བོན་རྒྱ་བསྟན་འཛིན་རབ་རྒྱས།
ང་ཚོ་བཙན་བྱོལ་བ་འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་ཡིན་ཞེས་ཚང་མས་འུར། ཡིན་ནའང་། རྒྱུ་མཚན་ངོ་མ་བཤད་ཤེས་མཁན་ཧ་ཅང་ཉུང་། འཛམ་གླིང་འདིར་བཙན་བྱོལ་བ་མང་ལ། བཙན་བྱོལ་བ་སྒྲིག་འཛུགས་ཅན་ཡང་ཡོད། བཙན་བྱོལ་བའི་སྒྲིག་འཛུགས་འཛིན་སྐྱོང་ལམ་ལུགས་ཅན་ཡང་ཡོད། ཡིན་ནའང་། བཙན་བྱོལ་བའི་སྒྲིག་འཛུགས་འཛིན་སྐྱོང་དང་ཁྲིམས་བཟོ་གཉིས་ལྡན་ཅན་མེད་ལ། ཁྲིམས་ལུགས་དབང་འཛིན་ཅན་དེ་བས་ཀྱང་མེད། དེར་བརྟེན། ང་ཚོ་བོད་པ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཡིན་ཞེས་རྒྱལ་བ་རིན་པོ་ཆེས་ཀྱང་ཡང་ཡང་གསུངས་པ་རེད།
དཔེར་ན། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ལའང་ཁྲིམས་ལུགས་དབང་འཛིན་གྱི་ལམ་ལུགས་འཛུགས་པའི་བློ་སྤོབས་ལྡན་མེད་པར་མ་ཟད། རྒྱལ་ཁབ་གཅིག་ནང་ཁྲིམས་ལུགས་གཉིས་གནས་ཐབས་མེད་པས། བཙན་བྱོལ་དུ་གནས་རིང་ཁྲིམས་ལུགས་དབང་འཛིན་གྱི་ལམ་ལུགས་འཚམས་པོ་མེད་པའི་དགོངས་བཞེས་གནང་མཁན་མང་དུ་བྱུང་ཡོད། ཡིན་ནའང་། སྐྱབས་མགོན་རིན་པོ་ཆེས་བཀའ་ནན་ཕེབས་པར་བསྟེན་ཁྲིམས་ལུགས་དབང་འཛིན་ལམ་ལུགས་བཙུགས་པ་རེད། ཀ་བ་རེ་རེ་བཞིན་འདི་ལྟར་སྐྱབས་མགོན་རིན་པོ་ཆེས་བློ་སྟོབས་ཆེན་པོ་དང་། རྣམ་དཔྱོད་གཞལ་མེད་ཀྱི་གཟིགས་པ་སྔོན་སོང་གིས་གསར་འཛུགས་བྱས་པར་བརྟེན། “རྒྱལ་བ་རིན་པོ་ཆེས་མང་གཙོ་གསོལ་རས་གནང་”ཞེས་པའི་ཐ་སྙད་འདི་བྱུང་བ་ལས། ཐ་སྙད་འདི་ཁོང་ལ་དད་ཤུགས་ཆེ་བའི་ཆེ་བསྟོད་ཙམ་མ་རེད།
གང་ལྟར་དུས་དེ་ནས་བཟུང་། བཙན་བྱོལ་ནང་མང་གཙོའི་ལམ་སྲོལ་ཕྲ་ཚུགས་དང་མང་གཙོའི་ཆ་ལག་ཡོངས་སུ་ཚང་བ་ཡིན། ལྷག་པར་ཁྲིམས་ཞིབ་ཁང་བཙུགས་པ་དེས་མང་གཙོའི་ཁེ་ཕན་འདྲ་མཉམ་དུ་ཡོང་བ་མངོན་གྱུར་བྱས་པ་ཡིན། ཁྲིམས་ལུགས་དབང་འཛིན་མེད་ན་ད་ལྟའི་གནས་སྐབས་ལྟ་བུ་རེད། མི་མང་ལ་མང་གཙོའི་ཁེ་ཕན་འདྲ་མཉམ་ཡོང་བ་ལྟ་ཅི། སུ་ཞིག་གིས་ཁྲིམས་འགལ་དང་བཅའ་ཁྲིམས་རྩེད་ཆས་བྱས་ཀྱང་ཞུ་གཏུགས་ཞུ་ས་མེད། དེ་ནི་ཁྲིམས་ཀྱིས་དབང་བསྒྱུར་མ་ཐུབ་པ་དང་མང་གཙོའི་ཆ་ལག་མ་ཚང་བའི་རྒྱུ་མཚན་ལ་ཐུག་ཡོད། ཁྲིམས་ཞིབ་ཁང་བཙུགས་པའི་དགོས་པ་ནི། སྒྲིག་འཛུགས་ཀྱང་ཁྲིམས་ཀྱི་དབང་བསྒྱུར་བརྟན་པོའི་སྒོ་ནས་བསྐྱོད་པ་དང་། བོད་མི་ཚང་མས་མང་གཙོའི་ཐོབ་ཐང་ལ་འདྲ་མཉམ་དུ་ལོངས་སྤྱོད་ཐུབ་པ་། མ་འོངས་བོད་ཀྱི་རྩ་ཁྲིམས་ལག་བསྟར་གྱི་སྐབས་སུ། ཐ་ན་རྒྱ་ནག་གིས་ཀྱང་དཔེར་ལྟ་འོས་པ་ཞིག་དང་། མི་མང་སྐྱོ་བོ་ཚོས་ཀྱང་འགྲོ་གྲོན་ཆེན་པོ་གཏོང་མི་དགོས་པར་བདེ་སྡུག་ཞུ་ས་ཡོད་པ་ཞིག་གི་ཆེད་དུ་བཙུགས་ནའང་། ཆབ་སྲིད་པ་ལ་ལས་དགོས་པ་ཕྱི་མ་འདི་ལས་གླེང་ཐུབ་ཀི་མེད། རྒྱུ་མཚན་འདི་དག་ཐང་མར་བརྡལ་ན་ད་གཟོད་ཁྲིམས་ལུགས་དབང་འཛིན་གྱི་གལ་ཆེ་བའི་ངོས་དང་། རྒྱལ་བའི་བཀའ་དྲིན། མང་གཙོའི་ངོས་འཛིན་བཅས་ལ་བསམ་བློའི་བརྟན་ས་ཟིན་པ་ཡིན།
ཁྲིམས་ལུགས་དབང་འཛིན་ལ་ཁྲིམས་བཟོའི་དབང་ཚད་ཡོད་མེད་ཀྱི་དོགས་པ་དང་རྩོད་པ་བྱེད་པ་ནི་མུ་ཅོར་ཁོ་ན་ཡིན། ང་ཚོའི་ཁྲིམས་དེབ་གསུམ་༼ ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག༽ ཁྲིམས་ཞིབ་ཁང་གིས་བཟོས་པ་ལས་སྤྱི་འཐུས་ལྷན་ཚོགས་ཀྱིས་བཟོས་པ་མིན། རྒྱལ་བ་རིན་པོ་ཆེས་སྲིད་དབང་བཞེས་པའི་སྐབས་སུ། རྒྱལ་བ་རིན་པོ་ཆེ་དང་སྤྱི་འཐུས་ལྷན་ཚོགས་གཉིས་དབར་ཁྲིམས་བཟོའི་དབང་ཚད་ཅིག་ཆ་བགོས་བྱས་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་བཟོས་ན་སྐུ་མདུན་ལ་དེ་ཆོད་སློག་གི་སྐུ་དབང་མེད་ཀྱང་། ཕྱིར་སློག་བྱས་ཏེ་བསྐྱར་ཞིབ་བྱེད་འཇུག་པའི་སྐུ་དབང་ཡོད་ལ། འོས་བབ་གཟིགས་ན་སྐྱབས་མགོན་རིན་པོ་ཆེས་མཚན་རྟགས་གནང་ཞིང་། དེ་ནས་བཟུང་ལག་ལེན་མགོ་འཛུགས་བྱེད་པ་རེད། སྐྱབས་མགོན་རིན་པོ་ཆེ་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་དབར་དུ། བཅའ་ཁྲིམས་དོན་ཚན་རེ་བདུན་པའི་འོག ཁྲིམས་དོན་དང་ཁྲིམས་ཞིབ་དང་འབྲེལ་བའི་ཁྲིམས་བཟོའི་སྐུ་དབང་ཆ་བགོས་བྱས་ཡོད་ཀྱང་། རྒྱལ་བ་རིན་པོ་ཆེས་མཚན་རྟགས་སྩོལ་བ་ལས་ཕྱིར་སློག་གི་སྐུ་དབང་ཡང་བཞེས་མེད། ཕྱིར་སློག་གི་སྐུ་དབང་མི་བཞེས་པའི་རྒྱུ་མཚན་ནི། ཁྲིམས་དོན་དང་ཁྲིམས་ཞིབ་དང་འབྲེལ་བའི་ཁྲིམས་ཡིག་རྣམས་རྒྱལ་སྤྱིའི་ཁྲིམས་དང་ཡུལ་མིའི་ཁྲིམས་ལུགས་གང་དུའང་ཚིག་ཟིན་ཙམ་ཡང་མ་འགལ་བ་དགོས་པའི་རྒྱུ་མཚན་ཡིན་ལ། དེར་བརྟེན། ཁྲིམས་ཞིབ་པ་ལའང་ཁྲིམས་ཞིབ་མཁས་པའི་གྲལ་དུ་ལོ་བཅུའི་རིང་གདན་ཐབས་ཟིན་མྱོང་བ་ཞིག་དགོས་པའི་དམིགས་ཚད་བཟུང་པ་རེད། ཁ་སང་ཁྲིམས་ཞིབ་ཁང་གིས་<ཁྲིམས་ཀྱིས་ངོས་བཞེས་>བཟོ་དུས་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཆེད་མཁས་པ་གདན་དྲངས་རབས་ཀྱི་ལོ་རྒྱུས་མང་དུ་དྲངས་དོན་ཡང་གནད་འགག་དེ་རེད། དེར་བརྟེན། ཁྲིམས་ཞིབ་ཁང་ལ་བཅའ་ཁྲིམས་དོན་ཚན་རེ་བདུན་པའི་སྐུ་དབང་འོག ཁྲིམས་དོན་དང་ཁྲིམས་ཞིབ་དང་འབྲེལ་བའི་ཁྲིམས་བཟོའི་སྐུ་དབང་ཆ་ཚང་བཅའ་ཁྲིམས་ཀྱིས་ཕུལ་ཡོད། གནད་དོན་འདི་འདྲ་དྲ་འབུ་སྣང་བ་མཐའ་ཡས་ཚོས་ནམ་དུའང་མི་མཁྱེན།
ཁ་སྔོན་ངས་ད་རེ་ང་ཚོའི་མང་གཙོ་ལ་འཕྲད་པའི་དཀའ་ངལ་འདི་བསལ་ཐབས་ཀྱི་ཐ་མའི་ལམ་ཁ་ལ་མཛུབ་མོ་བཙུགས་ནས། པད་མ་འབྱུང་གནས་སླེབས་ཀྱང་ཁྲིམས་ཞིབ་པ་བསྐོ་རྒྱུ་ནི་གདམ་ག་རེད་ཅེས་རྩོམ་ཡིག་ཅིག་བྲིས་པ་ཡིན། དེ་ནི་དངོས་ཡོད་ཀྱི་ཐག་གཅོད་ཐ་མ་གསལ་འདོན་བྱས་པ་ཡིན། གལ་ཏེ་པད་མ་འབྱུང་གནས་ལྟ་བུ། ལོ་ལྔའི་ཁྲིམས་དཔོན་གྱི་ལས་འཁུར་ཞུས་མ་མྱོང་བ། ཉུང་མཐའ་ཡང་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་མ་ཚུད་པ་ཞིག ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་གང་དུ་བསྐོས་ཀྱང་། སྤྱི་ལོ་ ༢༠༢༡ ལོའི་ཟླ་ ༦ ཚེས་ ༢༨ རྗེས་ནས་ནམ་དུའང་འཕོ་འགྱུར་བཏང་ཆོག་ཆོག་ཡིན། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཉིན་དེར་བཅའ་ཁྲིམས་རིན་པོ་ཆེ་ལག་བསྟར་མགོ་འཛུགས་བྱས་ནས་ལོ་སུམ་ཅུ་འགོར་བ་ཡིན། ལོ་སུམ་ཅུའི་རྗེས་ནས་དེ་འདྲའི་ཉམས་མྱོང་མེད་པའི་ཁྲིམས་ཞིབ་པ་རྣམས་ཀྱི་དུས་ཡུན་རྫོགས་ཚར་བ་ཡིན། འདིའི་སྐོར་བཅའ་ཁྲིམས་རིན་པོ་ཆེ་དང་ཁྲིམས་དེབ་གཉིས་ཀར་གསལ། ད་ནི་བོང་བུས་ཀྱང་གོ་ཚོད་ཡིན།
འདི་འབྲེལ་དུ་ཤེས་དགོས་པ་ཞིག་ཡོད་པ་ནི། ཁྲིམས་དོན་གྱི་ཆད་ལྷག་གི་ངོས་དེ་ཡིན། ཁྲིམས་དོན་ཀྱི་ཆད་ལྷག་ཁ་སྐོང་མ་ཐུབ་པའི་འགན་དེ། ཁྲིམས་ཞིབ་ཁང་དང་སྤྱི་འཐུས་ལྷན་ཚོགས་གཉིས་ཀར་ཡོད་པ་ཡིན། དཔེར་ན། ལོ་སུམ་ཅུའི་རྗེས་སུ་ཁྲིམས་ཞིབ་པར་ཚང་དགོས་པའི་འོས་ཆོས་དེ་ཟླ་ཤས་རྗེས་ནས་ཁྲིམས་ཞིབ་པ་ནམ་བསྐོ་ལ་ལག་ལེན་བསྟར་དགོས་མོད། བཙན་བྱོལ་ནང་དེ་འདྲའི་འོས་ཆོས་ཅན་མི་རྙེད་པའི་དཀའ་ངལ་འཕྲད་རྒྱུ་ཡིན། མི་རྙེད་ན་བསྐྱར་བཅོས་བྱ་དགོས་པ་ཡིན། དེ་བཞིན་ཁྲིམས་འགྲེལ་ལ་མཚོན་ན། ཉེ་སྔོན་རྩོད་པ་བྱུང་བའི་”སུ་རུང་” ལྟ་བུ་ལ་ཁ་གསལ་གྱི་ཁྲིམས་འགྲེལ་དགོས་མོད་དེ་བཟོ་ཐུབ་མེད། དེ་འབྲེལ་”འོས་བབ་ཡོད་པ་མ་ཡིན་” ལྟ་བུ་ཡོད་ལ། དེའང་སུ་རུང་ལྟར་འཐེན་རྒྱུ་ཡོད་པས་ཁྲིམས་འགྲེལ་དགོས་པ་ཡིན། ད་ལྟ་ང་ཚོར་ཁྲིམས་དེབ་གསུམ་ལས་མེད་ལ། དེ་ནི་ཁྲིམས་ཀྱི་དོན་ཚན་ཁག་འགྲེལ་བརྗོད་བྱས་པ་ཙམ་ལས། ཁྲིམས་འགྲེལ་རིགས་གཅིག་ཀྱང་ཐོན་མེད། མ་འོངས་པར་ནམ་དུའང་ཟམ་གདོང་རིན་པོ་ཆེས་ལག་རྟེན་བསྣམས་ནས་ཕེབས་ཚོད་མེད་པས། ཁྲིམས་འགྲེལ་གྱི་དེབ་ཐོན་དགོས་ཤིང་། ཁྲིམས་འགྲེལ་ཚང་མ་ཁྲིམས་ཞིབ་ཁང་གི་ཁྲིམས་རིག་ཆེད་མཁས་པས་བཟོ་དགོས་པ་ལས། མི་མང་གི་སྐུ་ཚབ་ཚོར་དེ་དག་བཟོ་བའི་ཤེས་ཚད་མེད་ལ། བཟོས་ཀྱང་ལམ་ལུགས་མེད་སར་གླང་ཆེན་ས་གཤག་བྱས་པ་ཡིན། གླང་ཆེན་ས་གཤག་ག་ས་གང་ལ་གང་ལ་བྱས་ན། ཉེ་སྔོན་གྱི་གནས་ཚུལ་ལྟར་མི་རྣམས་ཧང་སངས་ཤིང་ཡ་མཚར་བའི་དོན་རྐྱེན་དེ་འདྲ་སློང་བ་ཡིན།
ཁ་སང་སྤྱི་འཐུས་གཉིས་དམ་འབུལ་གྱི་སྐབས་སུ། སྤྱི་འཐུས་ཚོགས་གཞོན་གྱིས་གསུང་བཤད་གནང་བར་གཞིགས་ན། ཕྱི་སྣུར་བྱེད་རྒྱུ་ལས་མུ་མཐུད་མུན་ནག་གི་ཕྱོགས་སུ་བསྐྱོད་རྒྱུ་མིན་པའི་རེ་བ་ཡོད་པས། དེ་ནི་ཆེས་བསམ་ཤེས་དང་ཕུན་སུམ་ཚོགས་པ་རེད། མུན་ནག་གི་ཕྱོགས་སུ་བསྐྱོད་ཀྱང་ལོ་རྒྱུས་ཀྱི་ནག་ཉེས་སྐབས་དེའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁུར་བ་ཙམ་ལས། ཁོ་ཚོར་ཡང་དགོས་པ་དང་ཁེ་བཟང་ལྷག་པོ་གང་ཡང་མེད་པས། ད་ནི་ཁོ་ཚོས་ཀྱང་དེ་ལ་ངོས་ཟིན་ཐོབ་ཡོད་པ་འདྲ། གསུང་བཤད་ཐུང་ཐུང་དེའི་ནང་དུ། རྒྱལ་བ་ཐམས་ཅད་མཁྱེན་པའི་ཐུགས་ཀྱི་དགོངས་གཞི་དང་། རྒྱལ་བ་ཐམས་ཅད་མཁྱེན་པའི་ཐུགས་མ་ཕམ་པ་ཞིག་བྱེད་རྒྱུ་ཡིན་ཞེས་ལན་བཅུ་གྲངས་ལ་གསུངས་སོང་། ད་དུང་གཞིས་ལ་ཡོད་པའི་རྒྱ་ཆེའི་མི་མང་གི་ཐུགས་མ་ཕམ་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་བློ་མ་ཕམ་པ་བྱེད་པ། སྤྱི་འཐུས་གསར་རྙིང་བར་དུ་མཐུད་ཀ་རྒྱག་པ་ཚུལ་མཐུན་གྱི་སྟེང་ནས་ཕེབས་ཐུབ་པ་དང་། ཕེབས་ཐུབ་པའི་འགན་སྤྱི་འཐུས་ལྷན་ཚོགས་ལ་ཡོད་རབས། ནན་གྱིས་བཤད་སྟངས་ལས་རེ་བ་མཐོང་བ་ཞིག་རེད། རེ་བ་དེ་ལེགས་འགྲུབ་ཡོང་བའི་སྨོན་ལམ་སྙིང་ནས་འདེབས།
དཀའ་ངལ་རེ་འཕྲད་པ་དང་རྒྱལ་བ་རིན་པོ་ཆེ་ལ་ཞུ་དགོས་པ་རེད། ཁོང་གིས་ཅིག་གནང་དགོས་པ་རེད། ཅིག་གནང་གི་རེད་ཅེས་སྐད་རྒྱག་པ་ནི། དཀའ་ངལ་རེ་འཕྲད་དུས་རྒྱལ་བ་རིན་པོ་ཆེ་ཉིད་ཡིད་ལ་དྲན་གི་ཡོད་པའི་རྟགས་སུ་འཁུམས་པས། བསམ་ཤེས་ཐུབ་ཀྱང་། ད་དུང་ཁོང་སྐུ་ཚེགས་ལ་མ་གཏད་པར་བཅོས་སུ་ཡོད་པ་ཡིན་པས། ཐབས་མེད་ཀྱི་གནས་སུ་མ་གྱར་བར་དུ་རྒྱལ་བ་རིན་པོ་ཆེ་སྐུ་ཚེགས་ལ་མི་གཏོད་རྒྱུ་ངེས་པར་སྙིང་བཅངས་བྱེད་དགོས་པ་ཞིག་རེད། སྤྱི་འཐུས་ལྷན་ཚོགས་ལ་དཀའ་ངལ་དེ་སེལ་བའི་ནུས་པ་མཐའ་དག་ཡོད་བཞིན་དུ་རྒྱལ་བ་རིན་པོ་ཆེ་སྐུ་ཚེགས་ལ་གཏོད་པར་བྲེལ་བ་རྣམས་ནི། ཕྱོགས་གཅིག་ནས་ཚད་ལས་བརྒལ་གྱི་ཧམ་པ་རེད།
མ་འོངས་པར་ནད་ཡམས་ཀྱི་དཀའ་ངལ་འཕྲད་ཀྱང་། སྤྱི་འཐུས་འཚོགས་པ་ལ་དྲ་ཐོག་ནས་འཚོགས་མི་ཆོག་པའི་ཆ་རྐྱེན་བཅའ་ཁྲིམས་ནང་མེད་པས་དྲ་ཐོག་ནས་འཚོགས་ཆོག་ལ། དྲ་ཐོག་ནས་གྲོས་ཆོད་དེ་ནུས་མེད་དུ་བཏང་ན། དེ་ག་རང་གིས་དཀའ་ངལ་མཐའ་དག་སེལ་བ་རེད། ཡང་ན་ཁྲིམས་ཞིབ་པ་ཞིག་བསྐོས་ནའང་དཀའ་ངལ་སེལ་བ་རེད། ཁྲིམས་ཞིབ་པ་བསྐོས་ན་ཁ་སང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་འབུལ་ཞུ་དགོས་ཤིང་། མ་ཞུས་ན་བཅའ་ཁྲིམས་དང་དངོས་སུ་འགལ་བས་བཅའ་ཁྲིམས་བསྐྱར་བཅོས་ཀྱང་འགྲོ་དགོས་པ་རེད། དཀའ་ངལ་དང་གང་ཟག་ལ་ལྟོས་ཏེ་བཅའ་ཁྲིམས་ལ་ལག་པ་འཆང་ཐལ་ན། བཅའ་ཁྲིམས་བརྟན་པོ་མེད་པ་དང་། དེ་བཞིན་མང་གཙོ་བརྟན་པོ་མེད་པར་གྱུར་པ་རེད། དེ་ལས་གཞན་གྱི་མི་མང་གི་འབོད་སྒྲའང་རྒྱུན་མི་ཆད་པ་ཡིན། དེར་བརྟེན། ཕྱི་ནུར་བྱེད་པ་ནི་གདམ་ག་ཡག་ཤོས་དང་། ཁྲིམས་ཞིབ་པ་བསྐོ་རྒྱུ་ནི་འུ་ཐུག་པའམ་ཐ་མའི་གདམ་ག་ཡིན། གནད་འགག་གི་སྐབས་སུ། མི་མང་གི་སྐུ་ཚབ་ཚོས་རྩ་དོན་ལ་སེམས་ཁུར་དང་འགན་ཁུར་ཇི་འདྲ་ཞིག་གནང་མིན་ནི། མང་གཙོ་ལ་དོ་ཕོག་མེད་པ་དང་། སྒྲིག་འཛུགས་ལ་གས་ཁ་མི་འཆོར་བ། སྲིད་སྐྱོང་ལ་བཀྲ་ཤིས་པའི་རྩིས་སྤྲོད་ཅིག་ཡོང་བ་སོགས་དང་ལྟོས་བཅས་ཀྱི་འབྲེལ་བ་གྲུབ་ཡོད།
མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།
Mr. Tenzin Ragye , the Judiciary has no right to make law. It has right to make rules and regulation based upon the Charter which is the law passed by the Legislative Assembly. If the Supreme Justice Commissioners have the power to make law then it should be either called Legislature instead of Judiciary or it is unconstitutionally giving power to itself just as it did in 2019 by allowing itself sue-motu power under Public litigation rules. Tibetan word Khrims is applying to all these English terms Law, rule, act and regulations. Thus, the entire confusion, misinterpretation and self interpretation of the Charter is done by everyone assuming expertise in the Language and law both. Everyone has got chance to interpret who they twant to support and labels stupidity to people’s representative who actually makes the law. Everyone who did not participate or had a chance to make law is calling parliamentarians a bunch of stupid. Actually stupid is the one never ate apple despite describes the taste of apple to one who actually experienced of eating apple. This is the current situation in today’s civilized community of exile Tibetan.
སྤྱི་འཐུས་གྲོས་ཚོགས་ཀྱི་ཁྲིམས་འགལ་ཡིག་ཆ་ཨང་ ༣༩ དེ་ཕྱི་འཐེན་རྒྱུད་ནས་ཁྲིམས་ཞིབ་པ་གསུམ་ལས་གནས་ཐོག་རང་འཇགས་ཕེབས་མ་ཐུབ་ཚེ་ཁྲིམས་ཞིབ་པ་གསར་པ་ལས་སླ་པོའི་ཐོག་ནས་བསྐོ་ཐུབ་རྒྱུ་མེད་པ་བཅའ་ཁྲིམས་ཀྱི་ནུས་པ་འཐོན་ནས་ལོ་གསུམ་བཅུ་ཐམ་པ་རིང་མིན་ཟིན་ལ་ཉེ་བས་སླར་ཡང་བཅའ་ཁྲིམས་ལ་འགན་མ་ཁུར་ནས་ཁྲིམས་འགལ་རྒྱུད་ནས་ཆེས་མཐོའི་ཁྲིམས་ཞིབ་པ་བསྐོ་བཞག་གནང་གི་ཡོད་ན་ལས་དེ་མིན་ཁག་པོ་ཡིན་པ་དབང་པོ་ནུས་མེད་མིན་ན་བཅའ་ཁྲིམས་ནས་གསལ་སྟོན་གནང་མི་འདུག་གམ་?
དགོངས་ཚུལ་ཁག་ཡག་པོ་དང་དཔྱད་པ་ཡང་དགའ་རབ་མཐིལ་ཕྱིན་པ་གནང་པའི་ཚོད་དུ་འདུག ང་ལ་དེ་འདྲ་ཞིག་དགོས་འདུག་ཟེར་བའི་བསམ་བློ་གསར་པ་འདྲ་དང་བློ་བསྐྱེད་ཆེན་པོ་བྱུང་སོང་། བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ལ་ཐུགས་རྗེ་ཆེ་ཞུ་འདོད། སྔོན་གྱི་རྩོམ་དེ་ཡང་མཇལ་གྱི་ཡིན།
བློ་སྟོབས་ནི་ཐུགས་སྟོབས་ཀྱི་ཕལ་སྐད་ཡིན།
བློ་སྟོབས་ནི་ཐུགས་སྟོབས་ཀྱི་ཕལ་སྐད་ཡིན།