མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་ཁང་ནང་མཁན་པོ་མུན་སེལ་རིན་པོ་ཆེར་མཇལ་བ། དང་པོ།

བོད་ཀྱི་དུས་བབ།
༢༠༢༡/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

–མུ་འགོད་རྩོམ་ཡིག་འདི་ནི་གུས་པས་སྐྱབས་རྗེ་མགར་ཆེན་རིན་པོ་ཆེའི་མཛད་རྣམ་དབྱིན་དེབ་<<ཚེ་རབས་ཀྱི་བླ་མ་>>ཞེས་པའི་དེབ་གཉིས་པ་ལས་བདམས་ཏེ་བསྒྱུར་པ་ཞིག་ཡིན།

ཀླུ་སྨྱོན་ཧེ་རུ་ཀའམ་སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས།

ཉིན་ཞིག ཨ་ལྡེའུ་རིན་པོ་ཆེས་ང་ལ། ཁྱེད་ཀྱིས་ངེས་པར་དུ་མཁན་པོ་མུན་སེལ་མཇལ་དགོས། ཁོང་ཀཿཐོག་དགོན་པ་ནས་ཡིན་པ་དང་རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པའི་ཉམས་ལེན་ལ་བརྟེན་ནས་རྟོགས་པ་ཚད་མཐོན་པོ་བརྙེས་པ་ཞིག་རེད། ཁོང་ནི་ཧ་ཅང་དམིགས་བསལ་བ་ཞིག་རེད། ཁོང་ནི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཀློང་ཆེན་རབ་འབྱམས་པའི་སྐུའི་ཟློས་གར་ཞིག་རེད། དེ་བཞིན་ཀཿཐོག་མཁན་པོ་ངག་དབང་དཔལ་བཟང་གི་སློབ་མ་ཞིག་ཀྱང་རེད། ཁྱེད་ངེས་པར་དུ་གོ་སྐབས་ཤིག་བཟུང་སྟེ་ཁོང་ལ་མཇལ་དགོས། ཞེས་གསུངས་བྱུང་།

ཁོང་གིས་ད་དུང་མཁན་པོ་མུན་སེལ་ང་ཚོའི་བཙོན་ཁང་དུ་གནས་སྤོས་མ་བྱས་པའི་སྔོན་དུ་རྫོང་གི་བཙོན་ཁང་དུ་ལོ་གཅིག་ལྷག་བཞུགས་པ་དང་། ཁོང་ལ་ནག་ཉེས་ཚབས་ཆེ་ཤོས་དེ་བཀལ་ནས་འཛིན་བཟུང་བྱས་པ་མ་ཟད་གྲོངས་ལ་ཁད་ཀྱི་རྡུང་རྡེག་ཀྱང་བཏང་འདུག ཁོང་ལ་འདྲི་གཅོད་བྱེད་པའི་སྐབས་དེར། ཁོང་གིས་འཇབ་རྒོལ་གྱི་བརྒྱུད་རིམ་ཧྲིལ་བོར་ཐུགས་དགོངས་ཞི་བདེའི་ངང་དུ་གནས་པ་ཞིག་གནང་འདུག ཁོང་ལ་ཚབས་ཆེའི་ནག་ཉེས་ཀྱི་གྱོད་དོན་བཙུགས་རྗེས། མཁན་པོ་མུན་སེལ་ཉེན་ཁ་ཆེས་ཚབས་ཆེ་བའི་བཙོན་ཁང་དུ་བཅུག་འདུག དེ་འདྲ་བའི་བཙོན་ཁང་དུ་བཅུག་པའི་སྐབས་སུ་ཡང་ཁོང་ལ་རང་དབང་ཆ་ཚང་བ་ཞིག་ཡོད། དེ་ནི་ས་གནས་སྲིད་གཞུང་དང་རྒྱལ་ཁབ་ཀྱིས་སྤྲད་པ་ཞིག་མིན་པར་རང་བཞིན་གྱིས་བྱུང་བ་ཞིག་རེད་འདུག དེ་ནི་བཙོན་ཁང་ངམ་སྲིད་གཞུང་གིས་གནང་བ་ཞིག་མིན་པར་ཁོང་གི་ཁྱད་དུ་འཕགས་པའི་ལས་དབང་གིས་བྱུང་བ་ཞིག་རེད།

བཙོན་ཁང་ནང་དུ། རྒྱ་མིའི་ལས་བྱེད་ཚོས་བཙོན་མ་ཚོའི་རྐང་པར་ཁབ་གཙགས་བྱས་ཏེ་ཁོ་ཚོས་རང་ཉིད་ཞ་འཐེང་ཡིན་ལུགས་ཀྱི་རྫུན་བཤད་མི་ཐུབ་པའི་ཁུངས་སྐྱེལ་བཙལ། སྐབས་དེར་རྒྱ་མིས་བཙོན་པ་ཚོར་ཁབ་བརྒྱབ་སྟེ་ནད་པ་མིན་པ་ཚོ་ཡང་ནད་པ་བཟོ་གི་ཡོད། དཔེར་ན། ཁ་ཆེའི་བླ་མ་ཞིག་བཙོན་ཁང་དུ་མ་ཡོང་སྔོན་གཟུགས་པོར་ན་ཚ་མེད་ཀྱང་རྒྱ་མིས་ཁབ་དེ་བརྒྱབ་པའི་རྗེས་སུ་ནད་པ་ཆགས་པ་ལྟ་བུ་རེད། ཁོ་རྗེས་སུ་ཞིང་ཁར་ངལ་རྩོལ་བྱེད་དུ་བཏང་བ་རེད། གང་ལྟར། ང་ཚོའི་བཙོན་ཁང་གི་སྨན་པའི་འགོ་བ་དེས་མཁན་པོ་མུན་སེལ་གྱི་ཞབས་རྐང་ལ་ཡང་ཁབ་གཙགས་བྱས་ཏེ་ཁོང་གིས་ངལ་རྩོལ་ལྕི་མོའི་རིགས་བྱེད་མི་དགོས་པའི་ཐག་གཅོད་བྱས་འདུག ཁོ་ཚོས་མཁན་པོ་མུན་སེལ་གྱི་ཞབས་རྐང་ལ་ན་ཚ་ཡོད་པའི་སྙན་ཞུ་སྤྲད་པ་དང་། ཁོང་གིས་ཞབས་གོམ་སྐྱོན་དུས་འཁར་རྒྱུགས་ཤིག་བསྣམ་གྱི་ཡོད། མཁན་པོ་མུན་སེལ་གྱིས་བཙོན་ཁང་ནང་མགོ་ནས་མཇུག་བར་དུ་ལས་ཀ་གནང་མ་དགོས་པ་ཞིག་བྱུང་། རྒྱ་མིའི་ལས་བྱེད་ཚོས་ཁོང་ལ་ལག་བཟོའི་ལས་ཀ་ཞིག་སྒྲུབ་ཏུ་བཅུག་པ་དང་། དེ་བཞིན་ཉིན་རེའི་གསར་འགྱུར་དེ་རིགས་ཀྱང་ཀློག་ཏུ་བཅུག་སྟེ་དེའི་ནང་གི་རྩོམ་ཡིག་དེ་ཚོའི་ཟིན་ཐོ་ཞིབ་ཕྲ་རེ་འབྲི་རུ་བཅུག

མཁན་པོ་མུན་སེལ་ཚང་བཙོན་རོགས་ནད་པ་ཚབས་ཆེན་གསང་སྤྱོད་ཀྱི་སྣོད་ཕྱི་རོལ་ཏུ་བཤོ་བ་ཙམ་མ་གཏོགས་ལས་ཀར་འགྲོ་མི་ཐུབ་པ་དྲུག་དང་ལྷན་དུ་བཞུགས་པ་དང་། ཁོང་གིས་ཉི་མ་རྟག་པར་ཉིན་རེའི་ཚགས་པར་དེ་ཚོ་ཀློག་དགོས།

སྔོན་ཆད་ཀྱི་ཐོག་མའི་འདྲི་རྩད་ཀྱི་བརྒྱུད་རིམ་ཁྲོད་དུ། རྒྱ་མིའི་ལས་བྱེད་ཚོས་མཁན་པོ་མུན་སེལ་གྱི་མཚན་དེ་རང་ཁོང་གི་ཁྲིམས་མཐུན་གྱི་མིང་ཐོར་བྲིས། མི་དེ་ཚོས་མཁན་པོ་ཞེས་པའི་མིང་ཚིག་དེའི་གོ་དོན་ནི་གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་དབང་གི་མིང་ཡིན་པ་མི་ཤེས། དེར་བརྟེན། མཁན་པོ་མུན་སེལ་ང་ཚོའི་བཙོན་ཁང་དུ་གནས་སྤོས་བྱས་པའི་རྗེས་སུ་ཡང་། མི་ཚང་མས་ཁོང་ལ་ལུགས་སྲོལ་རྙིང་པ་རྒྱུན་འཛིན་བྱས་ནས་གསར་བརྗེར་ངོ་རྒོལ་གྱི་ཉེས་ཆད་བཅད་ཡོད་པ་ཞིག་དང་མི་འདྲ་བར་མུ་མཐུད་དུ་ “མཁན་པོ་མུན་སེལ་” ཞེས་འབོད་ཀྱི་ཡོད། དེ་བཞིན་རྒྱ་མིའི་ལས་བྱེད་མི་སྣས་ཀྱང་ཁོང་ལ་མཁན་པོ་ཞེས་འབོད་པ་དང་། ཁོང་གི་མིང་རྟགས་སྟེང་དུ་ཡང་མཁན་པོ་མུན་སེལ་ཞེས་བྲིས་ཡོད། ཁོ་ཚོས་མཁན་པོ་ཞེས་པ་དེ་ཁོང་གི་མིང་ཡིག་ཐོག་མ་དེ་རེད་བསམས་ཡོད།

ཨ་ལྡེའུ་རིན་པོ་ཆེས་ང་ལ་མཁན་པོ་མུན་སེལ་ཚང་དགུང་གྲངས་བཞི་བཅུ་ཞེ་དྲུག་ཞེ་བདུན་ཙམ་ཡིན་ལུགས་གསུངས་པ་དང་འབྲེལ།

“ཁྱེད་ཀྱི་པ་ལགས་བྱེད་རྒྱུའི་ལོ་ཚད་འདང་ངེས་ཤིག་ཡོད།” ཅེས་ཚིག་མཇུག་བསྡུས།

མཁན་པོ་མུན་སེལ་ཚང་ནི་ཨ་མདོའི་མགོ་ལོག་ལྕགས་མོའི་ཡུལ་དུ་བོད་མེ་འབྲུག་སྤྱི་ལོ་ ༡༩༡༦ ལོའི་དགུན་ཁའི་ཟླ་བ་ཞིག་གི་གནམ་གང་ཉིན་སྐུ་འཁྲུངས་འདུག དེར་བརྟེན་ཁོང་ང་ལས་ལོ་ཉི་ཤུ་རྩ་གཅིག་གིས་བགྲེས་པ་རེད་འདུག

 

དེ་ནས་ཉི་མ་གཅིག ངས་ན་རྫུ་བྱས་ཏེ་མཁན་པོ་མུན་སེལ་རིན་པོ་ཆེར་མཇལ་དུ་ཕྱིན་པ་ཡིན།

བཙོན་པ་མང་པོའི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་བྱེད་མཁན་སྨན་པའི་འགོ་བ་ང་ལ་ཆ་རྒྱུས་ཡག་པོ་ཡོད་པ་ཞིག་གིས། ཉིན་དེར་ང་ལ་ལས་ཀར་འགྲོ་མི་དགོས་པའི་ཆོག་མཆན་སྤྲད་བྱུང་། མཁན་པོ་མུན་སེལ་གྱི་བཞུགས་ས་དེ་ངའི་སྡོད་གནས་ནས་ཐག་རིང་པོ་མེད་པ་ཞིག་ཏུ་ཡོད། དོན་དངོས་སུ་དེ་ནི་ངའི་སྡོད་གནས་དང་མུ་འབྲེལ་གཅིག་པ་རེད། དེར་བརྟེན། ང་ཕྱི་རོལ་གྱི་གསང་སྤྱོད་དུ་འགྲོ་བའི་ལམ་བར་ནས་མྱུར་དུ་ཁོང་གི་བཞུགས་གནས་སུ་སོང་བ་ཡིན།

ངས་ལོ་དེ་ཧ་ཅང་གསལ་བོར་དྲན་སོས། དེ་ནི་སྤྱི་ལོ་ ༡༩༦༢ ལོ་ཡིན། ངས་ད་དུང་དེའི་སྔོན་ཙམ་དེར་ང་ཚོའི་བཙོན་ཁང་གི་གནས་སྟངས་ལ་འགྱུར་བ་ཕྲན་བུ་བཏང་བ་དེ་ཡང་དྲན་སོས། དེ་ནས་སྤྱི་ལོ་ ༡༩༦༣ ལོར། བཙོན་ཁང་གི་ཟ་མའི་གནས་སྟངས་ཅུང་ཟད་ཇེ་ལེགས་སུ་བཏང་བ་དང་། དེ་བཞིན་བཙོན་མའི་སྒྲིག་ཁྲིམས་དེ་ཚོ་ཡང་ཅུང་ཟད་གུ་ཡངས་སུ་ཕྱིན།

ང་ཁང་ཆུང་དེའི་ནང་དུ་འཛུལ་དུས། མཁན་པོ་མུན་སེལ་ཚང་ཁོང་གི་འཁར་རྒྱུགས་དེ་འཁྲིས་སུ་བཞག་སྟེ་བཞུགས་འདུག ངས་ཁོང་ལ་གུས་ཞབས་དང་བཅས་ཨ་ལྡེའུ་རིན་པོ་ཆེ་དང་བླ་མ་གཞན་དག་ལས་ཁོང་གི་སྐོར་གོ་ཐོས་བྱུང་ལུགས་ཞུས་པ་ཡིན།

“ཁྱོད་ཀྱི་མིང་ལ་ཅི་ཟེར། དགོན་པ་གང་ནས་ཡིན།”

མཁན་པོ་མུན་སེལ་གྱིས་ང་ལ་གཟིགས་པ་དང་མགྱོགས་པོར་ཁེངས་སྐྱུངས་ཀྱི་གསུང་གདངས་དང་བཅས་ངའི་ལོ་རྒྱུས་བཀའ་འདྲི་གནང་བྱུང་། ངས་ཆེས་ཐོག་མར་མཁན་པོ་མུན་སེལ་གྱི་གསུང་དེ་ཐོས་པ་དང་མཉམ་དུ་ངས་རང་གི་དྲིན་ཆེན་རྩ་བའི་བླ་མ་མགར་འཆི་མེད་རྡོ་རྗེ་མཆོག་དྲན་བྱུང་བ་དང་། སྐད་ཅིག་མ་དེའི་རིང་ལ། མཁན་པོ་མུན་སེལ་ཚང་གི་འོད་འབར་བའི་སྤྱན་མིག་ནག་པོ་དེའི་གཏིང་ཟབ་པའི་གྲིབ་མར་གུས་པ་ཆེན་པོ་ཞིག་སྐྱེས་བྱུང་།

ངས་སྔོན་ཆད་ཐོས་པ་ལྟར། མཁན་པོ་མུན་སེལ་ཚང་ལ་ “ཁང་གསར་བན་ཡག་མ་” ཞེས་པའི་མཚན་ཞིག་ཐོགས་མྱོང་བ་དང་། དེ་དུས་ཁོང་ནི་སྤྱང་གྲུང་དང་ཤེས་རབ་འཛོམས་པའི་གཞོན་ནུ་ཞིག་ཡིན་འདུག ངས་མཐའ་མར་ཁོང་གི་དྲུང་དུ་བཅར་དུས་ངས་དེ་བདེན་པ་ཡིན་པ་རྟོགས་བྱུང་། ཆེས་དམིགས་བསལ་བ་དང་མཉེས་གཤིན་གྱི་ནུས་ཤུགས་ཁྱད་པར་བ་ཞིག ཁོང་གི་དོ་སྣང་བྱེད་དགོས་པའི་ཉམས་འགྱུར་གྱི་ཁྱད་ཆོས་དང་། ཁོང་གི་ཕུལ་དུ་བྱུང་བ་དག ཁོང་གི་མཛེས་སྡུག་ལྡན་པའི་མཇོང་དབྱིབས་ཀྱི་ཞལ་རས་དང་གཏིང་ཟབ་ཅིང་ཟབ་པའི་སྤྱན་ཟུང་ལས་མཆེད་ཡོང་གིན་འདུག

 

མི་ཚེ་འདིའི་ནང་གློ་བུར་དུ་མཁན་པོ་མུན་སེལ་རིན་པོ་ཆེ་མཇལ་བའི་ཚོར་སྣང་ནི། ཡུལ་གྱར་བའི་ཕྲུ་གུ་ཞིག་གིས་ཐག་རིང་ངལ་དུབ་ཀྱི་འགྲུལ་བཞུད་ཅིག་གི་རྗེས་སུ་བསམ་ཡུལ་ལས་འདས་པའི་ངང་ནས་རང་གི་ཁྱིམ་གཞིས་རྙེད་པ་འདྲ་བོ་ཞིག་བྱུང་། དེ་བཞིན་དེ་ནི་རང་ཉིད་ལ་ཡོད་པའི་བྱམས་བརྩེ་ཅན་གྱི་ཡབ་ཆེན་ཞིག་ཡོད་པ་ངོས་མ་ཟིན་པ་དང་ཡང་འདྲ། ང་རང་དུས་ཡུན་རིང་པོའི་ནང་གི་སེམས་ནང་གི་ཡི་ཆད་ཀྱི་གནོན་ཤུགས་དེའི་ཀློང་ནས་འཛེམ་དོགས་མེད་པར་ཁོང་གི་པང་དུ་འགྱེལ་འདོད།

ང་རང་ཉིད་ཀྱི་བླ་མར་བཙོན་ཁང་ནང་གློ་བུར་དུ་མཇལ་བ་དེ་དེ་འདྲའི་སྟབས་བདེ་བོ་ཞིག་ཡིན་ཡང་། ཁོང་གི་རྩ་ཆེ་བའི་བྱིན་རླབས་ཀྱིས་ང་རང་ཉེས་ལྟུང་ལས་བསྐྱབས་སོང་།

ཐོག་མའི་དུས་སུ། བཙོན་ཁང་ནི་ང་ལ་མཚོན་ན་དམྱལ་བ་རང་རེད། བར་དུ། ངས་མཁན་པོ་མུན་སེལ་རིན་པོ་ཆེ་མཆོག་མཇལ་བའི་རྗེས་སུ། ངལ་རྩོལ་ལྕི་མོ་དེ་ཚོ་ན་ཟུག་ཅན་དང་འབྲས་བུ་མེད་པར་བསམས་པ་དེ་ཚོ་ག་ལེར་ངའི་ཉིན་རེའི་ནང་ཆོས་ཀྱི་ཉམས་ལེན་དུ་གྱུར་སོང་། ཆེས་མཇུག་མཐའི་གནས་སྐབས་སུ། ངའི་བླ་མའི་གཏིང་མཐའ་གཞལ་ཐབས་བྲལ་བའི་བྱམས་བརྩེའི་བཀའ་དྲིན་ལ་བརྟེན་ནས། བཙོན་ཁང་དེ་རིན་པོ་ཆེའི་གླིང་ལྟ་བུར་གྱུར་སོང་། ངའི་དགྲ་བོར་བཅངས་པའི་ཞེ་འཁོན་དང་སྡང་སེམས་དེ་ཚོ་ཡོངས་སུ་ཞི་བར་གྱུར། ང་བཙོན་ཁང་ནས་ལག་པ་སྟོང་པར་ཕྱིར་ལོག་དགོས་བྱུང་མ་སོང་།

སྡུག་བསྔལ་དང་ཟུག་གཟེར་དེ་ཚོ་གསེར་འགྱུར་གྱི་རྩི་རུ་གྱུར་སོང་། ངས་མཁན་པོ་མུན་སེལ་གྱི་བཀའ་སློབ་ལམ་སྟོན་འོག་ནས་རང་ཉིད་ཀྱི་གཞན་ཕན་སྨོན་འདུན་དེ་ཚོ་འཕེལ་རྒྱས་སུ་གཏོང་ཐུབ་སོང་ལ། དེ་ཚོ་བརྒྱུད་ནས་ངས་རང་ཉིད་ཀྱི་འཇིག་རྟེན་མི་ཡི་སྐྱེ་བ་འདིའི་དོན་སྙིང་དེ་སྒྲུབ་ཐུབ་སོང་། ཡིན་ན་ཡང་ངས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་བརྗོད་ཐུབ་པ་ཞིག་སྟེ། སྡུག་བསྔལ་ནི་ང་ལ་རིན་ཐང་བྲལ་བའི་ལམ་སྟོན་གནང་མཁན་གྱི་བླ་མ་དང་སློབ་དཔོན་ངོ་མ་དེ་རེད། སྡུག་བསྔལ་ནི་ངའི་ཆེས་རླབས་ཆེ་བའི་སློབ་དཔོན་དེ་ཡིན།

དེའི་རྐྱེན་གྱིས། ངའི་བཙོན་ཁང་གི་དུས་ཚོད་དེ་ཚོ་རིན་པོ་ཆེ་རུ་གྱུར། དོན་དག་སྙིང་པོ་དེ་ལས་ངས་ཁྱེད་ཀྱིས་རང་གི་དགྲ་བོར་ཡང་དམིགས་ཏེ་བྱམས་བརྩེའི་ཉམས་ལེན་བྱེད་ཐུབ་པའི་ངེས་ཤེས་རྙེད། དེ་ནི་ཆེས་རླབས་ཆེ་བའི་བྱམས་བརྩེ་དེ་དང་དེ་ནི་བྱང་ཆུབ་ཀྱི་སེམས་སུ་འགྱུར་ཐུབ།

ངས་མཁན་པོ་མུན་སེལ་ཚང་ལ་ཁ་གསལ་བོའི་སྒོ་ནས་བཀའ་ཆོས་གསུང་སྐུལ་ཞུ་མི་ཕོད་པ་ནི་བརྗོད་མ་དགོས་པ་ཞིག་རེད། དེ་ནི་དྲི་བ་མེད་པར་བཀག་འགོག་བྱས་ཡོད་པ་ཞིག་རེད།

ངེད་གཉིས་ཐེངས་མང་པོ་ཞིག་ལ་གསང་སྤྱོད་ནང་དུ་མཇལ་འཕྲད་བྱུང་བ་དང་། དོང་དབྱིབས་གསང་སྤྱོད་ནང་དུ་བཀའ་མོལ་བསྡུས་པ་རེ་ཟུང་ཞུ་རྒྱུ་བྱུང་། སྐབས་རེར་མི་སུ་ཡང་ཉེ་འཁོར་དུ་མེད་དུས་ངེད་གཉིས་ཀྱིས་དྲི་བ་དྲིས་ལན་ཏོག་ཙམ་རེ་བྱེད་རྒྱུ་བྱུང་། དེར་བརྟེན། ཁྱེད་ཀྱིས་གསང་སྤྱོད་ཁང་དེ་ནི་ངེད་གཉིས་སྒེར་གྱི་འདུ་འཛོམས་བྱེད་སའི་ས་ཆ་དེ་རེད་ཅེས་བརྗོད་ཆོག

གཟའ་ཉི་མ་དེ་ཚོ་ནི་བཙོན་ཁང་ནང་གི་ངལ་གསོའི་ཉི་མ་དེ་ཡིན། ཉིན་དེར་ང་ཚོ་རང་གི་བཙོན་གྲོགས་གཞན་དག་གི་ཁང་པར་ཡང་བསྐྱོད་ཆོག སྐབས་དེར་དུས་ཚོད་མང་ཆེ་བར་ང་ཚོས་བཙོན་གྲོགས་ཚོ་དང་མཉམ་དུ་རང་རང་གི་མི་ཚེའི་བྱུང་བ་བརྗོད་ཆོག་གི་ཡོད་པས། ངས་ཀྱང་གཟའ་ཉི་མ་ཕལ་མོ་ཆེར་ཁོ་ཚོར་ཐུག་འཕྲད་བྱེད་ཀྱི་ཡོད། ང་རང་ཁོང་ཚོར་ངའི་འདས་དུས་ཀྱི་ཉེན་མཆོང་དེ་ཚོའི་སྐོར་བརྗོད་རྒྱུར་དགའ་བོ་ཡོད། མཚམས་རེར་གཏམ་རྒྱུད་དེ་ཚོ་རང་བཞིན་གྱི་རང་ཕྱིར་ཐོན་ཡོང་གི་ཡོད་པ་དང་། ང་ལ་ངའི་གྲོགས་པོ་ཚོར་བཤད་པའི་སྐད་ཆ་དེ་ཚོའི་སྟེང་ནས་རྙོག་དྲ་བཟོ་མཁན་མེད། རང་རང་གི་བྱུང་བ་བརྗོད་རེས་བྱེད་པ་དེ་ནི་སྐབས་དེའི་དགའ་མོས་ཆེ་ཤོས་ཤིག་ཡིན། ཉིན་གཅིག ངས་གྲོགས་པོ་ཁག་ཅིག་ལ་ངས་རང་གི་ཚོགས་པ་དེ་གང་ཡིན་དང་ང་དེར་ཇི་ལྟར་འཛུལ་ཞུགས་བྱས་ལུགས་བརྗོད་པ་ཡིན་ལ། ངས་ཇི་ལྟར་རྒྱ་དམག་ལ་རྒོལ་འཛིང་བྱས་ལུགས་ཀྱང་བརྗོད་པ་ཡིན། མཁན་པོ་མུན་སེལ་ཚང་ཡང་དེར་བཞུགས་ཡོད་པ་དང་། ཁོང་གིས་ཏན་ཏན་ཏིག་ཏིག་གིས་གསན་བཞིན་འདུག

སྐབས་དེར། ངས་ཁོང་ཚོར། “མི་རེ་ཟུང་གིས་ང་ལ་གལ་སྲིད་ངས་རྒྱ་དམག་ཅིག་བསད་པ་ཡིན་ན། ངས་མཆོད་རྟེན་ཞིག་བཞེངས་པའི་བསོད་ནམས་གསོག་ཐུབ། ཅེས་བརྗོད་བྱུང་།”

མཁན་པོ་མུན་སེལ་ཚང་གིས་ངའི་འགྲེལ་བརྗོད་དེ་གསན་ནས་དངངས་སྐྲག་སྐྱེས་ཡོད་པ་ཏན་ཏན་རེད་འདུག ཁོང་གིས་ང་ལ་གཤེ་གཤེ་གཏོང་བཞིན། “དེ་ཚོ་སྐྱར་ཟློས་མ་བྱེད། མི་སུ་ཞིག་གིས་དེ་ལྟར་བརྗོད་པ་ཡིན་ན་ཡང་། མི་དེ་ཚོ་ནི་ནང་པ་སངས་རྒྱས་པ་ཞིག་མ་རེད། མི་དེ་ཚོས་སྐད་ཆ་དེ་འདྲ་ཞིག་བཤད་པ་ཡིས་ཁོ་ཚོ་ནང་པ་སངས་རྒྱས་པ་ཞིག་ཏུ་འགྱུར་མི་ཐུབ།”

རེད། ཡིན་ན་ཡང་ངས་བསམས་ན་དེ་ནི་བདེན་པ་རེད། ངའི་སེམས་ནང་གི་འཐབ་འཛིང་བ་གཞོན་ནུ་དེས་ལམ་སེང་རྩོད་པ་རྒྱག་མགོ་བཙུགས་བྱུང་།

“རྒྱུ་མཚན་ནི་རྒྱ་མིའི་དམག་མི་དེ་ཚོ་ནི་སངས་རྒྱས་ཀྱི་དམ་པའི་ཆོས་ཀྱི་དགྲ་བོ་རེད།” དེ་ནས་ངས། “དེ་ཚོས་དམ་པའི་ཆོས་བསྣུབས་པ་དང་ང་ཚོ་མུན་ནག་གི་བསྐལ་པའི་ནང་དུ་ཁྲིད་སོང་། གསང་སྔགས་རྡོ་རྗེ་ཐེག་པ་ལྟར་ན་དེ་བདེན་པ་མ་རེད་དམ། གལ་སྲིད་མི་ཞིག་སྡིག་པའི་དབང་དུ་སོང་སྟེ་གཞན་ལ་གནོད་འཚེ་བཏང་བ་དང་། ཁྱེད་ཀྱིས་མི་དེ་སྤྱང་གྲུང་གི་སྒོ་ནས་སྡིག་པའི་ལས་ཚབས་ཆེན་དེ་ལས་སྐྱོབ་དགོས་པ་ཞིག་མ་རེད་དམ། དེའི་ཕྱིར་དེ་ཚོ་ལ་དགོངས་པ་སྤྲད་ཡོད་པ་མ་རེད་དམ། སངས་རྒྱས་ཀྱིས་ཀྱང་ཁོང་གི་སློབ་པ་ལམ་གྱི་གནས་སྐབས་སུ་སྡིག་ཅན་ཞིག་གིས་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་གསོད་པའི་ལས་ངན་ལས་བསྐྱབས་ཡོད་པ་མ་རེད་དམ།”

 

མཁན་པོ་མུན་སེལ་ཚང་གིས་ངའི་འགྲེལ་བཤད་དེ་ཚོ་གསན་པས་ཁོང་ལྷག་པར་དུ་ཐུགས་ཕམ་བྱུང་བ་རེད། ཁོང་གིས་ང་ལ་ཡང་སྐྱར་གཤེ་གཤེ་བཏང་བ་དང་ལྷན་དུ་འགྲེལ་བཤད་ཧ་ཅང་སྟབས་བདེ་བོ་ཞིག་བསྐྱོན་གནང་བྱུང་།

“ང་ཚོའི་ལུང་པར་འཐབ་འཛིང་གི་ཆེད་དུ་བསླེབས་པའི་རྒྱ་མིའི་དམག་མི་དེ་ཚོར་བསམ་བློ་ཞིག་ཐོངས་དང་། དེ་ཚོ་དམག་སྐུལ་བྱས་ཏེ་ཡོང་བ་ཞིག་རེད། དེ་ནི་གོང་རིམ་གྱི་བཀོད་འདོམས་ལས་བྱུང་བ་རེད། དེ་ནས་དེ་ཚོ་འཐབ་འཛིང་པར་གྱུར་པ་རེད། དེ་ཚོས་རང་ཉིད་ཀྱིས་མི་སུ་འདྲ་ཞིག་གསོད་ཀྱི་ཡོད་པ་ཡང་ཤེས་ཀྱི་ཡོད་པ་མ་རེད། དེ་བཞིན་དེ་ཚོས་ཁོ་ཚོ་གསོན་པོར་ཕྱིར་ལོག་སྟེ་ཡང་སྐྱར་རང་རང་གི་ནང་མི་དང་གཉེན་ཉེ་ཚོར་འཕྲད་རྒྱུ་ཡོད་མེད་ཙམ་ཡང་ཤེས་ཀྱི་ཡོད་པ་མ་རེད།”

“གལ་སྲིད་ཁྱེད་རང་ཁྱེད་ཀྱིས་བཤད་པ་ལྟར་ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་ན།” མཁན་པོ་མུན་སེལ་ཚང་གིས་རྩོད་པ་བསྐྱོན་སྟེ། “དེ་ནས་ང་རང་ཚོའི་སྟེང་དུ་གནས་ཚུལ་ག་རེ་བྱུང་བ་ཡིན་ན་ཡང་དེ་ནི་ང་རང་ཚོའི་སྐྱེ་བ་སྔོན་མའི་ལས་འབྲས་དེ་ཚོ་རེད། རྒྱ་མིས་ང་ཚོའི་ལུང་པར་ག་རེ་བྱས་པ་དེ་ཚོ་དང་། ང་ཚོའི་མི་དམངས་ཀྱི་འཇིགས་སྣང་། དེ་ཚོ་ནི་གུང་ཁྲན་ཏང་གཅིག་པོས་ང་ཚོར་སྡུག་བསྔལ་སྤྲད་པ་ཙམ་ཞིག་མ་རེད། ང་ཚོ་ནི་ང་ཚོ་རང་ཉིད་ཀྱི་སྡུག་བསྔལ་འཆར་འགོད་བྱེད་མཁན་དེ་རང་རེད།

སྐྱེ་བ་གྲངས་མེད་པ་ཞིག་བརྒྱུད་པའི་རིང་ལ། ཁྱེད་དང་ང་། སེམས་ཅན་ཐམས་ཅད་ཀྱིས་རང་རང་གི་ལས་འབྲས་ཀྱི་ས་བོན་འདེབ་ལེན་བྱས་ནས་ཡོང་བ་རེད། ད་ལྟ་རྐྱེན་ངན་རང་ཐོག་ཏུ་སྨིན་ཡོང་དུས། ང་ཚོས་མེ་ཏོག་གི་ཁ་ཕྱེས་པ་ཙམ་ཞིག་མཐོང་བ་རེད། ཡིན་ན་ཡང་། གུང་ཁྲན་ཏང་ནི་ལྷན་ཅིག་བྱེད་རྐྱེན་ཙམ་ཞིག་རེད།”

“དེར་བརྟེན། ད་ལྟ་ང་ཚོས་མྱོང་བཞིན་པའི་སྡུག་བསྔལ་འདི་དག་གི་རྒྱུ་གང་ཞིག་རེད།” མཁན་པོ་མུན་སེལ་གྱིས་བཀའ་འདྲི་གནང་རྒྱུར།

“རྒྱུ་དེ་ཚོ་ནི་འདོད་ཆགས་དང་ཞེ་སྡང་། གཏི་མུག་དང་ང་རྒྱལ། ཕྲག་དོག་ལ་སོགས་པ་རེད། དེ་ཚོ་ནི་སྡུག་བསྔལ་གྱི་རྒྱུ་ངོ་མ་དེ་ཚོ་རེད། དེ་ཚོས་ང་ཚོ་སྡུག་བསྔལ་བར་བྱས་པ་རེད། ཇི་སྲིད་དེ་ཚོ་ཡོད་པ་དེ་སྲིད་དུ་ཁྱོད་རང་གནས་གང་ཞིག་ཏུ་ཡོད་མེད་ལ་མ་ལྟོས་པར་ཁྱེད་རང་གྲངས་མེད་པའི་སྡུག་བསྔལ་ལ་སྦྱོར་གྱི་རེད།

གལ་སྲིད་ཁྱེད་ཀྱིས་དངོས་གནས་ལས་རྒྱུ་འབྲས་ཧ་གོ་བ་དང་། གལ་སྲིད་ཁྱེད་ཀྱིས་ལས་འབྲས་ཀྱིས་ཁྱེད་རང་གི་སེམས་རྒྱུད་དུ་ཐོག་མ་དང་མཐའ་མར་བག་ཆགས་འཇོག་སྟངས་ཧ་གོ་བ་ཡིན་ན། དེ་ནི་མི་ཚེ་གཅིག་པོར་ཕན་པ་ཙམ་དུ་མ་ཟད། ཁྱེད་རང་གི་སྐྱེ་བ་ནས་སྐྱེ་བ་དང་ཚེ་རབས་ནས་ཚེ་རབས་སུ་ཕན་ཐོགས་ཡོད་པ་ཞིག་རེད།

ལས་འབྲས་ཀྱི་གོ་དོན་རྟོགས་པ་དེ་ཁྱེད་རང་གཅིག་པོ་ཙམ་ཞིག་མ་ཡིན་པར་རང་གཞན་གཉིས་ཕན་ཞིག་རེད། གལ་སྲིད་ཁྱེད་ཀྱིས་དངོས་གནས་ལས་འབྲས་ཀྱི་གོ་དོན་རྟོགས་པ་ཡིན་ན། ཞེ་འཁོན་ལས་ཐར་བ་དང་གཞན་ཕན་གྱི་བསམ་བློ་བསྐྱེད་ཀྱི་རེད། དེས་སེམས་ཅན་གཞན་ལ་ཕན་ཐོགས་འབྱུང་གི་རེད་ལ། ཁྱེད་རང་དང་ཁྱེད་ཀྱིས་དགྲ་རུ་འཛིན་པའི་སེམས་ཅན་དེ་ཚོར་ཡང་ཕན་ཐོགས་འབྱུང་གི་རེད།”

མཁན་པོ་མུན་སེལ་གྱིས་འདི་ལྟ་བུའི་བཟོད་སྒོམ་དང་འཆར་སྣང་གསལ་འདོན་གྱི་བྱམས་བརྩེའི་བཀའ་སློབ་ཚར་གཅིག་གཉིས་ཙམ་གནང་བ་མ་ཡིན་པར། རྗེས་སུ་ང་ལ་དགོས་པའི་གདམས་ངག་དེ་ཚོ་ཡང་ནས་ཡང་དུ་སྐྱར་ཟློས་གནང་སྟེ་གསུངས་བྱུང་།

 

དོན་དངོས་སུ། ངས་མི་ཚང་མས་སྡུག་བསྔལ་ག་འདྲ་བྱས་ནས་མྱོང་གི་ཡོད་པ་དེ་ང་རང་གི་མིག་གིས་མཐོང་བྱུང་། བཙོན་མ་ཚོ་ཙམ་ཞིག་མ་ཡིན་པར་དམག་མི་ཚོ་དང་ལས་བྱེད་ཚོ་ཡང་དེ་བཞིན་རེད།

ལས་འབྲས་ནི་ནོར་འཁྲུལ་མེད་པ་ཞིག་ཡིན་པ་དང་། ནམ་ཞིག་དེ་མི་རྟག་པ་དང་མཉམ་དུ་བསྡོངས་དུས། དེས་གནས་སྟངས་ཡོད་ཚད་བསྐྲུན་ཐུབ།

ངས་ནམ་རྒྱུན་ཁྱེད་ཚོར་རྗོད་ཀིན་ཡོད་པ་དེ་ཚོ་ལྟར། ང་ཚོས་སུ་ཞིག་ང་ཚོའི་གྲོགས་དང་གང་ཞིག་རང་གི་དགྲ་ཡིན་པ་དེ་གཏན་ཁེལ་ཐུབ་ཀི་མ་རེད། མི་ཞིག་མི་ཚེ་འདིར་དགྲ་རུ་སྣང་གི་ཡོད་ན་ཡང་ཚེ་སྔོན་མ་ཚོར་དེ་ནི་ཁྱེད་རང་གི་བརྩེ་བའི་ཕ་མ་དང་དགའ་ས་དེ་ཡིན་པ་རེད། ཁོང་ཚོས་ང་ཚོར་བཟོད་བསྲན་དང་ཟོལ་མེད་ཀྱི་བྱམས་བརྩེས་གཅེས་སྐྱོང་གནང་ཡོད་པ་རེད།

ཚད་ངེས་ཅན་ཞིག་གི་སྟེང་ནས་ང་ཚོས་ཁོ་ཚོ་དོར་བ་དང་མགོ་སྐོར་བཏང་བ་རེད། ཁོ་ཚོའི་སེམས་ནང་འཁོན་འཛིན་དང་ཁོང་ཁྲོ་ཆེ་རུ་ཕྱིན་ཡོད། བརྩེ་བ་དང་བཟོད་སྒོམ་ནི་སེམས་ཀྱི་དུག་ཆེན་རིགས་ཤིག་ཏུ་གྱུར། དེར་བརྟེན། ཁོ་ཚོས་སྐྱེ་བ་སྔོན་མར་ང་ཚོར་སྤྲད་པ་དེ་དག་ཕྱིར་ལེན་རྩིས་བྱས་པ་ཇི་བཞིན། ལས་ཀྱི་འཁོར་ཤུགས་ཀྱིས་ཁོ་ཚོ་ང་ཚོའི་མདུན་དེར་བསྐྱལ་པ་རེད། ཡིན་ན་ཡང་དེ་ནས། ལས་ཀྱི་ནུས་པ་མ་ཟད་བར་དུ་ཕན་ལྡན་གྱི་གནས་བབ་ནི་མིག་རྡེབ་མཚམས་སུ་ཇེ་ངན་དུ་འགྱུར་སྲིད།

དྭངས་གསལ་གྱི་ཉིན་མོ་ཞིག་ལ། རྒྱ་མིའི་དམག་མི་ཞིག་ང་རང་སྡོད་སའི་བཙོན་པའི་སྡོད་ཁང་དེར་བཅུག་བྱུང་། ངས་སྐབས་དེར་རྒྱ་མིའི་སྐད་བཤད་ཤེས་ཀྱི་མེད། ཡིན་ན་ཡང་། བོད་པའི་བཙོན་མ་རེ་ཟུང་གིས་རྒྱ་སྐད་ཕྲན་བུ་ཞིག་བཤད་ཤེས་ཀྱི་ཡོད། རྒྱ་མི་དམར་པོའི་དམག་མི་དེས་ཁོས་འདས་པའི་དུས་ཚོད་ནང་ཅི་ཞིག་བྱས་པ་དེ་ང་ཚོར་བརྗོད་བྱུང་། ཟིང་འཁྲུག་སྐབས་ཁོ་རང་ནང་ཆེན་དུ་ཡོད་པ་དང་། ཁོ་ནི་གནམ་གྲུའི་ཁ་ལོ་བ་ཞིག་ཡིན་པ་དང་གནམ་གྲུ་ལས་འབར་རྫས་གཡུག་གི་ཡོད་འདུག ཁོ་ནི་རྒྱ་མིར་རྒྱབ་སྐྱོར་བ་ཞིག་སྟེ། རྒྱ་མི་དམར་པོའི་སྲིད་གཞུང་ལ་རང་སྲོག་བློས་གཏོང་གི་ལས་ཀ་བྱས་ཏེ་བོད་རིགས་མི་དམངས་བཅིངས་འགྲོལ་གཏོང་མཁན་ཞིག་རེད། ཡིན་ན་ཡང་ད་ལྟ་ལས་ཀྱི་འབྲས་བུ་སྨིན་པ་དང་གློ་བུར་མི་རྟག་པའི་དབང་གིས། འཇིགས་སྐྲག་མེད་པ་དང་སྤོབས་པ་ཅན་གྱི་དམག་མི་འདི་ཡང་། ཁོ་རང་གིས་འབར་རྫས་གཡུགས་སའི་མི་དེ་ཚོ་དང་མཉམ་དུ་ཁང་པ་གཅིག་ཏུ་སྡོད་དགོས་བྱུང་འདུག

(མུ་འགོད།)

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese