༄༅། །ཚོགས་པ་བཞིའི་ཚོགས་མི་རྣམས་ལ་འཚམས་འདྲི་དང་འབྲེལ་གནས་ཚུལ་དྲན་གསོ་དང་། ཚོགས་གཙོ་བཞི་ལ་དྲི་བ་༡༤་བཅས་བཞུགས་སོ། །
ན་མོ་གུ་རུ་ཙ་མཉྫུ་ཤྲཱི་ཡེ།
དམར་སེར་མཚམས་སྤྲིན་འོད་ཞགས་འཁྱུགས་པའི་སྐུ། །
སྙན་འཇེབས་དྲུག་ཅུའི་ཚངས་དབྱངས་ང་རོའི་གསུང་། །
ཀུན་རྨོངས་སྨག་ཆེན་ཅིག་ཆར་འཇོམས་པའི་ཐུགས། །
ལྷག་པའི་ལྷ་ཡིས་ཤེས་རབ་སྣང་བ་སྩོལ། །
གནས་ལུགས་དུང་ཟླ་ཧམ་ཤེད་སྤྲིན་པས་བསྒྲིབས། །
ངམ་གནག་མུན་ཁྲོད་གཡོ་ཆེན་འཕར་སྦྱང་རྒོད། །
བདེན་པའི་གཡང་དཀར་གསོད་ལ་ཉེ་བའི་དུས། །
དེར་བསྟུན་དེ་ནི་དྲང་བདེན་འཇོམས་བྱེད་ཡིན། །
བདེན་དོན་སྲོག་ལས་གཅེས་འཛིན་ངོ་སྤྲོད་ཕྱིར། །
བདེན་པའི་ལམ་སྟོན་ཤཱཀྱ་སེང་གེས་ཀྱང་། །
བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་བའི་ཕྱིར། །
བདེན་པ་དོར་ན་འཚོ་བ་དོན་མེད་ཡིན། །
བདེན་པའི་གནས་ལུགས་གང་ཡིན་མནོ་བསམ་ཕྱིར། །
བདེན་ཚིག་སྨྲ་ལ་སྤོབས་པ་ཅུང་སྲིད་ན། །
བདེན་རྫུན་ཤན་འབྱེད་ཇི་བཞིན་འབྱུང་བའི་ཕྱིར། །
བདེན་དོན་འགའ་ཞིག་འདྲི་བར་འདི་ན་བྲེལ། །
ཞེས་ཡུལ་ཁྱད་པར་ཅན་ལ་བསྟོད་ཚིག་སོགས་སྔོན་དུ་བཏང་ནས། འདིར་སྐབས་དོན་གཙོ་བོ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་དབང་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་ཚོགས་གཙོ་བཞི་ཕུད་པའི་འཕྲོས་ཚོགས་མི་ཡོངས་ལ་འཚམས་འདྲི་དང་། བཀྲ་ཤིས་བདེ་ལེགས་ཞུ།
ཁྱེད་ཅག་གིས་སྔ་བར་ཕྱི་གསུམ་དུ་རང་ཅག་བོད་མི་རིགས་དང་། བོད་ཀྱི་རྩ་དོན་ཆེད་འགྱུར་མེད་སེམས་ཤུགས་གསོན་པོ་དང་། དྲི་མེད་ལྷག་བསམ་དཀར་པོ་སོགས་ལ་སྙིང་ནས་གུས་བརྩི་ཞུ་བཞིན་ཡོད། འོན་ཀྱང་ཁྱེད་ཚོའི་ཚོགས་གཙོ་བཞིས་ཕྱི་ཟླ་༨་ཚེས་༤་ཉིན་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དེ་ལ་འདི་ནས་བསྐྱར་ཉན་ཡང་ཉན་བྱས་པས། མཐར་གཏུག་ན་ཁོ་ཚོས་སྤྱི་ཟུར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་དང་གཅིག་མཚུངས་ཀྱི་ལངས་ཕྱོགས་འཛིན་བཞིན་འདུག གཅིག་བྱས་ན་ཁོ་ཚོས་ཆེད་གཉེར་གྱིས་ཨོ་རྒྱན་སྟོབས་རྒྱལ་དང་མཉམ་འབྲེལ་བྱེད་བཞིན་པ་ཡིན་སྲིད།
ཀུན་གྱིས་མཁྱེན་གསལ་ལྟར། ཨོ་རྒྱན་སྟོབས་རྒྱལ་ནི་སྤྲུལ་སྐུའི་མིང་ཡོད་མཁན་ཞིག་ཡིན་པར་མ་ཟད། སྤྱི་ཟུར་ཞིག་ཀྱང་རེད། འོན་ཀྱང་རྒྱ་དམར་སྲིད་གཞུང་ལ་དགོས་མཁོ་ཆེ་བའི་གལ་ཆེའི་དུས་ཚོད་ནམ་བྱུང་ལ། ཨོ་རྒྱན་སྟོབས་རྒྱལ་ནི་ཆར་བ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ལྟར། རྒྱ་དམར་སྲིད་གཞུང་ལ་ཕན་པའི་ལས་ཀ་ཤ་སྟག་སྒྲུབ་མཁན་ཞིག་རེད། དེའི་སྐོར་དཔེར་ན།
༡༽ ཕྱི་ལོ་༢༠༠༨་ལོའི་ཕྱི་ཟླ་༣་པའི་ནང་གཞིས་བཞུགས་བོད་ཆོལ་གསུམ་རྒྱ་ཆེའི་མང་ཚོགས་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བཙན་འཛུལ་རྒྱ་དམར་སྲིད་གཞུང་ལ་ཞི་བའི་ངོ་རྒོལ་སྤེལ་སྐབས། དེ་མ་ཐག་རྒྱ་དམར་སྲིད་གཞུང་གིས་ཆོལ་གསུམ་བོད་རིགས་མང་ཚོགས་ཐོག་ཁྲག་དྲི་བྲོ་བའི་ཚབས་ཆེའི་དྲག་གནོན་བྱས་ཏེ། བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་དང་། སྟོང་ཕྲག་མང་པོ་བཙོན་འཇུག་བྱེད་བཞིན་པའི་སྐབས་དེར། ཛ་དྲག་གི་གནས་སྟངས་དེ་ལ་གདོང་ལེན་ཆེད་བཙན་བྱོལ་ནང་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྐུ་ཚབ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་སྣེ་ཁྲིད་དེ། ཁ་ཚ་དགོས་གཏུག་གི་ལས་འགུལ་ཅི་ཞིག་སྤེལ་དགོས་པའི་སྐོར་ལ་ཕྱི་ལོ་༢༠༠༨་ལོའི་ཕྱི་ཟླ་༣་ཚེས་༡༥་དགུང་མོའི་ཆུ་ཚོད་༧་ཐོག་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་སྐབས་༡༤་པའི་སྤྱི་འཐུས་༤༣་ཡོངས་རྫོགས་མཉམ་འཛོམས་ཀྱིས་གྲོས་བསྡུར་མགོ་འཛུགས་གནང་བཞིན་པའི་སྐབས་དེར། ཨོ་རྒྱན་སྟོབས་རྒྱལ་གྱི་སྐད་ཤུགས་ཆེན་པོས། ད་ང་ཚོ་ལ་བསམ་བློ་མང་པོ་གཏང་ཁོམ་དང་། གྲོས་བསྡུར་མང་པོ་བྱེད་ཁོམ་མེད། དེ་ལས་སང་ཉིན་ཞོགས་པར་ང་ཚོ་ཚང་མ་བྷ་སིའི་ནང་བསྡད་དེ། རྒྱལ་ས་དྷི་ལིར་འགྲོ་དགོས། བྷ་སི་ལ་འགྲོ་སོང་ངས་གཏང་དགོས། ང་ཚོ་དྷི་ལིར་ཕྱིན་ནས་ལྗན་ཏར་མན་ཏར་ཞེས་པའི་ས་ཆ་དེར་ཟས་བཅད་ངོ་རྒོལ་བྱེད་དགོས། དེ་ལྟར་བྱ་རྒྱུ་ཐག་བཅད་ན་དེ་ག་རང་ཡིན། དེ་མིན་ན་ང་འདིར་མི་འདུག། འགྲོ་རྒྱུ་ཡིན། ཞེས་བཤད་དེ། ཚོགས་ཁང་ནས་ཕྱི་ལ་ཐོན་ནས་ཕྱིན་པ་དང་། སྐབས་དེར་ཆོས་བརྒྱུད་སྤྱི་འཐུས་རེ་ཟུང་དང་། སྤྱི་འཐུས་སྐོར་ཞིག་གིས་ཀྱང་དེ་ག་རང་ཡིན། སྤྲུལ་སྐུ་རིན་པོ་ཆེས་གང་གསུངས་པ་ལྟར་ཚང་མ་ཤར་བསྐྱོད་བྱས་ན་དེ་ག་རང་ཡིན། དེ་མིན་ང་ཚོ་ཡང་འདིར་མི་འདུག འགྲོ་རྒྱུ་ཡིན། ཞེས་ཚོགས་ཁང་ནས་ཕྱི་ལ་ཐོན་ཏེ། རྒྱ་དམར་སྲིད་གཞུང་གིས་བོད་ནང་ཚབས་ཆེའི་དྲག་གནོན་བྱེད་བཞིན་པ་དེར་ཇི་ལྟར་གདོང་ལེན་བྱེད་མིན་ཐད་ལས་རིམ་ཞིབ་ཚགས་ཤིག་གཏན་འབེབས་བྱེད་མ་བཅུག་པར་མ་ཟད། དེའི་ཆེད་ཚང་མས་རྣམ་དཔྱོད་རྩལ་འདོན་གྱིས་གྲོས་བསྡུར་ལྷུགས་པོ་ཙམ་ཡང་བྱེད་མ་བཅུག་པར་གལ་ཆེའི་ཚོགས་འདུ་དེ་གཏོར་བཤིགས་བཏང་བས། དེའི་རྗེས་ནས་སྐབས་དེའི་བོད་ནང་གི་ཆོལ་གསུམ་མི་མང་གི་དཀའ་སྡུག་ལ་གདོང་ལེན་ཆེད་གནད་ལ་ཁེལ་བའི་གྲོས་བསྡུར་ཞིབ་ལྷུགས་དང་། ལས་རིམ་འཐུས་ཚང་བཅས་སྤྱི་འཐུས་ཚང་འཛོམས་ཀྱིས་གཏན་འབེབས་བྱ་མ་ཐུབ་པར་བརྟེན། ༢༠༠༨་ལོའི་བོད་ནང་གི་དཀའ་སྡུག་ཚབས་ཆེན་དེར་གདོང་ལེན་ཆེད་དོན་ཕན་ལྡན་པའི་ལས་འགུལ་སྤེལ་རྒྱུ་ལ་ཨོ་རྒྱན་སྟོབས་རྒྱལ་གྱིས་གནོད་སྐྱོན་ཚབས་ཆེན་བཟོས་ཡོད། སྐབས་དེར་ཨོ་རྒྱན་སྟོབས་རྒྱལ་གྱིས་དེ་ལྟར་བྱས་པ་དེས་བོད་མི་རིགས་ལ་ཕན་ཐོགས་བྱུང་འདུག་དང་། རྒྱ་དམར་སྲིད་གཞུང་ལ་ཕན་ཐོགས་བྱུང་འདུག ཚང་མས་དགོངས་བཞེས་རེ་གནང་རོགས་ཞུ།
༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས། སྤྱིར་བོད་གངས་ཅན་གྱི་ཆོས་བརྒྱུད་ཡོངས་རྫོགས་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་གིས་ནང་ཁུལ་ལ་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ཐུབ་པ་ཞིག་འབྱུང་ཕྱིར་དང་། བྱེ་བྲག་ཏུ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གསེར་སྦྱངས་བཙོ་མ་ལྟ་བུའི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་དང་། མི་ཉམས་རྒྱུན་འཛིན་ཆེད་དེ་སྔོན་དོལ་རྒྱལ་སྐོར་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་ནན་ཏན་དུ་གནང་བཞིན་པའི་སྐབས་དེར་༸གོང་ས་མཆོག་གིས་ཆོས་དད་རང་དབང་ཕྲོགས་སོང་། ཞེས་༸གོང་ས་མཆོག་ལ་རྒྱ་དམར་སྲིད་གཞུང་གིས་སྐུར་འདེབས་ཚབས་ཆེན་ཞུ་བཞིན་པའི་དུས་དེར། ཨོ་རྒྱན་སྟོབས་རྒྱལ་གྱིས་ཀྱང་། “༸སྐྱབས་མགོན་རིན་པོ་ཆེས་དོལ་རྒྱལ་ལ་དང་པོ་དགག་པ་རྒྱག་གནང་དུས་ཀྱང་ངས་༸རྒྱལ་བ་རིན་པོ་ཆེ་ལ་དོལ་རྒྱལ་ལ་དགག་པ་གནང་རྒྱུ་དེ། དེ་ཙམ་མ་གནང་ན། ད་བོད་ཁམས་འཕུང་རྒྱུ་ཆ་ཚང་ནི་འཕུང་ཚར་བ་རེད། རིལ་རྒྱུ་ཐམས་ཅད་ནི་རིལ་ཚར་བ་རེད། ད་ཡང་བསྐྱར་༸སྐྱབས་མགོན་རིན་པོ་ཆེས་དེ་འདྲའི་དགག་པ་བརྒྱབ་གནང་ན་གླགས་ཁེལ་མི་ཡོང་། དེ་ཡིན་དུས། མི་མང་པོ་ཞིག་༸སྐྱབས་མགོན་རིན་པོ་ལ་མ་དགའ་བ་ཆགས་ན། ༸རྒྱལ་བ་རིན་པོ་ཆེའི་ནུས་པ་དང་གཟི་བརྗིད་དེ་ཚོ་ཉམས་འགྲོ་གི་རེད། ཅེས་ངས་དངོས་སུ་ཞུ་མྱོངས་ལ། འབྲེལ་ཡོད་ཁ་ཤས་བརྒྱུད་ནས་ཀྱང་གནད་དུ་སྨིན་པ་ཞུ་མྱོངས།” ཞེས་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་དོལ་རྒྱལ་བཀག་གནང་བ་དེ་མ་འགྲིག ཅེས་བསམ་པ་དཀར་མདོག་གིས། ཨོ་རྒྱན་སྟོབས་རྒྱལ་གྱིས་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་པའི་སྒྲ་སྒམ་དེང་སྐབས་ཀྱང་དྲ་ལམ་དུ་ཁྱབ་བཞིན་པ་འདི་ཡིན།
༣༽ ཕྱི་ལོ་༢༠༡༩་ལོ་མཇུག་ནས་རྒྱ་དམར་སྲིད་གཞུང་གིས་ཆེད་དུ་ཏོག་དབྱིབས་ནད་དུག་ཁྱབ་སྤེལ་བཏང་བ་དང་། ཕྱི་ལོ་༢༠༢༠་ལོར་ཏོག་དབྱིབས་ནད་དུག་འཛམ་གླིང་ཡོངས་ལ་ཁྱབ་པ་སོགས་ལ་བརྟེན། ཐ་ན་གླིང་ཆེན་ཨ་སྤི་རི་ཁའི་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་བྱེད་བཞིན་པའི་གལ་ཆེའི་དུས་ཚོད་དེ་ནི་ང་ཚོ་ལ་མཚོན་ན། གཞུང་སྒེར་ཚང་མས་གོ་སྐབས་དམ་འཛིན་གྱིས་འཛམ་གླིང་ཡོངས་ལ་རང་ཉིད་ཀྱི་བདེན་དོན་ངོ་སྤྲོད་དང་ཁྱབ་བསྒྲགས་ཆེད་ཤུགས་རྒྱག་དགོས་པ་དེ་ཤིན་ཏུ་གལ་ཆེན་ཡིན་མོད། འོན་ཀྱང་རྩ་ཆེའི་དུས་ཚོད་དེའི་སྐབས་སུ་སླར་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་བསྟན་བཤིགས་རེད། ཅེས་ཨོ་རྒྱན་སྟོབས་རྒྱལ་གྱིས་འཛེམས་ཟོན་སྤུ་ཙམ་མེད་པར་བསམ་ཡུལ་ལས་འདས་པའི་མཚན་སྨད་ཚབས་ཆེན་ཞུས་ཏེ། གློ་བུར་དུ་ནང་ཁུལ་ལ་རྙོག་འཛིང་བསླངས་པས། ག་རེ་བྱུང་བ་དེའི་སྐོར་ཚང་མས་མཁྱེན་གསལ་རེད། ཕྱོགས་གཅིག་ནས་༸གོང་ས་མཆོག་གིས་དོལ་རྒྱལ་བཀག་པར་བརྟེན། མི་མང་པོ་མི་དགའ་བ་ཆགས་ན་མི་བཟང་རབས་ཨོ་རྒྱན་སྟོབས་རྒྱལ་གྱིས་བཤད་བཞིན་ཏུ། ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་བསྟན་བཤིགས་རེད། ཅེས་ཨོ་རྒྱན་སྟོབས་རྒྱལ་གྱིས་སྤྱི་ཚོགས་ཁྲོད་ཁྱབ་བསྒྲགས་བྱེད་དགོས་དོན་གང་ཡིན་ནམ།
དེ་འདྲའི་བྱ་བ་དེས་བོད་མི་རིགས་དང་། རྒྱ་དམར་སྲིད་གཞུང་སུ་ལ་ཕན་ཐོགས་བྱུང་ཡོད་ཚང་མས་བསམ་བློ་གཏང་རྒྱུ་ཤིན་ཏུ་གལ་ཆེན་རེད།
༤༽ དེ་བཞིན་ཕྱི་ལོ་༢༠༢༡་ལོ་འདིར་ཡང་རྒྱ་ནད་ཀྱི་གནས་སྟངས་སྔར་ལྟར་གནས་ཡོད་པར་མ་ཟད། ཨ་རིའི་སྲིད་འཛིན་གསར་བས་རྒྱ་དམར་སྲིད་གཞུང་ཐོག་སྲིད་བྱུས་འཛིན་ཕྱོགས་སོགས་ཕྱོགས་ཡོངས་ནས་བོད་དོན་ལ་གལ་ཆེའི་སྐབས་འདིར་སླར་ཡང་༸གོང་ས་མཆོག་གི་སྐུ་པར་དང་། བཅའ་ཁྲིམས་ཀྱི་མདུན་དུ་སྤྱི་འཐུས་ཀྱི་དམ་འབུལ་ཞུས་ན། དེ་ནི་ཚད་ལྡན་ཡིན་རབས་དང་། བདམ་ཐོན་མདོ་སྟོད་སྤྱི་འཐུས་༡༠་དང་། བདམ་ཐོན་ཆོས་བརྒྱུད་སྤྱི་འཐུས་༡༠་སོགས་བསྡོམས་སྤྱི་འཐུས་༢༢་དེས་བར་བརྒལ་ཚོགས་གཙོའི་སྐུ་མདུན་དམ་འབུལ་མི་ཞུ། ཞེས་ཐག་བཅད་ཚར་བར་བརྟེན། ག་རེ་མི་དགོས་ག་རེ་ཆགས་སོང་བ་ཡིན་ན་ཡང་ཁོང་ཚོས་རྩ་བའི་དམ་བཅའ་ལ་འགྱུར་བ་གཏང་རྒྱུ་མིན་སྐོར་སོགས་དང་། དེ་སྔོན་དབུས་འོས་བསྡུ་ལས་ཁུངས་ཀྱིས་དགོངས་པ་བཞེས་ནས་ཚོགས་གཙོའི་དུས་ཡུན་ལོ་༢་དང་ཕྱེད་རེ་བྱ་རྒྱུ་བྱས་པ་ལྟར། ཐེངས་འདིར་དམ་འབུལ་ཞུ་སྟངས་གཉིས་བྱུང་བ་འདི་ལ་ཡང་དབུས་འོས་བསྡུ་ལས་ཁུངས་ཀྱིས་ངོས་བཞེས་གནང་འོས་རབས་དང་། ད་ཐེངས་ཀྱི་རྙོགས་དྲ་དེ་ཇེ་ཆེ་ནས་ཇེ་ཆེར་འགྲོ་རྒྱུ་མ་གཏོགས། ཆུང་དུ་ཕྱིན་ནས་འགྲིག་ཐབས་ཀྱི་བཟོ་ལྟ་མེད་རབས་སོགས། བཙན་བྱོལ་ནང་ཁུལ་གྱི་རྙོག་དྲ་འདི་རྒྱ་ཇེ་ཆེར་གཏོང་ཐབས་གཏམ་བཤད་ཀྱི་སྒྲ་སྒམ་དེས་དེང་སྐབས་དྲ་ལམ་ཁག་ཏུ་ཁྱབ་བཞིན་པ་འདི་ནི་ཚང་མས་ཤེས་གསལ་ལྟར་རེད། དེ་ལྟར་བྱེད་བཞིན་པ་འདིས་བོད་མི་རིགས་ཀྱི་རྩ་དོན་ལ་ཕན་ཐོགས་ཡོད་དམ། རྒྱ་དམར་སྲིད་གཞུང་གི་དམིགས་ཡུལ་འགྲུབ་པར་ཕན་ཐོགས་ཡོད། འདིའི་ཐད་ལ་ཚང་མས་དགོངས་པ་བཞེས་རོགས་ཞུ། དེ་བཞིན་ད་དུང་ཡང་ཀུན་གྱིས་དོ་སྣང་གནོངས་དང་། རྒྱ་དམར་སྲིད་གཞུང་ལ་གལ་ཆེའི་དགོས་མཁོ་ནམ་བྱུང་ལ་ཨོ་རྒྱན་སྟོབས་རྒྱལ་མུ་མཐུད་གྲགས་ཡོང་ངེས་རེད། ཞེས་གོང་གསལ་གནད་དོན་འདི་རིགས་ནི་ལྷན་རྒྱས་ཚོས་མ་མཁྱེན་པ་ག་ལ་སྲིད་དེ། དྲན་གསོ་ཙམ་ཡིན།
གཞུང་འབྲེལ་མ་ཡིན་པའི་ཚོགས་གཙོ་བཞི་ལ་དྲི་བ།
དྲི་བ་༡༽ གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིའི་ཚོགས་གཙོ་ཁྱེད་རྣམ་པའི་ཁྲོད་བཙན་བྱོལ་བོད་གཞུང་གི་ལས་ཤོག་སོགས་རྫུན་བཟོ་བྱས། བོད་ཕྱི་ནང་གི་མང་ཚོགས་མགོ་སྐོར་བཏང་སྟེ། དཔལ་འབྱོར་གཡོ་ལེན་བྱེད་མཁན་དང་། ཁྲིམས་འགལ་འདྲ་མིན་བྱས་རྐྱེན་ལོ་མང་གོང་ནས་ཐ་ན་རང་ཉིད་ཀྱི་དང་བླངས་དཔྱ་ཁྲལ་ལག་དེབ་ཀྱང་རང་གཞུང་བདེ་སྲུང་ལས་ཁུངས་ཀྱིས་གཞུང་བཞེས་བཏང་ཟིན་པ་དེ་འདྲ་ཡོད་བཞིན་དུ། ཁྱོད་ཚོས་འཛེམས་ཟོན་མེད་པར་ཧ་ཅང་སེམས་ཤུགས་ཆེ་མདོག་གིས་འདི་ལྟར། བསྒྲགས་གཏམ་སྤེལ་སྐབས་ཁྱེད་རྣམ་པ་ལ་འཚེར་སྣང་གཏན་ནས་མེད་པ་ཅི་ཡིན་ནམ།
དྲི་བ། ༢༽ ཁྱོད་ཚོའི་ཁྲོད་ཁྲིམས་འགལ་གྱི་ལས་ངན་ཚབས་ཆེན་གསོག་མཁན་ཡོད་བཞིན་དུ། ད་དུང་ཁྱེད་ཚོས་ཁྲིམས་འགལ་གཞན་ཁྲིམས་མཐུན་དུ་ངོས་ལེན་དགོས། ཞེས་བསྒྲགས་གཏམ་སྤེལ་ན། རྒྱ་ཆེའི་བོད་གཞུང་མང་གཉིས་ཁྱོད་ཚོའི་རྗེས་སུ་ཡོང་རྒྱུ་ཡིན་པ་ཁྱེད་ཚོར་གདེངས་སྤོབས་ཇི་ལྟར་རྙེད་སོང་ངམ།
དྲི་བ།༣༽ ཁྱོད་ཚོས་བརྒྱ་བཤད་སྟོང་བཤད་ཇི་ལྟར་བྱས་ཀྱང་། བཤད་བྱའི་སྙིང་པོ་ད་ལྟའི་ཆ་ལ་ཁྲིམས་སྒྲིག་གལ་ཆེན་པོར་མི་རྩི། ཁྲིམས་སྒྲིག་ཕར་བཞག་དགོས། ཞེས་གསུང་བཞིན་པ་འདི་རེད། དེ་ཡང་ཁྱོད་ཚོའི་ཁ་ནས་དངོས་སུ་ཁྲིམས་སྒྲིག་གཙོ་བོར་མི་འཛིན། ཞེས་བཤད་བཞིན་པའི་ཁྲིམས་སྒྲིག་དེ་ནི་གཙོ་བོ་ང་ཚོའི་བཅའ་ཁྲིམས་རིན་པོ་ཆེ་རེད། ང་རང་ཚོའི་བཅའ་ཁྲིམས་རིན་པོ་ཆེ་ལ་ཁྱེད་ཚོས་འདི་ཙམ་ལས་བརྩི་བཀུར་མི་ཞུ་བ་འདི་ལ་བརྟེན་ནས་ཁྱེད་རྣམས། <<བཙན་བྱོལ་བོད་མིའི་བཅའ་ཁྲིམས།>>ནང་།
“དོན་ཚན་བཅུ་གསུམ་པ། ཡུལ་མིའི་ལས་འགན།
བོད་ཀྱི་ཡུལ་མི་ཚང་མས་བསྒྲུབ་དགོས་པའི་ལས་འགན་གཤམ་གསལ། ཞེས་མགོ་བརྗོད་འོག་དོན་ཚན་ལྔ་འཁོད་པའི་ནང་གསེས། ༢ བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་། ཉམས་ལེན།” ཞེས་འཁོད་འདུག་པ་དང་རྒྱབ་འགལ་དུ་གྱུར་ཡོད། དེར་བརྟེན་ཁྱེད་རྣམ་པ་རང་ངོས་ནས་ཐ་ན་བོད་ཀྱི་ཡུལ་མི་ཚང་མས་བསྒྲུབ་དགོས་པའི་ལས་འགན་ཙམ་ཡང་མ་བསྒྲུབ་པར། ད་དུང་མང་ཚོགས་ལ་སློབ་གསོ་འདི་ལྟར་བརྒྱབ་པ་འདིས་སུ་ཞིག་ལ་ཕན་ཐོགས་ཅི་ཞིག་ཡོད་དམ།
དྲི་བ་༤༽ མ་འོངས་པར་ཁྱེད་རྣམ་པ་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་སྐབས། བཅའ་ཁྲིམས་ནང་གསལ་བའི་སྤྱི་འཐུས་ཀྱི་འོས་ཆོས་ནང་གསེས་དོན་ཚན་༨་ཡོད་པའི་དོན་ཚན། ༨་པ་དེ་ཁྱོད་ལ་ཚང་གི་མི་འདུག ཅེས་འགྲོ་སྟངས་ཤེས་མཁན་ཞིག་གིས་ཁྲིམས་གཏུག་བྱས་ན། སྐབས་དེར་ཁྱེད་ཚོས་ག་རེ་གསུང་རྩིས་ཡོད་དམ།
དྲི་བ་༥༽ ཕྱི་ཟླ་༨་ཚེས་༤་ཉིན་ཁྱེད་ཚོ་རང་ཉིད་ཀྱི་ཞལ་ནས་དངོས་སུ། “ང་རང་ཚོའི་མང་གཙོའི་སྲིད་གཞུང་དེ་རང་བཙན་ཡོད་བསྡད་པའི་མང་གཙོའི་སྲིད་གཞུང་དང་རྩ་བ་ཉིད་ནས་འདྲ་གི་མ་རེད། ང་ཚོའི་མང་གཙོའི་སྤྱི་ཚོགས་འདི་སོ་སོའི་རྒྱལ་ཁབ་དགྲ་ལག་ཏུ་ཤོར་ནས་རང་དབང་འཐབ་རྩོད་བྱེད་མཁན་གྱི་མང་གཙོའི་སྒྲིག་འཛུགས་ཤིག་ཆགས་བསྡད་ཡོད་རེད། ང་ཚོའི་མང་གཙོའི་གཞུང་དེ་རྒྱལ་ཁབ་གཞན་པའི་མང་གཙོའི་གཞུང་དང་། འཕེལ་རིམ་དང་། ལོ་རྒྱུས་དང་མ་འདྲ་བ་བྱས་ནས། རྒྱལ་ཁབ་མང་པོའི་ནང་ལོགས་ལ་སོ་སོའི་རྒྱལ་ཁབ་ལ་མང་གཙོ་དང་། སྲིད་གཞུང་ཡོང་ཡ་གི་ཐོག་ལ། མི་སེར་གྱི་ཐོག་ནས་ནོར་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བྱས་ནས། ཁྲག་དང་མིག་ཆུའི་ཐོག་ནས་འབད་བརྩོན་བྱས་ནས། འཐབ་རྩོད་གནང་བསྡད་ཡོད་རེད། ཡིན་པ་ཡིན་ན་ཡང་། ང་རང་ཚོའི་མང་གཙོ་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕུགས་རྒྱང་རིང་པོའི་གཟིགས་སྣང་ཆེན་པོ་གཟིགས་པའི་ཐོག་ནས་ཐུགས་བརྩེ་བ་ཆེན་པོས་མར་གསོལ་རས་གནང་བཞག་པ། གསོལ་རས་གནང་བར་མ་ཟད་ལོ་འཁོར་མོ་འདི་དག་གི་ནང་ལ་ཕ་མས་བུ་སྐྱོང་བ་ནང་བཞིན་བྱས་ནས། གཡས་ཁྲིད་གཡོན་ཁྲིད་བྱས་ནས་ཁྲིད་བསྡད་པའི་མང་གཙོའི་སྒྲིག་འཛུགས་ཤིག་ཆགས་བསྡད་ཡོད་རེད། ཡིན་དུས་ཙམ་པ་འདི་འདྲའི་མང་གཙོའི་སྒྲིག་འཛུགས་འདི་སྲ་ཐག་ཐག་རྒྱུན་འཁྱོངས་བྱས་ནས་བོད་རང་དབང་བསྐྱར་གསོ་བྱས་པའི་རྗེས་ལ་གཞིས་བཞུགས་བོད་མི་རྣམས་ལ་རྩིས་སྤྲོད་བྱེད་ཡ་དེ་ང་ཚོ་ཚང་མའི་ལས་འགན་ཡིན་བསམ་པའི་ཐོག་ནས། མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་རེད། དེ་ག་ནང་བཞིན་མི་མང་ཚོ་རེད། ཚང་མས་སོ་སོར་མི་རེ་ངོ་རེ་འགན་ཡོད་བསམ་པས། དེའི་འགན་བསྒྲུབ་ཡ་དེ་ཉེན་ཁ་ཞིག་ལ་ང་ཚོས་མཇལ་བསྡད་ཡོད།” ཅེས་མཐའ་འདིར་ཉེན་ཁ་ཞིག་ལ་ཁྱོད་ཚོས་མཐོང་རབས་དངོས་སུ་བཤད་ཡོད་པ་འདི་རེད། ༸གོང་ས་ཡིད་བཞིན་ནོར་བུས་མི་ལོ་༦༠་ལྷག་རིང་གཡས་སྐྱོར་གཡོན་སྐྱོར་གནང་ནས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་བཏང་བའི་མང་གཙོའི་སྒྲིག་འཛུགས་འདི་ལ་བོད་གཞུང་མང་གིས་རང་དོན་རང་གཅེས་ཀྱིས་འགན་ཁུར་ཏེ། བདག་རྒྱག་རྒྱུ་དེ་ང་ཚོ་བཟུར་ཐབས་མེད་པའི་ང་ཚོའི་འགན་འཁྲི་རེད། དེ་ལྟར་བྱས་ན་དེ་ལ་ཉེན་ཁ་ཅི་ཞིག་ཡོད་དམ། ཐ་ན་ཉེན་ཁ་ཞེས་པའི་གོ་དོན་ཙམ་ཡང་མི་ཤེས་པར། ཁྱེད་རྣམ་པས་བསྒྲགས་གཏམ་ཅི་ཞིག་སྤེལ་བཞིན་ཡོད་དམ།
དྲི་བ། ༦༽ ཕྱོགས་གཅིག་ནས་ཁྱེད་རྣམ་པས་“ད་ལྟའི་ཆ་ལ་ཁྲིམས་སྒྲིག་གཙོ་བོ་བྱེད་མི་དགོས། དེ་ཕར་ཞོག་”ཅེས་བཤད་ཞོར་དུ། “བཙན་བྱོལ་གྱི་མང་གཙོའི་སྒྲིག་འཛུགས་འདི་སྲ་ཐག་ཐག་རྒྱུན་འཁྱོངས་བྱས་ནས་བོད་རང་དབང་བསྐྱར་གསོ་བྱས་པའི་རྗེས་ལ་གཞིས་བཞུགས་བོད་མི་རྣམས་ལ་རྩིས་སྤྲོད་བྱེད་དགོས།” ཞེས་གསུང་བཞིན་འདུག བཙན་བྱོལ་མང་གཙོའི་སྒྲིག་འཛུགས་འདི་རྒྱུན་འཁྱོངས་དང་སྲ་ཐག་ཐག་ཅིག་བྱེད་དགོས་ན། གང་ཟག་གི་དབང་སྒྱུར་ནས་ཁྲིམས་ཀྱི་དབང་སྒྱུར་གྱི་ལམ་དུ་ཕྱིན་ཏེ། ཁྲིམས་སྒྲིག་གཙོ་བོར་འཛིན་དགོས་པར་མཁྱེན་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་བཙན་བྱོལ་དུ་འབྱོར་མ་ཐག་ཏུ་མང་ཚོགས་ཀྱི་སྐུ་ཚབ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སམ། ཁྲིམས་བཟོ་ལྷན་ཚོགས་ཆེད་དུ་བཙུགས་གནང་བ་རེད།
རྒྱ་ཆེའི་མང་ཚོགས་ཀྱི་སྐུ་ཚབ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་ལུགས་མཐུན་གྱིས་ཁྲིམས་སྒྲིག་གཏན་ལ་ཕབ་ཅིང་། ཁྲིམས་སྒྲིག་དེ་ཉམས་ལེན་གྱི་གཙོ་བོར་བཟུང་ན། སྤྱི་ཚོགས་ཀྱི་ཆིག་སྒྲིལ་དང་། སྟོབས་ཤུགས་ཡོད་ཚད་འཐོར་ཞིག་ཏུ་མི་འགྲོ་བར་ཉར་ཚགས་དང་། རྒྱུན་འཁྱོངས། ཡར་རྒྱས་བཅས་སུ་གཏང་ཐུབ་ཀྱིན་ཡོད་པ་གཟིགས་ནས། ད་བར་སྤྱི་ནོར་༸གོང་ས་ཡིད་བཞིན་ནོར་བུས་ཐེངས་བརྒྱ་སྟོང་མང་པོར། “གང་ཟག་གི་དབང་སྒྱུར་འོག་ནས་ཁྲིམས་ཀྱི་དབང་སྒྱུར་འོག་ལ་ཤར་བསྐྱོད་བྱེད་དགོས། ཁྲིམས་སྒྲིག་ཧ་ཅང་གལ་ཆེན་རེད།” ཅེས་གསུང་བཞིན་པ་དེ་རེད།
འོན་ཀྱང་ཁྱོད་ཚོས་“ཁྲིམས་སྒྲིག་ནི་གཙོ་བོ་མིན། དེ་ཕར་ཞོག་”ཅེས་གསུང་བཞིན་འདུག་པས། ཁྲིམས་སྒྲིག་གཙོ་བོར་མི་འཛིན་པར་ཁྱོད་ཚོས་བཙན་བྱོལ་མང་གཙོའི་སྒྲིག་འཛུགས་འདི་སྲ་ཐག་ཐག་རྒྱུན་འཁྱོངས་ཇི་ལྟར་བྱེད་དང་། ཁྲིམས་སྒྲིག་གཙོ་བོར་མི་འཛིན་པར་ཁྱོད་ཚོས་བོད་རང་དབང་བསྐྱར་གསོ་བྱས་རྗེས་གཞིས་བཞུགས་བོད་མི་རྣམས་ལ་མང་གཙོའི་སྒྲིག་འཛུགས་རྩིས་སྤྲོད་ཇི་ལྟར་བྱེད་འཆར་ཡོད་སྐོར་བཅས་གསལ་བཤད་གནང་རོགས་ཞུ།
དྲི་བ། ༧༽ འཛམ་གླིང་སའི་གོ་ལ་འདིའི་ཁྱོན་ན་ཁྲིམས་སྒྲིག་གཙོ་ཆེར་མི་འཛིན་པའི་ཡང་དག་པའི་མང་གཙོའི་རྒྱལ་ཁབ་དང་། ཡང་དག་པའི་མང་གཙོའི་སྒྲིག་འཛུགས་ཚད་ལྡན་ཞིག་འབྱུང་མི་ཤེས་པ་ལྟ་བུར་གྱུར་ཡོད་པར་སྙམ་ཡང་། ཕྲན་མཐོང་རྒྱ་ཆུང་བའི་སྐྱོན་ཡིན་སྲིད་པས། གལ་ཏེ་ཁྲིམས་སྒྲིག་གཙོ་ཆེར་མི་འཛིན་པའི་ཡང་དག་པའི་མང་གཙོའི་རྒྱལ་ཁབ་དང་། ཡང་དག་པའི་མང་གཙོའི་སྒྲིག་འཛུགས་ཚད་ལྡན་ཞིག་ཡོད་པ་ཁྱེད་རྣམ་པས་གཟིགས་མྱོངས་ཡོད་དམ། ཡོད་ན་ངོ་སྤྲོད་གནང་རོགས་ཞུ།
དྲི་བ། ༨༽ ཁྱེད་རྣམ་པས་མཁྱེན་གསལ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་སུ་གཏན་ལ་ཕབ་པའི་སྤྱི་འཐུས་དམ་འབུལ་གྱི་ཚིག་བརྗོད་རང་རེའི་<<བཙན་བྱོལ་བོད་མིའི་བཅའ་ཁྲིམས།>>རིན་པོ་ཆེའི་ནང་གསལ་ཡོད་པ་དེ་འདིར་ཇི་བཞིན་བཀོད་ན་འདི་ལྟར།
“༄༅། །བདག་་་་་་་་་་་ཞེས་བགྱི་བ། སྐབས་་་་་་་་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འོས་འདེམས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང་། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི།
༡ མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།
ཡང་ན།
༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།”
ཞེས་འཁོད་བཞིན་པ་འདི་རེད། དེ་བཞིན་འདེམས་ཐོན་སྤྱི་འཐུས་ཚོས་ཐོག་མར་བར་བརྒལ་ཚོགས་གཙོའི་སྐུ་མདུན་ལ་དམ་འབུལ་ཞུ་དགོས་པ་ནི། བཅའ་ཁྲིམས་ཀྱི་དོན་ཚན་༤༧་པའི་ནང་གསལ་བཞིན་པ་དེ་རེད། འོན་ཀྱང་བཅའ་ཁྲིམས་དོན་ཚན་༤༧་པ་ཉམས་ལེན་མ་བྱས་པར། དེ་ཕར་བཞག་ནས། བཅའ་ཁྲིམས་ནང་མ་གསལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེས་གཙོས་སྐུ་གསུང་ཐུགས་རྟེན་དང་། བླ་མ་དང་། དགོན་པ་གྲྭ་ཚང་སོགས་སུ་བདམ་ཐོན་སྤྱི་འཐུས་སུ་ཞིག་གིས་དམ་འབུལ་ཞུས་ཀྱང་དེ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་དང་རྒྱབ་འགལ་རེད།
དེར་བརྟེན་ཕྲན་ལ་མཚོན་ན་ཆོལ་ཁ་དང་ཆོས་ལུགས་སོགས་ལ་ཁྱད་པར་སྤུ་ཙམ་མེད་པར། བདམ་ཐོན་སྤྱི་འཐུས་གང་ཞིག་གིས་བཅའ་ཁྲིམས་ཀྱི་དགོངས་དོན་དང་རྒྱབ་འགལ་གྱིདམ་འབུལ་ཞུ་མཁན་ཞིག་བྱུང་ན། དེ་ནི་ང་རང་ཉིད་ཀྱི་ཕ་མ་གཅིག་པའི་སྤེན་མཆེད་ཡིན་ཡང་དེ་ལ་ངས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ལྷག་ཏུ་༸གོང་ས་མཆོག་གི་སྐུ་པར་གྱི་མདུན་ལ་བདམ་ཐོན་སྤྱི་འཐུས་དམ་འབུལ་ཞུ་མཁན་ཞིག་བྱུང་ན་དེ་ནི་ཧ་ཅང་གི་ནོར་འཁྲུལ་ཚབས་ཆེན་ཞིག་རེད། གང་ཡིན་ཞེ་ན། སྤྱི་འཐུས་ཀྱི་དམ་འབུལ་གྱི་ཚིག་བརྗོད་ནང་། གོང་གསལ་ལྟར། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས།” ཞེས་དང་། “བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང་། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་”ཞེས་སོགས་འཁོད་བཞིན་པ་འདི་རེད། དེར་བརྟེན་བཅའ་ཁྲིམས་ནང་གསལ་ལྟར་དམ་བཅའ་མ་ཕུལ་བར། རང་ཉིད་ཀྱི་དམ་འབུལ་ཞུ་སྟངས་དེ། བཅའ་ཁྲིམས་ཀྱི་དགོངས་དོན་དང་རྒྱབ་འགལ་ཡིན་བཞིན་ཏུ། ད་དུང་༸གོང་ས་མཆོག་གི་སྐུ་པར་གྱི་མདུན་དུ་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་མེད་ཀྱིས་ངས་ཧ་ལས་པའི་ཞེད་པོ་ཞིག་བསྒྲུབ་རྒྱུ་ཡིན། ཟེར་བ་དེ་ནི་༸གོང་ས་མཆོག་དང་། ༸གོང་ས་མཆོག་གི་སྐུ་པར་བཅས་ལ་ཀྱག་ཀྱག་ཡིན་པར་མ་ཟད། མཐར་གཏུག་ན་དེ་ནི་བོད་མི་རིགས་ལ་ཀྱག་ཀྱག་རེད། གང་ཡིན་ཞེ་ན། བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་ནང་། “༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང་། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན།” ཞེས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་ལྟར་རེད།
དེར་བརྟེན་ང་ཚོ་བོད་མི་རིགས་ལ་ཀྱག་ཀྱག་དང་། བོད་མི་རིགས་ཀྱི་ངོ་བོ་ལ་ཀྱག་ཀྱག་གི་བྱ་སྤྱོད་འདི་རིགས་ལ་བོད་གཞུང་མང་གཉིས་ཀྱིས་མོས་མཐུན་དང་། ངོས་ལེན་བྱེད་དགོས། ཞེས་ཚོགས་པ་ཆེན་པོའི་མིང་ཐོག་ནས་ཁྱེད་རྣམ་པས་མཉམ་འབྲེལ་བསྒྲགས་གཏམ་སྤེལ་དགོས་དོན་ཅི་ཡིན་ནམ།
དྲི་བ། ༩༽ དེ་སྔོན་སྐབས་༡༤་བའི་སྤྱི་འཐུས་ཚོགས་གཙོའི་དུས་ཡུན་ལོ་༢་དང་ཕྱེད་རེ་བྱས་པའི་ལམ་ལུགས་དེ་བོད་གཞུང་མང་གཉིས་ཀྱིས་ངོས་ལེན་བྱས་པ་ལྟར། ད་ལྟའི་༸གོང་ས་མཆོག་གི་སྐུ་པར་མདུན་དམ་འབུལ་དེ་ཡང་བོད་གཞུང་མང་གཉིས་ཀྱིས་ངོས་ལེན་དགོས་པ་གཅིག་མཚུངས་ཡིན་རབས་ཁྱེད་རྣམ་པས་གསུང་བཞིན་འདུག་ཀྱང་། དེ་སྔོན་སྐབས་༡༤་པའི་སྤྱི་འཐུས་ཚོགས་གཙོའི་དུས་ཡུན་ལོ་༢་དང་ཕྱེད་རེ་བྱེད་སྐབས། དེ་ལྟར་ཐག་གཅོད་བྱེད་མཁན་ནི་སྐབས་བཅུ་བཞི་བའི་བདམ་ཐོན་སྤྱི་འཐུས་རྣམས་མ་རེད། སྐབས་དེའི་བདམ་ཐོན་སྤྱི་འཐུས་རྣམས་ཀྱིས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར། ལུགས་མཐུན་གྱིས་དམ་འབུལ་གཙང་མ་ཞུས་ཏེ། ཁོང་ཚོ་སྤྱི་འཐུས་ཆགས་ཟིན་རྗེས། ཁོང་ཚོས་ཚོགས་གཙོ་ཐེངས་མང་འོས་འདེམས་བྱས་ཀྱང་། ཁྱད་པར་གང་ཡང་མ་བྱུང་བར། ཚོགས་གཙོའི་འོས་གཞི་གཉིས་ལ་འོས་གྲངས་གཅིག་མཚུངས་བྱུང་བར་བརྟེན། སྐབས་དེའི་དབུས་འོས་བསྡུ་ལྷན་ཁང་གིས། ཡང་ན་ད་དུང་ཉིན་གྲངས་ཅི་ཙམ་འགོར་ཡང་འོས་གཞི་གཉིས་ལ་འོས་གྲངས་ཁྱད་པར་མ་བྱུང་བར་དུ་མུ་མཐུད་ནས་འོས་ཤོག་བླུག་རྒྱུ་དང་། ཡང་ན་ཚོགས་གཙོའི་འོས་གཞི་གཉིས་ལ་ཚོགས་གཙོའི་དུས་ཡུན་བགོ་བྱ་རྒྱག་རྒྱུ་བྱས་ན་གང་འདྲ་འདུག་གམ། དེ་ཅི་གནང་ཁྱེད་སྤྱི་འཐུས་རྣམ་པ་ཚོའི་སྐུ་དབང་རེད། ཅེས་དགོངས་འཆར་ཕེབས་པར། སྐབས་༡༤་པའི་སྤྱི་འཐུས་༤༣་མི་རེ་ངོ་རེ་བཞིན་རང་ཉིད་ཀྱི་རང་དབང་ཆ་ཚང་བེད་སྤྱོད་ཀྱིས། སྐབས་དེའི་ཚོགས་གཙོ་ལོ་༢་དང་ཕྱེད་རེ་བྱ་རྒྱུར་སྤྱི་མོས་ཀྱིས་ཐག་གཅོད་བྱུང་བར་མ་ཟད། དེ་ལྟར་བྱ་རྒྱུར་ཡིག་ཆ་བཞག་པའི་ཐོག་སྐབས་དེའི་སྤྱི་འཐུས་རེ་རེ་བཞིན་མཚན་རྟགས་བརྒྱབ་པ་རེད། སྐབས་༡༤་པའི་སྤྱི་འཐུས་སྤྱི་མོས་ཀྱིས་ཐག་གཅོད་དེ་ཡང་། ༸གོང་ས་མཆོག་དང་། བོད་མི་རིགས་སོགས་སུ་གང་ལ་ཀྱག་ཀྱག་གི་དྲི་ཙམ་ཡང་མེད་པ་རེད།
འོན་ཀྱང་ཕྱི་ཟླ་༨་ཚེས་༤་ཉིན་ཁྱེད་རྣམ་པས་དེ་སྔོན་སྐབས་༡༤་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོའི་དུས་ཡུན་ཐག་གཅོད་གནང་སྟངས་དེ་ལ་ང་ཚོ་བོད་གཞུང་མང་གཉིས་ཀྱིས་ངོས་ལེན་བྱས་ཡོད་པ་ལྟར། ད་ལྟ་༸གོང་ས་མཆོག་གི་སྐུ་པར་མདུན་ལ་སྐབས་༡༧་པའི་བདམ་ཐོན་སྤྱི་འཐུས་༢༢་ཀྱིས་དམ་བཅའ་ཕུལ་བ་དེ་ཡང་བོད་གཞུང་མང་གཉིས་ཀྱིས་ངོས་ལེན་དགོས་པ་གཅིག་མཚུངས་ཡིན་རབས་གསུང་བཞིན་འདུག་ཀྱང་། དེ་སྔོན་སྐབས་༡༤་པའི་སྤྱི་འཐུས་ཚོགས་གཙོའི་གནས་སྟངས་དང་། ད་ལྟ་སྐབས་༡༧་པའི་བདམ་ཐོན་སྤྱི་འཐུས་༢༢་ཀྱིས་དམ་འབུལ་ཞུ་སྟངས་གཉིས་ཀྱི་བར་ཁྱད་པར་གནམ་ས་ལྟ་བུ་ཡོད་པར་སྙམ་ཡང་། སྐབས་༡༤་པའི་སྤྱི་འཐུས་ཚོགས་གཙོའི་གནས་སྟངས་དང་། ད་ལྟ་༸གོང་ས་མཆོག་གི་སྐུ་པར་མདུན་དུ་སྐབས་༡༧་པའི་བདམ་ཐོན་སྤྱི་འཐུས་༢༢་ཀྱི་དམ་འབུལ་གཉིས་བོད་གཞུང་མང་གིས་ངོས་ལེན་དགོས་པ་གཅིག་མཚུངས་ཡིན་ཚུལ་ཇི་ལྟར་ཡིན་ནམ།
དྲི་བ་༡༠༽ ཕྱི་ལོ་༢༠༡༩་ལོའི་ལོ་མཇུག་ནས་རྒྱ་དམར་སྲིད་གཞུང་གིས་ཁྱབ་སྤེལ་བཏང་བའི་རྒྱ་ནད་གང་སར་ཁྱབ་པ་དང་། དེར་བརྟེན་ཕྱི་ལོ་༢༠༢༠་ལོའི་ལོ་དཀྱིལ་ཙམ་ནས་འཛམ་གླིང་ཁྱོན་ཡོངས་ནས་ད་བར་བྱུང་མ་མྱོངས་པའི་རྒྱ་དམར་སྲིད་གཞུང་ལ་ལྟ་ཚུལ་འགྱུར་བ་ཤུགས་ཆེན་ཕྱིན་པའི་གལ་ཆེའི་དུས་ཚོད་དེར་བོད་རྒྱ་ཆེའི་མང་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ཀྱིས་གོ་སྐབས་དམ་འཛིན་གྱིས་བོད་དོན་ཆེད་བགྲོ་གླེང་སོགས་ལས་འགུལ་སྤེལ་རྒྱུ་ཕར་ཟད། ཐ་ན་དྲ་ལམ་ཙམ་ནས་ཕྱི་ཟླ་༩་པའི་གྲོས་ཚོགས་ཙམ་ཡང་ཆེད་དུ་མ་འཚོགས་པ་དེར་ཁྱེད་རྣམས་ལ་ཐུགས་ཕམ་འབྱུང་གིན་ཡོད་དམ།
དྲི་བ་༡༡༽ རང་རེའི་ཤ་ཁྲག་གཅིག་པའི་གཞིས་བཞུགས་ཆོལ་གསུམ་སྤུན་ཟླ་རྣམས་ཀྱིས་བོད་བསྟན་སྲིད་མི་རིགས་ཆེད་སྙིང་སྟོབས་ཆེན་པོས་རང་ལུས་མཆོད་མེར་འབུལ་བཞིན་པ་དེ་ལྟར་ཡང་། བཙན་བྱོལ་ནང་སྔ་ལོའི་གོ་སྐབས་བཟང་པོ་དེ་འདྲ་བྱུང་ཡང་། སྤྱི་འཐུས་སྐབས་༡༦་པའི་རྒྱུན་ལས་༡༡་གིས་ཐག་བཅད་དེ། ཐ་ན་དྲ་ལམ་ནས་གྲོས་ཚོགས་ཙམ་ཡང་མ་འཚོགས་པར་མ་ཟད། ཆེས་ཤིན་ཏུ་གལ་ཆེ་བའི་སྔ་ལོའི་ཕྱི་ཟླ་༩་པའི་གྲོས་ཚོགས་དེའི་མིང་ལ་གྲོས་ཚོགས་ཕར་འགྱངས་ཞེས་བཏགས་ཡོད་ཀྱང་། དོན་ལ་ཕར་འགྱངས་མིན་པར། སྔ་ལོའི་ཕྱི་ཟླ་༩་པའི་གྲོས་འཚོགས་འཚོགས་མི་དགོས་པར་ཕྱིར་བསྡུ་བྱས་པ་དེས་གཞིས་བཞུགས་བོད་ཆོལ་གསུམ་མང་ཚོགས་ཀྱི་སེམས་ལ་བག་ཆགས་ག་འདྲ་ཞིག་བཞག་ཡོད་དམ།
དྲི་བ། ༡༢༽ སྔ་ལོར་སྐབས་༡༦་པའི་སྤྱི་འཐུས་རྒྱུན་ལས་ཚོས་སྔ་ལོའི་ཕྱི་ཟླ་༩་པའི་གྲོས་ཚོགས་མེད་པ་བྱས་པས། མང་ཚོགས་ནང་བསམ་ཡོད་སེམས་ཤུགས་ཅན་གང་མང་ལ་བློ་འགྱོད་ཤུགས་ཆེར་འབྱུང་བཞིན་པ་སོགས་ལ་བརྟེན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྐབས་༡༦་པའི་སྤྱི་འཐུས་རྒྱུན་ལས་རྣམས་ལ་སྔ་ལོའི་ཕྱི་ཟླ་༩་པའི་ནང་གྲོས་ཚོགས་དེ་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་འཚོགས་དགོས་པའི་ལམ་སྟོན་ཇི་ལྟར་གནང་ཡང་། སྐབས་༡༦་པའི་སྤྱི་འཐུས་རྒྱུན་ལས་ཚོས་གསན་འཇོག་རྩ་བ་ནས་མ་གནང་བ་དེ་ཁྱེད་རྣམ་པས་ཡག་པོ་རེད་དགོངས་བཞིན་ཡོད་དམ།
དྲི་བ་༡༣༽ ང་ཚོའི་ད་ལྟའི་ཆེས་མཐོའི་ཁྲིམས་དཔོན་འདི་དག་ནི་ཁོང་རྣམ་པའི་མི་ཚེའི་ནང་ད་བར་བཙན་བྱོལ་བོད་གཞུང་ལ་ཞབས་འདེགས་ཚུལ་མཐུན་ཞུས་པའི་རླབས་ཆེན་བྱས་རྗེས་ཅན་གྱི་མི་སྣ་ཤ་སྟག་རེད། དེ་བཞིན་སྔ་ལོ་སྐབས་༡༦་པའི་སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་ཟླ་༩་པའི་གྲོས་ཚོགས་ཕྱིར་བསྡུ་བྱ་རྒྱུར་ཐག་གཅོད་བྱེད་སྐབས་ཀྱང་། རང་གཞུང་ཆེས་མཐོའི་ཁྲིམས་དཔོན་ཁོང་རྣམ་པ་གོ་མེད་ཚོར་མེད་དུ་མ་བཞུགས་པར། ཁོང་རྣམ་པས་རང་འཁྲིས་ཐུགས་འགན་ཆེ་བཞེས་ཀྱིས་རང་རེའི་བཅའ་ཁྲིམས་རིན་པོ་ཆེ་སྲུང་སྐྱོབ་དང་། བོད་མི་རིགས་ཀྱི་ཁེ་ཕན་སྲུང་སྐྱོབ་སོགས་ཀྱི་ཆེད། སྔ་ལོའི་ཕྱི་ཟླ་༩་པའི་གྲོས་ཚོགས་དེ་འཚོགས་དགོས་རབས་དང་། གལ་ཏེ་མ་འཚོགས་ན་ཁྲིམས་འགལ་ཡིན་རབས་དང་། ཐ་ན་དྲ་ལམ་ནས་འཚོགས་རྒྱུ་སོགས་ལ་ལམ་སྟོན་གནང་ཡོད་ཀྱང་། སྐབས་༡༦་པའི་སྤྱི་འཐུས་རྒྱུན་ལས་ཚོས་གསན་འཇོག་རྩ་བ་ནས་མ་གནང་བར་ཁྲིམས་འགལ་ཁོ་ན་བྱས་པར་བརྟེན། ཁྲིམས་འགལ་དེའི་ཉེས་ཆད་ལ་སྤྱི་འཐུས་རྒྱུན་ལས་ཚོར་ཟླ་ཤས་རིང་གི་འདེམས་བྱེད་ཀྱི་ཐོབ་ཐང་དེ་བཀག་བསྐྱུར་བྱས་པ་ཙམ་རེད། དེའི་འཁོན་ལན་དུ་སྐབས་༡༦་པའི་སྤྱི་འཐུས་རྒྱུན་ལས་ཚོས་སྤྱི་འཐུས་གཞན་རྣམས་དབུ་སྐོར་བསླུ་བྲིད་བཏང་བ་སོགས་གཡོ་ཇུས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས། ཁྲིམས་སྒྲིག་གི་བརྒྱུད་རིམ་ཆ་མ་ཚང་བའི་སྒོ་ནས་༢༠༢༡་ལོའི་ཕྱི་ཟླ་༣་པའི་གྲོས་ཚོགས་ནང་གསང་བའི་འོས་ཤོག་ཟེར་བ་ཞིག་གི་ལམ་ནས་ཆེས་མཐོའི་ཁྲིམས་དཔོན་རྣམས་ལ་ཉེས་མེད་ཉེས་འགེལ་གྱིས་སྡེབས་གཅིག་ཏུ་ཁྲིམས་འགལ་གྱི་སྒོ་ནས་ཁོང་ཚོ་གནས་དབྱུང་གཏོང་ཐབས་བྱས་པ་རེད།
གལ་ཏེ་ཁྱེད་ཚོ་ད་ལྟའི་རང་གཞུང་གི་ཆེས་མཐོའི་ཁྲིམས་དཔོན་ཁོང་རྣམ་པ་ཡིན་ན། སྔ་ལོའི་གལ་ཆེའི་དུས་ཚོད་དེའི་སྐབས་ཁྱེད་ཚོས་རང་རེའི་བཅའ་ཁྲིམས་རིན་པོ་ཆེ་སྲུང་སྐྱོབ་དང་། བོད་མི་རིགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད། སྐབས་༡༦་པའི་སྤྱི་འཐུས་རྒྱུན་ལས་རྣམས་ལ་སྔ་ལོའི་ཕྱི་ཟླ་༩་པའི་གྲོས་ཚོགས་འཚོགས་རྒྱུ་གལ་ཆེན་ཡིན་པ་སོགས་ངོ་སྤྲོད་དང་། ཐ་ན་གྲོས་ཚོགས་དྲ་ལམ་ནས་འཚོགས་དགོས་པའི་ལམ་སྟོན་ཕུལ་ཀྱང་། མཐའ་མ་དེར་ཁྱོད་ཚོར་ནག་ཉེས་སྤུ་ཙམ་མེད་ཀྱང་། ཉེས་མེད་ཉེས་འགེལ་གྱིས་ཁྲིམས་སྒྲིག་གི་བརྒྱུད་རིམ་ཆ་མ་ཚང་བའི་སྒོ་ནས་ཁྱེད་ཚོ་སྡེབས་གཅིག་ཏུ་ཁྲིམས་འགལ་གྱིས་གནས་དབྱུང་བཏང་ན་ཁྱེད་རྣམ་པའི་ཐུགས་ལ་ཅི་ཞིག་དགོངས་ས་རེད་དམ། ཁྱེད་རྣམ་པ་ཐུགས་སྐྱིད་པོ་ཡོང་ས་རེད་དམ། སྐབས་དེར་ཁྱེད་རྣམ་པར་སེམས་ཚོར་ཅི་ཞིག་འབྱུང་ས་རེད་དམ།
གནད་དོན་འདི་རང་ཉིད་ཀྱི་རང་སྟེང་དུ་བསྐོར་ནས་བསམ་བློ་ཞིབ་ཏུ་བཏང་སྟེ། དྲང་བདེན་གྱི་ལན་ཞིག་གནང་རོགས་ཞུ།
དྲི་བ། ༡༤༽ ཁྱེད་རྣམ་པས་བསྒྲགས་གཏམ་སྤེལ་སྐབས། སྐབས་༡༧་པའི་སྤྱི་འཐུས་རྣམ་པས་བསྟན་སྲུང་དམར་ནག་གཉིས་དཔང་པོར་བཞག་པའི་ཐོག་ནས། དེ་སྔའི་དཀའ་རྙོག་རིགས་མི་གླེང་རྒྱུར་དམ་བཅའ་བཞག་དགོས། ཞེས་གསུང་བཞིན་འདུག་པར་བལྟས་ན། ཁྱེད་རྣམ་པས་བསྟན་སྲུང་དམར་ནག་གཉིས་ལ་ཡིད་ཆེས་གནང་བཞིན་ཡོད་པར་སྙམ། ཡིན་དང་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་ཀྱང་། “གནམ་འདིའི་འོག་ན་ཁོང་ལ་རྒྱུས་མངའ་ཆེ་ཤོས་དེ་གནས་ཆུང་ཆོས་སྐྱོང་ཆེན་པོ་ཡིན་ལ། གནས་ཆུང་ཆོས་སྐྱོང་ཆེན་པོ་ལ་རྒྱུས་མངའ་ཆེ་ཤོས་དེ་ཁོང་ཡིན།” ཞེས་ཡང་ཡང་གསུང་བཞིན་པ་དེ་རེད།
དེ་བཞིན་སྤྱི་འཐུས་ཀྱི་དམ་འབུལ་ཚིགས་བརྗོད་ནང་དུ་ཡང་།
“༡ མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།
ཡང་ན།
༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།”
ཞེས་གདམ་ང་བཞག་ཡོད་པ་དེ་ནི་མཆོག་གསུམ་ཁས་ལེན་མཁན་རིགས་ཀྱིས། མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་འབུལ་ཆེད་དུ་༼༡༽ དེ་བཞག་པ་རེད། མཆོག་གསུམ་ལ་ཡིད་ཆེས་མེད་མཁན་རྣམས་ཀྱི་ཆེད་༼༢༽དེ་བཞག་པ་རེད།
འོན་ཀྱང་ཁྱེད་རྣམ་པས་ཀྱང་དོ་སྣང་གནང་ཡོད་ངེས། དཔེར་ན། ད་ལྟའི་ཆར་མཆོག་གསུམ་ལ་ཡིད་ཆེས་ཡོད་ཟེར་མཁན་གྱི་མི་སྐྱ་ཙམ་དུ་མ་ཟད། ཆོས་བརྒྱུད་ཁག་གི་སྤྱི་འཐུས་སོགས་སེར་མོ་བ་ཕལ་ཆེ་བས་ཀྱང་དམ་འབུལ་སྐབས་མཆོག་གསུམ་ཁས་ལེན་མཁན་གྱི་སྐལ་བ་༼༡༽ལྟར་དམ་བཅའ་མི་འབུལ་བར། མཆོག་གསུམ་ཁས་མི་ལེན་པའི་སྐལ་བ་༼༢༽པ་དེ་བསྐྱོར་ནས་དམ་བཅའ་འབུལ་བཞིན་པ་དེ་རེད།
༈ལྷག་ཏུ་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་སྐྱོང་ཆེན་པོ་ལ་ནི་ཡིད་ཆེས་མེད། ཅེས་ཚད་ལས་བརྒལ་བའི་སྐུར་འདེབས་ཚབས་ཆེན་ཞུ་མཁན་དེ་སྔའི་སྤྱི་འཐུས་ནང་ཡོད་པར་མ་ཟད། དེ་ཚོ་སླར་ཡང་སྐབས་༡༧་པའི་བདམ་ཐོན་སྤྱི་འཐུས་ནང་སླེབས་ཡོད་པ་རེད།
དེར་བརྟེན་ཁྱེད་རྣམ་པས་གཞུང་བསྟེན་བསྟན་སྲུང་ལ་ཡིད་ཆེས་མེད་མཁན་འདི་རིགས་ལ་གཞུང་བསྟེན་བསྟན་སྲུང་དཔང་དུ་བཞག་ནས། ལས་འགན་ཇི་ལྟར་བསྒྲུབ་བཅུག་རྒྱུ་ཡིན་ནམ་གསལ་བཤད་གནང་བར་ཞུ།
སྨྲས་པ།
ལུང་རིགས་དབྱར་རྔ་ལྡིར་བའི་གདན་ས་ན། །
ལུང་རིགས་སྨྲ་བའི་གྲལ་མཐར་གནས་པ་དེས། །
ལུང་རིགས་ཁོ་ནར་གཞི་བཅོར་སུག་བྲི་འདིར། །
ལུང་རིགས་སྨྲ་བའི་མཁས་རྣམས་དགྱེས་ཀྱང་སྲིད། །
དེའི་ཕྱིར་ཡང་དག་ལུང་རིགས་ལམ་ཆེན་ནས། །
འཐད་མིན་དགག་སྒྲུབ་བྱེད་པོ་གཟུར་གནས་རིགས། །
བྱུང་ན་དེ་ལ་ཡང་དག་རིགས་ལམ་ནས། །
དོན་དངོས་ལན་འདེབས་བྱ་བ་ཁོ་བོའི་འགན། །
རྒྱུ་མཚན་གནས་ལུགས་གང་ལ་མི་སྐྲག་པའི། །
ཀླད་སྟོང་ང་རྒྱལ་མི་རྒོད་གླེན་པའི་རིགས། །
གཏུམ་སྤྱོད་རྡོ་དང་དབྱུག་པས་གསད་སྲིད་ཀྱང་། །
ཁྲོ་ལན་ཁྲོ་འཇལ་འདོད་པ་ངེད་ལ་མེད། །
རྟག་ཏུ་རང་དོན་ཁེ་བཟང་ཁོ་ནའི་ཆེད། །
སྐབས་འཚོལ་གཡོ་ཅན་ཝ་མོའི་ཁྱུ་ཚོགས་ཤིག །
ཁྲོས་པའི་མཚོན་རྟགས་ཁུངས་མེད་སྒྲོ་སྐུར་ཚིག །
མིང་མེད་སྡིག་ཅན་དྲ་འབུས་སྦིར་ཡང་སྲིད། །
དེའི་རིགས་བདག་ལ་སྔོན་ཡང་གང་མང་བྱུང་། །
ད་དུང་བྱུང་ཡང་འཇིགས་པ་སྤུ་ཙམ་མེད། །
དྲ་འབུའི་སྒྲོ་སྐུར་དྲ་ལམ་གད་སྙིགས་ཕྱིར། །
ཅི་དགར་རང་སོར་བཞག་ན་ཡང་སྙིགས་ཡིན། །
ཞེས་འཕགས་ཡུལ་ལྷོ་རྒྱུད་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་དགའ་ཤར་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གྲུབ་ཆ་འཇམ་དབྱངས་སོག་པ་ཁང་ཚན་གྱི་གྲལ་མཐར་གནས་པའི་ཁོ་བོ་སྤྱི་ཟུར་གསེར་རྟའི་ཚུལ་ཁྲིམས་འོད་ཟེར་གྱིས་རང་ཤག་ལྔ་རིག་དྲི་བསུང་སྤོས་ངད་ལྡང་ཁང་ནས་ཕྱི་ལོ་༢༠༢༡ ལོའི་ཟླ་༨་ཚེས་༡༡་སྟེ། རེས་གཟའ་ལྷག་དཀར་ཉིན་སྤྲིངས་པ་དགེའོ།། །།
མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཐུག་རྗེ་ཆེ་ཞུ་ཞུའོ།།
གསེར་རྟ་ཚུལ་ཁྲིམས་འོད་ཟེར་འབོད་པ་དེ་གསེར་རྟ་ཚུལ་ཁྲིམས་ཟེར་བ་དེ་རེད་དམ། ཡང་དེ་མ་ཡིན་པ་གྲ་བ་ཚོར་བའི་དབང་རྐྱང་རྐྱང་ལ་རྒྱུགས་བསྡད་མཁན་མོན་གྷོ་ཌི་ནས་ཡིན་ཞིག་ཀྱང་ཡོད། གང་ལྟར་ཀྱང་གཉིས་ཀ་རྩ་མ་ཚང་མཁན་ཡིན་བསམ་སོང་། ཡིན་ནའང་ད་ཐེངས་གི་དྲི་བ་འདི་དག་དོན་དག་ཡོད་གི།
བདེན་རྒྱབ་ཏུ་ལངས་ཡོད་དོ།། སྤྲུལ་སྐུའི་མིང་འཁྱེར་ཏེ་འཇིག་རྟེན་མི་ནག་ལས་ཐབས་སྐྱོ་བ་བྱེད་མཁན་ཨོ་རྒྱན་སྟོབས་རྒྱས་ཁྱོད་དམྱལ་བ་གཏིང་ནག་ནང་ལ་བསྡད་ས་ཡོད་དོ།། བོད་མི་རིགས་དང་བོད་མིའི་བླ་མར་རྒྱབ་འགལ་བྱེད་མཁན་གྱི་མི་ངན་དེ། དེ་དང་འབྲེལ་བའི་ཚོགས་པ་བཞིའི་ཚོགས་གཙོ་ཡིན་ཟེར་མཁན་རྣམས། ཁྱོད་ཚོ་ལ་ལས་ཀ་མེད་པ་ཡིན་ནམ། དགོས་ཡའི་ལས་ཀ་མ་བྱེད་པར། རོགས་ཚོགས་ཀྱི་དངུལ་རྫོགས་ཁར་རྙོག་དྲའི་མཆོང་མཁན་རྣམས། ལས་མ་དག་པ་ཡིན་ནོ།།
བཀའ་དྲིན་ཆེ་གང་ཡིན་པ་དེ་བྲིས་འདུག་ལ་དྲིས་ཡང་འདུག། ཚོགས་པ་བཞི་ལ་ག་རི་ཤོད་རྒྱུ་འདུག་ལྟ་ཆོག།
གོང་ན་འཁོད་པའི་འདྲི་ཚིག་བཅུ་བཞི་དེ།།
གནད་དུ་ཁེལ་བའི་གཏམ་གྱི་ཡང་སྙིང་ལྡན།།
ཞིབ་རྩད་བྱས་པའི་དོན་ལ་འཇུག་པར་ཉེ།།
འོད་ཀྱི་ཐིག་ལེ་མུན་པའི་གཤེད་དུ་བབས།།
ངོ་མ་ཡག་པོ་འབྲིས་འདུག
དངོས་གནས་གནད་ལ་ཁེལ་བའི་དྲང་བདེན་གྱི་རྩོམ་ཡིག་ལེགས་ཤོས་སུ་མཐོང་། བཀའ་དྲིན་ཆེ།🙏
མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གནད་ལ་ཁེལ་བའི་དྲི་བཅུ་བཞི་ལ་ཁ་བདེ་མགོ་བདེ་མ་ཡིན་པར་གཞོན་ནུ་ཚོགས་གཙོ་གཙོས་པའི་ཚོགས་པ་བཞི་ཡི་མཛད་གཙོ་ར྄ནྣམ་པས་ལན་འདེབས་གསལ་བོར་གནང་དགོས། གལ་སྲིད་ལན་འདེབས་མེད་ཚེ་གཞན་གྱི་ལག་ཆ་རུ་གྱུར་དེ་གལ་ཆེན་གྱི་ཚོགས་པ་བཞི་ཡི་མིང་ལོག་པར་སྤྱོད་པ་ལས་འོས་མེད་དོ།
དཔེ་ཡག་པོ་འདུག
བདེན་གཏམ་དུས་ཐོག་ཆར་བ|