོ་ལྷ་མཛེས་རྣམ་གཉིས་ཀྱི་སྲས་དང་པོར་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་སུ་ཡོད་པའི་ས་སྐྱའི་དགོན་པར་བཞུགས་ཏེ་རིང་ལུགས་ཆོས་སྤྱོད་ཁག་ལ་སློབ་གཉེར་གནང་ཞིང་། ཁྱད་པར་དུ་སྤྱི་ལོ་༢༠༡༠ ལོ་སྟེ་རྗེ་ཉིད་དགུང་གྲངས་བཅུ་བདུན་ལ་ཕེབས་པ་ནས་བཟུང་སྟེ། རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་མདོ་སྔགས་རིག་གནས་དང་བཅས་ཐོས་བསམ་སྒོམ་པ་གནད་དུ་སྨིན་པ་མཛད། དཔལ་ས་སྐྱའི་གོང་མ་རྣམ་གཉིས་དང་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེས་གཙོས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མའི་དྲུང་ནས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ངོམ་མེད་དུ་བཞེས། དཔལ་ས་སྐྱ་པའི་ཡབ་ཆོས་ཐུན་མོང་མ་ཡིན་པ་རྡོ་རྗེ་གཞོན་ནུས་གཙོས་པའི་ཡི་དམ་ལྷག་པའི་ལྷ་མཆོག་དུ་མའི་བསྙེན་སྒྲུབ་ཀྱང་ཚད་དུ་འཁྱོལ་བ་མཛད་ཅིང་། རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཀྱི་རྡོ་རྗེ་སློབ་དཔོན་ཡང་ལན་སྔ་ཕྱིར་མཛད།
ཁོང་ཉིད་མི་ལོ་དུ་མའི་རིང་བཞུགས་སའི་རྫོང་གསར་བཤད་གྲྭའི་བསྟན་བདག་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་ཤུགས་རྐྱེན་ཐེབས་པའམ། རང་བྱུང་ལྷན་སྐྱེས་ཀྱི་ཐུགས་རིག་སད་སྟོབས་གང་ལྟར་ཡང་། སྔ་ཕྱིར་སྐུ་ཉིད་ཀྱིས་གཙོ་འཁྲབ་པ་གནང་སྟེ་བརྗོད་བྱ་དང་རྗོད་བྱེད་ཕུན་སུམ་ཚོགས་པའི་ལམ་སྟོན་གློག་བརྙན་གོ་དོན་ཟབ་ལ་གར་ཉམས་ཆེ་བ་དུ་མ་ཞིག་བཟོ་སྐྲུན་གནང་སྟེ། གློག་བརྙན་རེ་རེར་གཤམ་ཡིག་ཀྱང་དབྱིན་ཡིག་དང་རྒྱ་ཡིག་ཤན་སྦྱར་ཡོད་པ། ཕྱི་ནང་མི་རིགས་གང་གིས་བལྟས་ཀྱང་གོ་དོན་བདེ་བླགས་སུ་རྟོགས་ཐུབ་པའི་ཁྱད་ཆོས་ལྡན་ལ། གོ་དོན་དེ་དག་ཀྱང་འཚོ་བ་དངོས་ཀྱི་ཁྲོད་དུ་བྱུང་དང་འབྱུང་བཞིན་པའི་གནད་དོན་ཆེ་འབྲིང་ཆུང་གསུམ་དུ་མ་ཞིག་གི་མཚོན་བྱེད་ཡིན་པ་སྟེ། ཁོང་གིས་གཙོ་འཁྲབ་པ་མཛད་པའི་གློག་བརྙན་འདི་རིགས་ལ་ཕྱི་ནང་མི་རིགས་ཁྲི་འབུམ་གྱི་དགའ་བསུ་བླ་མེད་དུ་ཐོབ་དང་འཐོབ་བཞིན་ཡོད།
བདག་གིས་དྲན་སོས་པ་ཞིག་སྟེ། སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་བདག་ཆེན་རྡོ་རྗེ་འཆང་མཆོག་དང་རྒྱལ་ཡུམ་འཇམ་དབྱངས་དཔལ་མོ་མཆོག ཕུན་ཚོགས་ཕོ་བྲང་གི་གདུང་སྲས་རྣམ་པ་ཨ་རི་ནས་ཐེ་ཝན་དང་དེ་ནས་ཧོང་ཁོང་། དེ་ནས་རྒྱ་གར་དུ་ཆིབས་སྒྱུར་གནང་སྟེ་ཐོག་མར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་བ་དང་། དེ་ནས་སྒར་རྗེ་ཁམས་སྤྲུལ་རིན་པོ་ཆེའི་དགོན་པར་ཆིབས་བསྒྱུར། དེ་རྗེས་སྦིར་རྫོང་གསར་བཤད་གྲྭར་ཆིབས་སྒྱུར་བསྐྱངས་ཤིང་། ཁོང་རྣམ་པ་དེ་གར་བཞུགས་པའི་ཉིན་གཅིག རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གློ་བུར་དུ་བདག་ཆེན་རིན་པོ་ཆེའི་གཟིམ་ཁང་དུ་ཕེབས་ཏེ། གདུང་སྲས་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་དང་ཨ་བྷ་ཡ་རིན་པོ་ཆེ་རྣམ་གཉིས་དེ་གར་སྤྱན་དྲངས་ནས། ཧ་ཅང་གཟབ་ནན་གྱི་སྒོ་ནས་མ་འོངས་པར་གདུང་སྲས་རྣམ་པའི་མཛད་འཕྲིན་སྐོར་གང་འཚམ་ཞིག་གསུངས་པའི་རྗེས་སུ། ད་ལྟ་དུས་རབས་མི་འདྲ་བ་དང་མི་རབས་ཀྱང་མི་འདྲ་བས། གདུང་སྲས་རྣམ་པ་ཡང་མར་སྤྱི་ཚོགས་ཀྱི་ཁྲོད་དུ་ཕེབས་ཏེ་མི་མང་དང་ལྷན་གཤིབ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ལུགས་གསུངས་པ་ན། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་རྒྱལ་ཡུམ་རྣམ་གཉིས་ཀྱིས་ཀྱང་མཁྱེན་བརྩེ་རིན་པོ་ཆེའི་གསུང་དེར་ཐུགས་མོས་ཡོད་པའི་བཀའ་གསུང་ཕེབས་པའི་སྐོར་དེ་གུས་པས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཏུ་གྱུར།
མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན། ཞེས་གསུངས་པ་ལྟར། གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་གི་བོད་སྐད་དང་དབྱིན་སྐད་གཉིས་ཀྱི་ཆགས་ཐོགས་བྲལ་བའི་གསུང་བཤད་དག་ནི་ཉན་ན་རྣ་བར་འཇེབས་ཤིང་། བསམས་ན་གོ་དོན་ཟབ་པའི་ལེགས་བཤད་རྨད་དུ་བྱུང་བ་འབའ་ཞིག་ཡིན་ཞིང་། ཁོང་གི་གསུང་བཤད་རེ་རེ་གནང་དུས། ཉན་མཁན་ཁྲི་སྟོང་མང་པོའི་སེམས་ཀྱི་གདུང་བ་སེལ་ཞིང་མ་འོངས་ཁ་ཕྱོགས་རྙེད་པ་ཞིག་ཡིན་པ་ཡོངས་གྲགས་དང་། བདག་གི་ཐོས་ཚོད་ལྟར་ན། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་རྫོང་གསར་བཤད་གྲྭའི་བླ་སྤྲུལ་མཁན་གསུམ་ལ་དེང་རབས་ལུགས་ཀྱི་ཆོས་འཆད་སྟངས་དང་ལེགས་སྦྱར་བཤད་སྟངས་སོགས་སློབ་གནང་གི་ཡོད་ཚོད་འདུག་པས། གཅིག་བྱས་ནས་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་གིས་ཀྱང་དེ་ལྟར་མཛད་པ་ཀུན་གྱི་མཆོག་ཏུ་གྱུར་པའི་གསུང་གི་བདུད་རྩི་སྐལ་ལྡན་གདུལ་བྱ་རིགས་ཅན་མ་འདྲ་བ་དག་ལ་ཇི་ལྟར་སྩོལ་དགོས་པའི་སྐོར་ལ་ཡང་སློབ་སྦྱོང་གནད་སྨིན་གནང་ཡོད་སྲིད།
གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་ལ་མཚོན་ན་མ་ཀིའི་སུམ་རྟགས་དག་གསུམ་སློབ་མཁན་ནས་ཡ་ཀའི་རྡོ་རྗེ་ཐེག་པའི་དབང་སྐུར་གནང་མཁན་བར་གྱི་བཤེས་གཉེན་ལ་བཤེས་གཉེན་དུ་འཛིན་པ་དང་། རྒན་དར་གཞོན་གསུམ་དང་མཐོ་དམའ་བར་གསུམ་ཚང་མར་གཟིགས་སྟངས་འདྲ་མཉམ་དུ་འཛིན་པ། དུད་འགྲོ་སེམས་ཅན་གྱི་ཚེ་སྲོག་ལ་གཅེས་སྤྲས་ཀྱིས་དཀར་ཟས་ཁོ་ན་མཆོད་པ། གདུང་རིགས་མཐོན་པོར་འཁྲུངས་པའི་དྲེགས་ཉམས་ཆེ་མདོག་རྩ་བ་ནས་མེད་པར་ནམ་རྒྱུན་སྤྲོས་མེད་ཀྱི་འཚོ་བར་རོལ་བ། ཉིན་མཚན་དུས་དྲུག་ཏུ་བསླབ་པ་སློབ་གཉེར་དང་གཞན་ཕན་དགེ་སྒྲུབ་འབའ་ཞིག་གིས་ཕྱག་ཚོད་ཡོངས་སུ་རྫོགས་འགྲོ་བ་ཞིག་ཡིན་པ་རྒྱུས་ཡོད་ཀུན་གྱིས་མཁྱེན་གསལ་བཞིན་ལགས།
དེང་སྐབས་ཕྱི་སྡོད་བོད་མིའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་ཆོས་བརྒྱུད་ཀྱི་བླ་ཆེན་སྐུ་ན་གཞོན་པ་གང་འཚམ་ཞིག་ཐད་ཀ་དང་ཐད་ཀ་མ་ཡིན་པའི་སྒོ་དུ་མ་ནས་མཇལ་དུ་ཡོད་པ་དང་། ཁོང་རྣམ་པའི་མཛད་འཕྲིན་སྐྱོང་སྟངས་དང་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་གིས་དུས་བསྟུན་མཛད་འཕྲིན་སྐྱོང་སྟངས་གཉིས་བསྡུར་བ་ཡིན་ན། ང་ཚོས་སྔར་མ་ཤེས་པ་མང་པོ་ཞིག་ཤེས་ཡོང་བ་དང་། སྔར་མ་མཐོང་བ་མང་པོ་ཞིག་ཀྱང་ཞར་དང་ཞོར་ལ་མཐོང་ཐུབ། བླ་མའི་སྐད་དོད་གུ་རུ་དང་། གུ་རུའི་གོ་དོན་ལྕི་བ་ལ་འཇུག་པ་བཞིན། རང་དོན་གྱི་ཐོས་བསམ་སྒོམ་གསུམ་གྱི་ཐུགས་ཁུར་ལྕི་བཞིན་དུ། ད་དུང་གཞན་དོན་གྱི་ཕྱག་ལག་སྣ་མང་གིས་ཀྱང་ཐུགས་ཁུར་ལྕི་དང་ལྕི་རུ་འགྲོ་བཞིན་པའི་རླབས་ཆེན་གྱི་མི་སྣ་ཞིག་སྟེ། གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་གིས་ཆེ་ས་ནས་འཛམ་གླིང་སྤྱི་ཕན་གྱི་ཕྱག་ལས་མང་པོ་ཞིག་གནང་རྒྱུ་རེད་ལ། ཆུང་ས་ནས་བོད་བརྒྱུད་ནང་བསྟན་སྤྱི་དང་བྱེ་བྲག་ལ་ཕན་རླབས་ཆེ་བའི་མཛད་འཕྲིན་དུ་མ་ཞིག་སྐྱོང་བར་འགྱུར་ཞིང་། ཁོང་གི་སྐུ་འཁོར་ན་ཡོད་པ་དག་གིས་ཀྱང་སྐྱེས་བུ་དམ་པ་འདིའི་སྐུ་ཁམས་འཕྲོད་བཞེས་དང་སྐུ་མཛད་ལེགས་ཚོགས་གང་ཅིར་འཐུས་ཤོར་ཕྲན་བུ་ཙམ་ཡང་མི་འབྱུང་བ་ཞིག་གནང་རྒྱུའི་རེ་འདུན་ཡང་ཆེ་བ་ལགས།
སྐབས་འདིར་དགའ་འོས་པའི་གསར་འགྱུར་དེ་ཙམ་མ་ཡིན་པའི་གསར་འགྱུར་ཞིག་ཡོད་པ་སྟེ། སྐྱབས་མགོན་འཇིགས་བྲལ་རྡོ་རྗེ་འཆང་མཆོག་ཞིང་ཁམས་གཞན་དུ་མ་གཤེགས་སྔོན་ཇི་ལྟར་ཡང་ཡང་བཀའ་བསྩལ་པ་བཞིན། གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་གིས་ཉིད་ཀྱི་གསུང་བཤད་རབ་དང་རིམ་པའི་སྙིང་པོ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ། དེང་རབས་གཞོན་སྐྱེས་རྣམས་ཀྱིས་བོད་བརྒྱུད་ནང་པའི་བསྟན་པ་ཇི་ལྟར་ཉམས་སུ་ལེན་པའི་སྐོར་གྱི་ལམ་སྟོན་དཔེ་དེབ་<<Wake Up To What Matters>> <<གནད་དོན་བྱུང་སར་སད་པ>> ཞེས་པ་ཞིག་ལྗགས་རྩོམ་མཛད་པ་དེ། སྤྱི་ལོ་ ༢༠༡༩ ལོར་ཤམ་བྷ་ལ་དཔེ་ཁང་གིས་དཔར་སྐྲུན་འགྲེམ་སྤེལ་བྱས་ཤིང་། གསུང་དེབ་དེར་གོང་ས་སྐྱབས་མགོན་ཏ་ལའི་བླ་མ་མཆོག་གིས་གླེང་བརྗོད་གནང་ཡོད་ལ། གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་གི་སྐུ་མཆེད་འཁོན་གདུང་དགེ་སློང་ཨ་བྷ་ཡ་རིན་པོ་ཆེ་མཆོག་གིས་ཀྱང་ཁོང་སྐུ་མཆེད་གཉིས་བར་གྱི་ཐུགས་བརྩེའི་འབྲེལ་ལམ་སོགས་ལས་བརྩམས་ཏེ་གླེང་བརྗོད་རྨད་དུ་བྱུང་བ་ཞིག་མཛད་འདུག དཔེ་དེབ་འདི་ལ་འཛམ་གླིང་ཤར་ནུབ་ཀྱི་གཞོན་སྐྱེས་མང་པོའི་དགའ་བསུ་རྒྱ་ཆེན་ཐོབ་ཡོད་ལ། འདི་ནི་དེང་རབས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་སྟེང་གི་དགུང་ན་ཆེས་གཞོན་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་གིས་བརྩམས་པའི་ལམ་སྟོན་དཔེ་དེབ་དེ་ཡང་རེད།
གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་གི་མཛད་འཕྲིན་གཞན་ཞིག་སྟེ། མ་རི་ཙེ་རོགས་ཚོགས་ https://maricifellowship.org ཞེས་པ་ཞིག་སྤྱི་ལོ་ ༢༠༡༧ ལོར་གསར་འཛུགས་གནང་སྟེ། ཚོགས་པ་འདི་ལ་ཨ་རིའི་སེ་ཨ་རོལ་དང་ཧོང་ཁོང་། རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་དང་ཐེ་ལན། མ་ལེ་ཤི་ཡ་དང་ཨོ་སི་ཁྲོ་ལི་ལ་སོགས་འཛམ་གླིང་གི་ས་ཕྱོགས་མང་པོ་ཞིག་ཏུ་ཡན་ལག་ཡོད་པ་དང་། ཚོགས་པ་འདིའི་ཚོགས་མི་ཚོས་མ་སྐུལ་དང་བླངས་ཀྱིས་ཉམ་ཐག་ལ་རོགས་རམ་དང་ཁོར་ཡུག་ལ་བདག་གཅེས་སོགས་གནང་དང་གནང་བཞིན་ཡོད་ལ། ཁོ་བོར་དོ་སྣང་བྱུང་བ་ཞིག་སྟེ། མ་རི་ཙེ་རོགས་ཚོགས་ཀྱི་ཚོགས་མི་ཕལ་མོ་ཆེ་ནི་དེང་རབས་ན་གཞོན་མང་པོ་ཞིག་ཡིན་པས། “འཛམ་གླིང་འདི་ང་ཚོའི་ཡིན་ལ་ཁྱེད་ཚོའི་ཡིན། མཐར་གཏུགས་ན་མ་འོངས་པའི་མི་རབས་ཀྱི་ཡིན་པའི་” གནས་ལུགས་འདིའི་སྟེང་ནས་བལྟས་ན། མ་རི་ཙེ་རོགས་ཚོགས་ཀྱི་ན་གཞོན་ཚོགས་མི་འདི་དག་གིས་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་བདག་པས་གཞན་གཅེས་ཀྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་འཕྲིན་གྱི་རྡོ་རིང་གཞོམ་གཞིག་བྲལ་བ་མང་པོ་ཞིག་འཛམ་གླིང་གི་ས་ཕྱོགས་གང་སར་བསླངས་དང་སློང་བཞིན་མཆིས།
མདོར་ན་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དཔལ་ལྡན་ས་སྐྱ་པའི་བླ་ཆེན་ཞིག དཔེ་དེབ་རྩོམ་པ་པོ་ཞིག གློག་བརྙནའཁྲབ་ཁྲིད་པ་ཞིག སྤྱི་ཚོགས་ཞབས་ཞུ་བ་ཞིག དཀར་ཟས་རིང་ལུགས་པ་ཞིག ད་དུང་གདུང་སྲས་ཨ་བྷ་ཡ་མཆོག་གིས་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་མཆོག་གི་དེབ་དེའི་གླེང་བརྗོད་ནང་གསུངས་པ་ལྟར། ན་གཞོན་ཕོ་མོ་ཁྲི་སྟོང་མང་པོས་དགའ་མོས་ཆེན་པོ་ཞུ་ཡུལ་གྱི་དུས་རབས་ཉེར་གཅིག་པའི་འཛམ་གླིང་ཤར་ནུབ་གཉིས་ཀྱི་བར་ན་མཚན་སྙན་འབར་བའི་ SUPERMAN ཞིག་ཀྱང་ཡིན་ནོ།།
རྗེས་མ་ཁྱེད་ཚོགས་ཞིང་ནང་ལ་བཞེངས་རྒྱུ་རེད།