ཉེ་ལམ་བོད་ནང་ཕྱི་ལོ་ ༢༠༢༠ ལོའི་བོད་ལྗོངས་ཀྱི་ལོ་འཁོར་རིག་དངོས་གནའ་རྫས་རྟོག་ཞིབ་གྲུབ་འབྲས་མཉམ་སྤྱོད་ཚོགས་འདུ་ཟེར་བའི་ཚོགས་ཏེ། ཚོགས་ཐོག་ཏུ་ལས་ཁུངས་དང་སློབ་གྲྭ་ཆེན་མོ་ཁག་གི་རིགས་གཅིག་མཁས་པ་ཚོས། གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་ནང་། མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་ཉེ་འཁྲིས་ནས་ལོ་ངོ་ ༨༠༠༠ གོང་རྡོ་ཁབ་ཁག་ཅིག་རྙེད་སོན་བྱུང་ཡོད་སྐོར་བརྗོད་འདུག
དེ་འབྲེལ་གནས་ཚུལ་ནང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས། རུ་ཐོག་རྫོང་གི་ཉེ་འཁྲིས་ཤར་གཏད་མཚོ་ཟེར་བའི་ཉེ་འགྲམ་དུ་སྨི་ངོས་ ༤༩ རིང་འཚོལ་ཞིབ་བྱས་མཐར། མིའི་རིགས་ཀྱི་འཚོ་གནས་རྗེས་ཤུལ་ ༡༠ དང་རྡོ་བཟོས་ཐོན་རྫས་ ༡༨༣༥ གསར་རྙེད་བྱུང་བ་མ་ཟད། སྲོག་ཆགས་ཀྱི་རུས་པ་ ༡༣༠༠ ལྷག་རྙེད་སོན་བྱུང་ཡོད་པ་དང་། ཆེད་མཁས་པས་བརྟག་དཔྱད་རིམ་པ་བྱས་པ་བརྒྱུད་གནའ་རྫས་དེ་དག་རྡོ་ཆས་གསར་པའི་དུས་རབས་ཀྱི་དུས་མགོ་སྟེ། འདི་ནས་རྩིས་པའི་ལོ་ངོ་ ༧༥༠༠ ནས་ ༨༥༠༠ བར་གྱི་གནའ་རྫས་ཡིན་སྐོར་བརྗོད་འདུག
དེ་བཞིན་རྡོ་ཆས་གསར་པའི་དུས་རབས་ཀྱི་ཐོན་རྫས་གསར་རྙེད་ཁྲོད། བརྡར་བཟོས་ལག་ཆ་སྔ་ཤོས་ཀྱི་རྡོ་ཁབ་ཅིག་ཀྱང་རྙེད་སོན་བྱུང་ཡོད་པ་མ་ཟད། མཚོ་འགྲམ་དུ་རྡོ་ཆས་གསར་པའི་དུས་མགོར་རྔོན་བརྒྱབ་པའི་རྗེས་ཤུལ་རྙེད་ཡོད་པར་བརྟེན། གནའ་མི་གཏན་སྡོད་བྱེད་ས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ། ཤར་གཏད་མཚོ་ཟེར་བ་དེ་རུ་ཐོག་རྫོང་གྲོང་ནས་ནུབ་ཀྱི་སྤྱི་ལེ་ ༤༠ ཙམ་གྱི་སར་ཆགས་ཤིང་། མཚོ་དེ་ནི་རྒྱ་ཁྱོན་སྤྱི་ལེ་ ༨ ཡོད་པའི་ཚ་མེད་མཚོ་ཞིག་ཡིན་ཞིང་ས་བབ་མཐོ་ཚད་སྨི་ ༤༣༦༨ ཟིན་གྱི་ཡོད་འདུག
ལོ་ངོ་བདུན་བརྒྱ་ཙམ་རིང་གུ་གེ་རྒྱལ་རབས་ཀྱི་གཞིས་ཁྱིམ་ལྟ་བུའི་མངའ་རིས་ཁུལ་དུ། བོད་ཀྱི་བྱུང་བ་བརྗོད་པའི་གནའ་རྫས་མང་དག་ཅིག་བྱུང་དང་འབྱུང་བཞིན་ཡོད་པ་ལྟར། རྒྱ་ནག་གི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་མངའ་རིས་ཁུལ་གྱི་བོད་ཀྱི་བཙན་པོའི་དུས་སྐབས་ཀྱི་རིམ་མཐོའི་བང་སོ་མང་པོ་སྔོག་འདོན་བྱས་ཏེ། གནའ་བོའི་ཏ་ཟིག་ས་ཧྲན་རྒྱལ་རབས་ཀྱི་དངུལ་ཊམ་ ༢༠ དང་ཀུ་རེ་སིའི་ཁྱད་ཆོས་ཀྱིས་ཕྱུག་པའི་ཆང་ལྷའི་དངུལ་སྡེར། ཐང་རྒྱལ་རབས་ཀྱི་ཁྱད་ཆོས་ལྡན་པའི་གསེར་གྱི་རྣ་སེལ་ཁྱུང་རིས་མ་ཞིག་བཅས་གསར་དུ་རྙེད་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།