ཀླུ་སྨྱོན་ཧེ་རུ་ཀའམ་སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་ཀྱིས་དབྱིན་ཡིག་ནས་བསྒྱུར།
མཚོ་སྔོན་གྱི་བཙོན་པ་ཚང་མའི་མགོ་དཔོན་དེའི་སྐོར་ལ་སྒྲུང་ཞིག་ཡོད་ཅིང་། མི་དེའི་མིང་ལ་སྐུ་ཞབས་ཝུའུ་ལིན་ཟེར་བ་དང་བཙོན་པའི་མགོ་བའི་ཁྲོད་ཀྱི་དབང་ཤུགས་ཆེ་ཤོས་དེ་རེད།
ངའི་བཙོན་གྲོགས་ཁ་ཤས་ཀྱིས་ཁོའི་ལྟ་རྟོག་འོག་ཏུ་ལས་ཀ་བྱས་འདུག སྐུ་ཞབས་ཝུའུ་ལིན་གྱིས་ཁོ་ཚོར་བཙོན་པ་ཁེར་འཇུག་བཙོན་ཁང་ཞིག་བཟོ་སྐྲུན་བྱེད་རྒྱུའི་བཀའ་ཕབ་འདུག ཁང་པ་འདི་ཚོ་ཧ་ཅང་ཆུང་ཆུང་དང་པང་གཅལ་ཨར་འདམ་གྱིས་བཟོ་དགོས། འདས་པའི་དུས་སུ་བཙོན་པ་ཁ་ཤས་ཀྱིས་པང་གཅལ་བྲུས་ནས་བྲོས་བྱོལ་དུ་ཕྱིན་འདུག རྒྱུ་མཚན་དེའི་རྐྱེན་གྱིས། ངའི་བཙོན་གྲོགས་ཚོས་ཁང་པའི་མཐིལ་དེ་ཧ་ཅང་མཐུག་པོ་ཞིག་བཟོས་འདུག མགོ་བ་ཡིན་པའི་ཆ་ནས་སྐུ་ཞབས་ཝུའུ་ལིན་ནི་ཁེར་འཇུག་བཙོན་ཁང་འདི་ལ་ཞིབ་བཤེར་བྱེད་མཁན་དེ་རེད།
རྗེས་སུ། མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེའི་སྲིད་འགྱུར་དྲག་པོ་དེ་བསླངས་ནས་མི་ཚང་མས་སྲོལ་རྒྱུན་གྱི་རྙིང་པ་ཡོད་ཚད་རྩ་གཏོར་བཏང་སྟེ། དམར་ཕྱོགས་རྩ་འཛུགས་ཀྱི་གཙོ་ཁྲིད་བསམ་བློ་དང་རྒྱབ་འགལ་དུ་སོང་བའི་ནོར་འཁྲུལ་ཤོར་སྲིད་པའི་མི་ཞིག་ཡིན་རུང་ཞུ་གཏུགས་བྱ་དགོས་པའི་སྐུལ་སློང་བྱས་པས། སྐུ་ཞབས་ཝུའུ་ལིན་ཡང་ཁོ་རང་ཉིད་ཀྱིས་བཀའ་ཕབ་དང་ལྟ་རྟོག་བྱས་ཏེ་འཛུགས་སྐྲུན་བྱས་པའི་ཁེར་འཇུག་བཙོན་ཁང་འདིའི་ནང་དུ་བཅུག་འདུག ཁོ་རང་ཁེར་འཇུག་བཙོན་ཁང་དེའི་ནང་དུ་གཟའ་འཁོར་གཅིག་གི་རིང་བསྡད་རྗེས་ང་དང་བཙོན་གྲོགས་གཞན་དག་ཡོད་སའི་བཙོན་ཁང་དཀྱུས་མའི་ནང་དུ་བཅུག་བྱུང་།
སྐུ་ཞབས་ཝུའུ་ལིན་འཛིན་བཟུང་གིས་ང་ཚོ་དང་མཉམ་དུ་བཞག་ཡོད་ཀྱང་། བཙོན་ཁང་གི་ལས་བྱེད་ཚོ་ད་དུང་ཁོ་ལ་སྐྲག་གི་འདུག ཁོ་རང་དེར་སྡོད་པའི་རིང་ལ། བཙོན་ཁང་གི་གནས་སྟངས་ཡག་ཏུ་ཕྱིན་པ་འདྲ་བོ་ཞིག་བྱུང་སོང་། ཟ་མ་མང་དུ་ཕྱིན་ཏེ་ང་ཚོར་བག་ལེབ་དེ་ཚོ་དུས་ཐོག་ཏུ་རག་བྱུང་། ནམ་རྒྱུན། ང་ཚོ་བཙོན་པ་ཚོར་ཟ་མ་རྒྱ་མ་གང་སྤྲོད་ཆོག་གི་ཡོད་ཀྱང་ལས་བྱེད་དེ་ཚོས་རྒྱ་མ་ཕྱེད་ཀ་ལས་སྤྲོད་ཀྱི་མི་འདུག གང་ལྟར། སྐུ་ཞབས་ཝུའུ་ལིན་བཙོན་ཁང་དུ་བསླེབས་པ་ནས་བཟུང་སྟེ། ང་ཚོར་ཟ་མ་ཏག་ཏག་ཅིག་རག་པ་མ་ཟད་ཡོད་ཚད་ཡག་ཏུ་ཕྱིན་སོང་། ང་ཚོ་བཙོན་པ་ཚོར་མཚོན་ན་སྐུ་ཞབས་ཝུའུ་ལིན་ནི་བྱིན་རླབས་ཤིག་རེད་ཨང་།
སྐུ་ཞབས་ཝུའུ་ལིན་བཙོན་གྲོལ་བཏང་བའི་རྗེས་སུ། དམར་ཕྱོགས་གཞུང་གིས་ཁོའི་ཆེ་མཐོང་སླར་གསོ་བྱས་ཏེ་སྔོན་མའི་གོ་གནས་དེར་རང་འཇགས་བཞག་སོང་། དེ་ནས་བཟུང་ཁོ་ངའི་གྲོགས་པོ་ཡག་པོ་ཞིག་ཏུ་གྱུར་སོང་བ་དང་། ལོ་མང་པོའི་རྗེས་སུ། ང་རང་བཙོན་ཁང་ནས་གློད་གྲོལ་བཏང་བ་དང་། ཁོས་ང་ཚོ་རིན་པོ་ཆེ་ཁ་ཤས་ཤིག་ཁོའི་ཁང་པའི་ནང་དུ་གསོལ་སྟོན་ལ་མགྲོན་འབོད་བྱས་ཏེ་ང་ཚོ་སྐུ་མགྲོན་ཞིག་ཏུ་བརྩིས་ནས་སྣེ་ལེན་བྱས་བྱུང་།
ཐེངས་ཤིག་མཁན་པོ་མུན་སེལ་གྱིས་ང་ལ། “ཁྱེད་ན་གཞོན་ཡིན་དུས་ཉམས་ལེན་ཅི་ཞིག་བྱས་པ་ཡིན།” ཞེས་དྲིས་བྱུང་། ངས་ཡིད་ཆེས་ཀྱིས་ཁེངས་པའི་ངང་ནས། “ངས་ཕྱག་རྒྱ་ཆེན་པོ་ཉམས་ལེན་བྱས་པ་ཡིན། ངའི་པ་ལགས་དང་ངའི་རྩ་བའི་བླ་མ་མགར་འཆི་མེད་རྡོ་རྗེས་ང་ལ་ཕྱག་རྒྱ་ཆེན་པོའི་གདམས་ངག་གནང་བ་དང་ངས་དེ་ཉམས་ལེན་གང་ལེགས་བྱས་པ་ཡིན། ཉམས་ལེན་པ་ཚད་ལྡན་པ་ཡིན་པའི་ངའི་པ་ལགས་ཀྱིས་ང་ལ་དྲན་ཤེས་བག་ཡོད་བསྟེན་སྟངས་སློབ་དུས། དང་པོར་ང་ལ་ཕྱག་རྒྱ་ཆེན་པོའི་མན་ངག་གནང་བྱུང་ལ། ངས་གཏིང་ཟབ་པའི་ཉམས་མྱོང་འགའ་འཕེལ་རྒྱས་སུ་བཏང་ཡོད། ངས་ཕྱག་རྒྱ་ཆེན་པོའི་སྐོར་ཀློག་ཐེངས་རེ་རེར། ངའི་སེམས་ཁམས་ལམ་སེང་ཞི་འཇགས་དང་དྭངས་གསལ་དུ་གནས་པ་དང་། བསམ་བློ་ག་འདྲ་ཞིག་འཁོར་ན་ཡང་ངས་དེ་ངོས་འཛིན་ཐུབ་ཀི་ཡོད། རེད། ངས་རང་རིག་རྙེད་ཡོད།”
ངས་མཁན་པོ་མུན་སེལ་ཚང་ལ་ངའི་བྱིས་པའི་དུས་སུ་ཐེངས་མང་པོར་བྱུང་བ་གང་ཞིག ངས་ཐེངས་གཉིས་པར་དབང་གྲལ་ནས་ཕྱིར་འབྲོ་རྩིས་བྱས་པ་དང་། སྐབས་དེར་ང་རང་ཕྱི་རོལ་ཏུ་བསྐྱོད་ནས་རྩེད་མོ་རྩེད་འདོད་མ་གཏོགས་ཙོག་བུར་བསྡད་ནས་ལྗགས་ལུང་ལ་ཉན་འདོད་མེད། ཐེངས་ཤིག མགར་འཆི་མེད་རྡོ་རྗེས་ཀ་ར་དང་རྩེད་ཆས་ཀྱིས་མགོ་གཡོག་སྟེ་ང་རང་ཁོང་གི་མཚམས་སྤྱིལ་ནང་ཁྲིད་པ་དང་། ང་མཚམས་སྤྱིལ་ནང་འཛུལ་དུས། ཁོང་གིས་སྒོ་གཏན་ཏེ་ང་ལ་ཏཻ་ལོ་པས་ནྰ་རོ་པར་སེམས་ངོ་སྤྲོད་ཆེད་དུ་ཆུ་མོ་གངྒྰའི་འགྲམ་དུ་གནང་བའི་ཕྱག་ཆེན་གངྒྰ་མའི་ལྗགས་ལུང་གསུངས་སོང་། དེ་ནས་མགར་འཆི་མེད་རྡོ་རྗེས་ཚིག་རྐང་དང་པོ། དཔལ་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལ་ལོ།། ཞེས་པ་དེར་འགྲེལ་བཤད་བསྐྱོན་གནང་སོང་།
“དཔལ་ནི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པ་དང་། དེ་ནི་ཁྱོད་ཀྱི་སེམས་རྒྱུད་དུ་ཡང་ཡོད། དེ་ནི་གང་ཟག་ཚོགས་བསགས་ཅན་ཚོའི་ཡོན་ཏན་ཞིག་ཡིན།” མགར་འཆི་མེད་རྡོ་རྗེས་ནན་ཏན་གྱི་སྒོ་ནས། “གང་ཟག་དེ་ཚོས་བཅོས་མིན་སེམས་ཀྱི་གནས་ལུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་རྟོགས་ཐུབ་པ་ཡིན། དེ་ནི་གནས་སྐབས་གཉིས་པ་དེ་ཡིན།” དེ་ནས་གནས་སྐབས་གསུམ་པར། ངས་སངས་རྒྱས་ཀྱི་སྐྱེས་རབས་དང་འཕགས་པ་ཐར་བ་ཆེན་པོའི་མདོ་སྡེ་ཀློག་དུས་དེ་ལྟར་བྱུང་སོང་། མདོ་དེའི་ནང་དུ། སེམས་མཉམ་པར་ཐེངས་གཅིག་བཞག་པའི་ཕན་ཡོན་ནི་ཁམས་གསུམ་འཁོར་བའི་སེམས་ཅན་གྱི་ཚེ་སྲོག་བསྐྱབས་པ་ལས་ཀྱང་ཆེའོ།། ངས་ཉམས་མྱོང་རང་བཞིན་ལས་སེམས་ཀྱི་འོད་སྣང་འབར་བའི་རང་བཞིན་ངོ་མ་དེ་ཇི་འདྲའི་གལ་ཆེན་ཡིན་པ་ཤེས་རྟོགས་བྱུང་།
མཁན་པོ་མུན་སེལ་ལ་དེ་ལྟར་བརྗོད་མེད། གང་ལྟར། དེ་ནི་ང་གཞོན་དུས་སུ་བྱུང་བ་ཞིག་རེད། ང་ལ་ད་དུང་ཁོང་ཁྲོ་ཆེན་པོ་ཞིག་ཡོད། ངས་རང་གི་ཤིང་ཕོར་དེ་ཚོ་ལག་ཏུ་བླངས་ནས་གཅོག་ཐུབ་ཀྱི་ཡོད། ད་དུང་དངོས་པོ་གཞན་པ་དེ་ཚོ་དུམ་བུར་གཏོང་ཐུབ་ཀྱི་ཡོད། སྐབས་རེར་ང་ངའི་པ་ལགས་ཀྱི་སྟེང་དུ་ཁོང་ཁྲོ་ཆེན་པོ་ལངས་དུས། ངའི་ངོ་གདོང་ཁྲག་ལྟར་དམར་པོར་འགྱུར་གྱིན་ཡོད། ངས་སངས་རྒྱས་ཀྱིས་གསུངས་པ་དེ་ཚོ་ཧ་གོ་གི་ཡོད་པ་དང་། སེམས་ཀྱི་རང་བཞིན་དེ་ཅི་ཙམ་གལ་ཆེན་པོ་ཞིག་ཡིན་པ་དེ་ཚོ་ཤེས་ཀྱི་ཡོད་ན་ཡང་། ཁོང་ཁྲོ་ནི་ཨུ་ཚུགས་ཚ་བའི་གོམས་གཤིས་ཤིག་ཏུ་འགྱུར་གྱིན་འདུག དེ་ནི་ལས་སླ་བོར་གཅོག་ཐུབ་པ་ཞིག་མ་རེད། ངའི་པ་ལགས་ཀྱིས་ང་ལ་ཐེངས་མང་པོར། “སེམས་ཀྱི་གསལ་རིག་དེ་ནི་ང་ཚོའི་བླ་མ་དང་ཡི་དམ་གྱི་ལྷ་དེ་རེད།” ཅེས་གསུངས། ཡིན་ན་ཡང་། ང་རང་དངོས་གནས་ཁོང་ལ་ཡིད་ཆེས་ཀྱི་མི་འདུག རྒྱུ་མཚན་ནི། ན་གཞོན་ཞིག་ལ་མཚོན་ན་ང་རང་ངའི་པ་ལགས་ལ་དགའ་བོ་མེད། ཁོང་ནི་ང་ལ་གདུག་རྩུབ་ཆེ་དྲགས་ཀྱི་ཡོད།
དེ་ལྟར་ཡིན་ན་ཡང་། ངས་མཁན་པོ་མུན་སེལ་ལ་ནན་ཞུས་ཀྱིས། “ངས་དེ་ཉམས་ལེན་ཡག་པོ་ཞིག་བྱས་ཡོད། ངས་དངོས་གནས་ཕྱག་རྒྱ་ཆེན་པོ་ཉམས་ལེན་ཡག་པོ་ཞིག་བྱས་ཡོད།” མཁན་པོ་མུན་སེལ་རིན་པོ་ཆེ་ཐུགས་མགུ་བོ་ཞིག་མ་བྱུང་བ་འདྲ། ཁོང་གིས་ང་ལ་དྲི་བ་འདི་ཙམ་ཞིག་དྲིས་གནང་བ་སྟེ། “ཁྱེད་ཀྱི་དེ་ཉམས་ལེན་ཡག་པོ་ཞིག་བྱས་པ་ཡིན་ནམ། ཡིན་ན་ཡང་། ཁྱེད་ཀྱི་འཁོན་འཛིང་དེ་ཇི་ལྟར་བྱེད་ཀྱི་ཡིན་ནམ།” ཁོང་ལ་ཐེ་ཚོམ་སྐྱེས་ཡོད་པ་འདྲ་བོ་འདུག ཁོང་གིས་ངའི་དལ་ལྷོད་ཡིད་ཆེས་ཀྱི་སྐད་གདངས་ཀྱིས་ཁོང་ལ་ངའི་སྒོམ་ཉམས་ལེན་ཚད་ལྡན་དེའི་སྐོར་བརྗོད་པ་དེར་གསན་པ་དང་། དཔའ་རྟུལ་ངས་མུ་མཐུད་དུ་ཁོང་ལ་རྩོད་པ་བྱས་པ་ཡིན། “ངའི་ཉམས་ལེན་དེ་ཕྱོགས་གཅིག་ཡིན། ངའི་འཁོན་འཛིན་དེ་ཕྱོགས་གཅིག་ཡིན།” ངས་འགྲེལ་བཤད་ཅིག་བརྒྱབ་པ་སྟེ། “ངའི་ཕྱག་རྒྱ་ཆེན་པོའི་ཉམས་ལེན་དེ་ཁོ་རང་གི་གནས་སུ་ཡོད་པ་རེད། ངའི་འཁོན་འཛིན་དེ་ཡང་དེའི་གནས་སུ་ཡོད་པ་རེད།”
“དེ་བདེན་པ་མ་རེད།” མཁན་པོ་མུན་སེལ་ཚང་གིས་དེ་མ་ཐག་ཏུ་ལྡོག་ཕྱོགས་ནས་གསུངས་སོང་། “ཁྱོད་ཀྱི་སྒོམ་དང་ཆོས་ཀྱི་ཉམས་ལེན་དེ་ཚོ་ངེས་པར་དུ་ཁྱོད་ཀྱི་འཁོན་འཛིན་དང་ཉོན་མོངས་པའི་གཉེན་པོར་འགྲོ་དགོས་ཀྱི་རེད། གལ་སྲིད་ཁྱོད་ཀྱི་སྒོམ་དེས་ཁྱོད་ཀྱི་ཉོན་མོངས་ཀྱི་གདུང་བ་དེ་སེལ་ཐུབ་ཀྱི་ཡོད་ན། དེའི་ཚེ་ཁྱོད་ཀྱིས་བྱས་པ་དེ་འགྲིག་གི་ཡོད་པ་རེད། གལ་སྲིད་ཁྱོད་ཀྱི་སྒོམ་དང་ཉོན་མོངས་གཉིས་ས་ཆ་མི་འདྲ་བ་གཉིས་སུ་གནས་ཀྱི་ཡོད་པ་ཡིན་ན། དེ་ནི་ཁྱོད་ཀྱི་ཉམས་ལེན་དེར་ནོར་འཁྲུལ་འབྱུང་གི་ཡོད་པ་རེད།”
“སྒོམ་རྟགས་ངོ་མ་དེ་ནི།” མཁན་པོ་མུན་སེལ་གྱིས་གཟབ་ནན་གྱི་སྒོ་ནས། “དེ་ནི་ཁྱོད་ཀྱི་ཉོན་མོངས་ཀྱི་ཚོར་བ་དེ་ཚོ་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་གི་རེད།” ཁོང་གི་གསུང་སྐད་དེ་ནི་ཐེངས་དང་པོར་ང་ལ་བཀའ་མོལ་གནང་སྐབས་དང་འདྲ་བར་ཞི་འཇམ་ཞིག་རེད། ཡིན་ན་ཡང་ཁོང་གི་འོད་འཚེར་བའི་སྤྱན་རས་ལ་ཐུགས་ཁྲལ་གཏིང་ཟབ་ཀྱི་རང་བཞིན་ཞིག་ཤར་འདུག “ནོར་འཁྲུལ་གྱིས་དགྲ་བོ་བཙལ་ནས་རྩ་མེད་གཏོང་རྩིས་མ་བྱེད།” མཁན་པོ་མུན་སེལ་གྱིས་ཡང་སྐྱར་ང་ལ་གཤེ་གཤེ་གཏོང་ཞོར། “གལ་སྲིད་ཁྱོད་ཀྱིས་རྒྱ་མིའི་དམག་མི་རེ་རེ་བཞིན་རྩ་མེད་བཟོས་ན་ཡང་། ཁྱོད་ཀྱི་དམྱལ་བ་དེ་ནམ་ཡང་མཇུག་རྫོགས་ཀྱི་མ་རེད།”ངས་དེའི་སྐོར་ལ་བསམ་བློ་བཏང་བ་ཡིན། ངའི་ཁོང་ཁྲོ་ཏོག་ཙམ་ཆུང་དུ་ཕྱིན་སོང་། རྗེས་སུ། མཁན་པོ་མུན་སེལ་གྱིས་དེ་ཡང་ནས་སྐྱར་དུ་གསུངས།
ཉིན་ཞིག ཁོང་གི་བཀའ་དྲིན་བླ་མེད་ལ་བརྟེན་ནས། མཁན་པོ་མུན་སེལ་རིན་པོ་ཆེས་སྟབས་བདེ་བོའི་ངང་ང་ལ་གསུང་རྒྱུར། “མི་ལ་རས་པས་དམྱལ་བའི་གཞི་རྩ་ནི་འཁོན་འཛིན་དེ་ཡིན། མི་སུ་ཞིག་ལ་འཁོན་འཛིན་ཡོད་ན་དེས་ནམ་ཡང་ཐར་པ་འཐོབ་ཀྱི་མ་རེད་ཅེས་ང་ཚོར་གདམས་ཡོད།” ཨོ། ང་རང་ཇི་ལྟར་རང་གི་བླ་མའི་དྲིན་འོག་ཏུ་འཚོ་བ་དང་། ཉིན་དེར་ཁོང་གིས་ང་ལ་ཅི་ཞིག་གསུངས་པ་དེ། མཁན་པོ་ཚང་གིས་སྐབས་དེར་ང་ལ་ཅི་ཞིག་བསྩལ་པ་དེ་ནི་ཆེས་ཟབ་མོ་དང་ལྟ་ཚུལ་ཚང་མ་རྩོད་མེད་ཀྱི་བརྗོད་གཞི་ཞིག་རེད་ཨང་། གལ་སྲིད་ངས་མི་ཚེ་ཧྲིལ་བོའི་ནང་ཞིབ་འཇུག་བྱས་པ་ཡིན་ན་ཡང་ཚང་མར་རྩོད་པ་བྱེད་མི་དགོས་པ་ཞིག་རེད། ངས་ཇི་ལྟར་མི་ཞིག་གིས་འཁོན་འཛིང་བརྒྱུད་ནས་ཐར་པ་ཐོབ་པ་ཞིག་རྙེད་སྲིད་ཀྱི་རེད་དམ།
ངས་མཁན་པོ་མུན་སེལ་མ་མཇལ་སྔོན། ངའི་ཁོག་ཏུ་འབར་བའི་ཁོང་ཁྲོ་དང་འཁོན་འཛིན་གྱི་མེ་ལྕེ་ཛ་དྲག་པོས་དེས་བསྐུལ་ཏེ་ང་ལ་རྒྱུན་དུ་འཁོན་ལན་སློག་འདོད་ཀྱི་བསམ་བློ་སྐྱེས། ངས་ཉེན་རྟོག་པ་ཞིག་དམར་གསོད་གཏོང་ཐུབ་ན་ང་རང་དེའི་རྐྱེན་གྱིས་ཤི་ཡང་འགྱོད་པ་མི་འདུག་བསམ་བཞིན་ཡོད།
ང་རང་ལོ་ན་ཆུང་དུས། མགར་འཆི་མེད་རྡོ་རྗེས་ང་ལ་ཞེད་སྣང་ཁ་ཤས་བསྐུལ་མྱོང་བ་དང་། ཁོང་གིས་ཞེད་སྣང་དེས་རྒྱུ་བྱས་ནས་ངས་རང་གི་ཁོང་ཁྲོས་གཙོས་པའི་ཉོན་མོངས་པ་དེ་ཚོ་སྤོང་ཐུབ་པའི་ཐུགས་རེ་གནང་མྱོང་། ཡིན་ད་ཡིན། ང་རང་ལ་ཞེད་སྣང་སྐྱེས་པ་དང་སྐྱེ་བ་རྗེས་མར་སྦྲུལ་དུ་སྐྱེ་འདོད་མེད། གང་ལྟར། གལ་སྲིད་ངས་རང་གི་ཁོང་ཁྲོ་འདི་དེ་རིང་སྤོང་ཐུབ་པ་ཡིན་ན་ཡང་། སང་ཉིན་དེ་ཡང་སྐྱར་སྐྱེ་ཡོང་གི་རེད། རྗེས་སུ་ང་རང་བཙོན་ཁང་དུ་ཡོད་དུས། ངས་མགར་འཆི་མེད་རྡོ་རྗེའི་གསུང་ཆོས་དེ་ཚོའི་སྟེང་དུ་དམིགས་པ་གཏད་ཅི་ཐུབ་བྱས་པ་ཡིན། ཡིན་ན་ཡང་ཁོང་ཁྲོ་དེར་སྟངས་འཛིན་བྱེད་མི་ཐུབ་པར་ཡང་སྐྱར་སྐྱེ་ཡོང་གིན་འདུག ངས་ནམ་རྒྱུན་རྒྱ་ནག་དམར་ཕྱོགས་པ་ནི་དུད་འགྲོ་ལས་ཀྱང་སྡུག་པ་ཞིག་ཏུ་བལྟས་ཤིང་། ང་རང་རྟག་པར་རྒྱུན་མཐུད་པའི་ཁོང་ཁྲོ་ཞིག་གི་ནང་དུ་ཡོད། དེ་ནི་རང་བཞིན་གྱིས་དེ་གར་འདུག་ཨང་། དེ་ནི་སྐད་ཅིག་མ་གཅིག་ལ་ཡང་ང་དང་ཁ་ཁར་མི་གནས་པར་འདུག སྐད་ཅིག་ནས་སྐད་ཅིག་བར་དུ། དམར་ཕྱོགས་ཀྱི་ལྟ་གྲུབ་དང་སྲིད་དབང་འདི་ཉིད་འཛམ་གླིང་འདིའི་སྟེང་ནས་རྩ་ཡལ་དུ་སོང་ན་ཅི་རུང་བསམ་བཞིན་ཡོད། དེའི་ཕྱིར། ཉིན་འདི་དག་གི་རིང་ལ་བདག་གིས་རང་ཉིད་རྨེག་མེད་དུ་གཏོང་བའི་ཐལ་སྐྱོད་པའི་བསམ་ཚུལ་དག་ལ་གོ་བ་ངོ་མ་ཞིག་ལེན་ཐུབ་སོང་།
དུས་རྒྱུན་རྫིག་ཉམས་སྟོན་པར་དགའ་བའི་མི་རྫིག་ཉམས་ཅན་ཞིག་ལ་མཚོན་ན། གདོན་འདྲེ་ནི་ཁོའི་སེམས་ནང་དུ་ཡོད། གདོན་འདྲེ་ནི་ཁོའི་སེམས་ནང་དུ་སྡོད་པ་ཙམ་ཞིག་མ་ཡིན་པར། དེས་ཁོའི་མཐའ་སྐོར་གྱི་འཇིག་རྟེན་དུ་རང་ཉིད་མཚོན་བཞིན་ཡོད། དེའི་ཕྱིར་འཁོན་འཛིན་ནི་རང་སྲོག་གཅོད་པའི་འགད་རྫས་ལས་ཀྱང་ལྡབས་སྟོང་ཕྲག་གིས་སྲོག་ལ་ཉེན་ཁ་ཆེ་བ་ཞིག་རེད། འགད་རྫས་དེས་ཁོའི་ཚེ་སྲོག་གིས་མཚོན་པའི་ཚེ་སྲོག་མང་པོ་ཞིག་གཅོད་ཐུབ་ཀྱང་། ཡིན་ན་ཡང་འཁོན་འཛིན་ནི་ནམ་ཡང་གནས་སྲིད་པ་ཞིག་རེད། ཐ་ན་སྐྱེ་བ་འདིའི་རྗེས་སུ་ཡང་། དེས་རྒྱུན་མར་ཁོ་དང་གྲངས་མེད་པའི་སེམས་ཅན་མང་པོའི་སྐྱེ་བ་ནས་སྐྱེ་བར་ན་ཟུག་དང་གཏོར་སྐྱོན་བཟོ་ཐུབ་ཀྱི་ཡོད།
ང་ནི་ཁོ་ཚོའི་ཁྲོད་ཀྱི་མི་གང་ཡང་རུང་བ་ཞིག་དང་མཚུངས། ངའི་འཁོན་འཛིན་ནི་འགས་གཏོར་རང་བཞིན་ཅན་ཞིག་ཡིན། དགྲ་བོས་ང་རང་དམྱལ་བར་འཕེན་ཐུབ་ཀྱི་མ་རེད། ངའི་འཁོན་འཛིན་གྱིས་ང་རང་དམྱལ་བར་འཕེན་ཐུབ་ཀྱི་རེད། ངས་དམྱལ་བའི་གནས་སུ་སྡུག་བསྔལ་མང་པོ་ཞིག་གིས་ང་ལ་བསྒུགས་བསྡད་ཡོད་པ་དེ་ཤེས་ཀྱི་ཡོད། ཡིན་ན་ཡང་ངས་གུང་ཁྲན་ཏང་ལ་གནོད་འཚེ་ཞིག་བྱེད་ཐུབ་ན་བསམ་པའི་འཁོན་འཛིན་དེ་ཆེ་རུ་འགྲོ་བཞིན་ཡོད། འདི་ནི་ཐལ་སྐྱོད་པའི་བསམ་བློའི་ཁྲོད་ཀྱི་དཔེ་མཚོན་ཞིག་རེད། དོན་དག་གང་ཞིག་འབྱུང་མིན་ལ་མ་ལྟོས་པར། ཐལ་སྐྱོད་པས་དམིགས་ཡུལ་དེར་བསླེབས་རྒྱུའི་ཆེད་དུ་དོན་དག་གང་ཞིག་ཡིན་ཡང་བསྒྲུབ་འདོད་ཡོད།
གང་ལྟར། མཁན་པོ་མུན་སེལ་གྱི་རྩ་ཆེ་བའི་བཀའ་སློབ་དང་བཟོད་སྒོམ་ལ་བརྟེན་ནས། རྗེས་སུ་ངས་རྒྱ་ནག་དམར་ཕྱོགས་པ་དང་ལས་བྱེད་པ་ཚོ་ནི་ངའི་སྡུག་བསྔལ་གྱི་འབྱུང་ཁུངས་དེ་མིན་པ་གསལ་བོར་རྟོགས་བྱུང་། ཡིན་ན་ཡང་དེ་རང་རེད། ཡང་ནས་སྐྱར་དུ་ངའི་སེམས་སུ་ཁོང་ཁྲོའི་མེ་ལྕེ་འབར་བཞིན་འདུག “ཁྱོད་ཀྱིས་ཁོང་ཁྲོ་ཡིས་ནམ་ཡང་ཁོང་ཁྲོ་གཞོམ་མི་ནུས། ཁྱོད་ཀྱིས་བྱམས་བརྩེ་ལ་བརྟེན་ནས་དེ་ལས་རྒྱལ་ཐུབ། ཚད་མེད་པའི་སྙིང་རྗེ་ནི་ཁོང་ཁྲོའི་གཉེན་པོ་ཡོངས་སུ་རྫོགས་པ་དེ་ཡིན།” མཁན་པོ་མུན་སེལ་གྱིས་བདེན་པ་དག་སྐྱེལ་གྱིས་དེ་སྐད་གསུངས་བྱུང་།
མཁན་པོ་མུན་སེལ་གྱིས་རྡོ་རྗེ་ཕུར་པ་དང་རྡོ་རྗེ་འཇིགས་བྱེད་གཉིས་ཀྱི་ཕྱོགས་སུ་ཡང་ང་ལ་ལམ་སྟོན་དམིགས་བསལ་བ་དེ་འདྲ་གནང་བྱུང་ལ། དེ་དང་འབྲེལ་ནས་སྙིང་རྗེའི་ཉམས་ལེན་དང་འབྲེལ་བའི་ཡི་དམ་དྲག་པོ་དེ་རིགས་ཀྱི་བསྐྱེད་རིམ་དེ་ཚོ་ཐབས་མཁས་ཀྱི་བྱེད་ཐབས་ཀྱིས་སྒྲུབ་ཚུལ་ཡང་བསྟན་གནང་བྱུང་། དེ་ནས་ཁོང་གིས་དེ་ཚོ་ཙམ་ཞིག་གིས་དྲན་གསོ་བྱེད་པར་ཕན་ཐོགས་དཀའ་བས། དལ་འབྱོར་མི་ལུས་ཀྱི་ཁྱད་ཆོས་དེ་ཚོ་འམ་ཡང་ན་ཚ་གྲང་གི་དམྱལ་བའི་སྡུག་བསྔལ་དོས་དྲག་པོ་དེ་ཚོ་ཡང་ཡང་སྐྱོར་དགོས་ལུགས་གསུངས། ཡིན་ན་ཡང་དེ་ཚོ་ང་ཚོའི་སེམས་གཏིང་ནས་ཚོར་བས་མྱོང་ཐུབ་པ་ཞིག་དགོས་པ་དང་། ངེས་པར་དུ་བབ་མཚུངས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ང་ཚོར་དེར་ལྷུང་རྒྱུ་སྔོན་འགོག་བྱེད་དགོས། དེ་ནི་ངའི་བླ་མས་ང་རང་གི་དལ་འབྱོར་གྱི་མི་ལུས་འདི་སྐྱེ་བ་འདི་དང་མ་འོངས་པའི་སྐྱེ་བ་དག་ཏུ་ཆུད་ཟོས་སུ་གཏོང་བ་ལས་བསྐྱབས་གནང་བ་ཞིག་ཡིན།
“དམར་ཕྱོགས་རིང་ལུགས་དེ་གར་ཡོད་པ་དེ་དངོས་འབྲེལ་ཡོད་སྲིད་ལ་མེད་ཀྱང་སྲིད། ཡིན་ན་ཡང་ཇི་སྲིད་ངའི་འཁོན་འཛིན་དེ་གར་ཡོད་པ་དེ་སྲིད་དུ། སྡུག་བསྔལ་དེ་གར་གཡོལ་ཐབས་མེད་པར་གནས་ཀྱི་རེད།” མཐའ་མཇུག་ཏུ་ངས་དེ་ལྟར་བསམས། དེར་བརྟེན། ཚད་མཐོའི་ཤེས་ཡོན་སློབ་གཉེར་མ་བརྒྱུད་ན་ཡང་། ང་རང་གི་ན་ཟུག་གི་ཉམས་མྱོང་དང་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་ངང་སྡུག་བསྔལ་ལ་མགོ་སྒུར་བ་བརྒྱུད་དེ། འདི་ནི་ང་རང་སྡུག་བསྔལ་ཡོད་ཚད་ལས་ཐར་བའི་ཆེད་དུ་ཡིན་པ་གསལ་རྟོགས་བྱུང་། ངས་རང་གི་སེམས་ནང་གི་འཁོན་འཛིན་ཡོད་ཚད་སྤོང་དགོས། དེར་བརྟེན་ངས་རང་སེམས་ཀྱི་འཁོན་འཛིན་དེ་ཚོ་སྤོང་ཆེད་དུ་དམིགས་པའི་རང་གཅུན་དྲག་པོ་ཞིག་བྱེད་དགོས་བྱུང་། ངས་ “ཁོང་ཁྲོས་རང་ཉིད་བརླག་པ་དང་། །གཞན་དག་ཀྱང་ནི་སྲེག་པར་བྱེད། །” ཅེས་པ་དེ་གཟུངས་སྔགས་ནང་བཞིན་ཡང་ནས་ཡང་དུ་སྐྱོར་འདོན་བྱས་པ་ཡིན།
གལ་སྲིད་ད་ལྟ་ཁྱོད་ཀྱིས་ང་ལ་ “ཁྱོད་རང་གི་འཇིགས་སྣང་ཆེ་ཤོས་དེ་གང་རེད་” ཅེས་དྲིས་པ་ཡིན་ན། ངས། “ཁོང་ཁྲོའི་འཇིགས་སྣང་དེ་ནི་ངའི་འཇིགས་སྣང་ཆེ་ཤོས་དེ་ཡིན།” ཞེས་བརྗོད་ཐུབ། ང་ལ་དངོས་གནས་འཇིགས་སྣང་གཞན་པ་ཞིག་མེད། དཔེར་ན་འཆི་བའི་འཇིགས་སྣང་མེད་པ་བཞིན། རྒྱུ་མཚན་ནི་སེམས་ལ་ནམ་ཡང་འཆི་རྒྱུ་མེད་པ་རེད། ངས་སེམས་ཀྱི་བག་ཆགས་ཀྱིས་སྡུག་བསྔལ་ཚང་མ་བསྐྲུན་པ་དང་། བག་ཆགས་དེ་ཚོ་ཡང་ལས་ཀྱིས་བསྐྲུན་པའི་ངེས་ཤེས་རྙེད་བྱུང་། ཁྱེད་ཀྱིས་ཡང་སྐྱར་ཁྱེད་རང་སྐྲག་ས་དེ་གང་ཡིན་ཞེས་དྲིས་པ་ཡིན་ན། དེ་ནས་ཁྱེད་ཀྱིས་ངའི་དྲི་ལན་དེ་ཡང་སྐྱར་ཐོས་ཐུབ་པ་སྟེ། ང་རང་ལས་ཀྱི་བག་ཆགས་ལ་སྐྲག་གི་འདུག སྡུག་བསྔལ་ཆེ་ཆུང་ཚང་མ་ལས་ལས་བྱུང་བ་རེད། ང་ནི་ད་ལྟ་ལས་ཁོ་ན་ལ་སྐྲག་གི་འདུག
ངས་ཐེངས་མང་པོར་མཁན་པོ་མུན་སེལ་ལ་ངའི་སེམས་ཀྱི་དཀའ་ངལ་དེ་ཚོའི་སྐོར་ཞུས་པ་ཡིན་ལ། ངའི་བླ་མས་ང་ལ་ཡང་ནས་ཡང་དུ་སྙིང་རྗེ་དང་དག་སྣང་གི་སྐོར་གསུངས་བྱུང་། “དཀའ་ཚེགས་ཆེ་བའི་ངལ་རྩོལ་འདིའི་ཆེད་དུ་ང་ཚོས་ཚད་ལས་བརྒལ་བའི་འབད་བརྩོན་མང་པོ་ཞིག་མི་བྱེད་ཐབས་མེད་རེད། དེ་ནི་རྦད་དེ་བེད་སྤྱོད་མེད་པ་ཞིག་རེད།” ངས་མཁན་པོ་མུན་སེལ་ལ་དེ་ལྟར་ཟློ་བཞིན་ལེ་བདའ་བྱས། ངས་སྨྲེ་སྔགས་འདོན་བཞིན། “ང་ཚོས་འུ་ཐུག་ཐབས་ཟད་ཀྱིས་སྒྲུབ་དགོས་པའི་བྱ་བ་འདི་ཚོར་མཇུག་འབྲས་ཤིག་གཏན་ནས་ཡོད་མི་སྲིད། ཡིན་ཡང་ང་ཚོས་དཀའ་བ་འདི་དག་མི་སྤྱོད་ཐབས་མེད་རེད། གལ་སྲིད་ངས་སྒོམ་ཉམས་ལེན་གྱི་ཕྱོགས་སུ་རང་ནུས་འདོན་སྤེལ་བྱེད་ཐུབ་པ་ཡིན་ན། གལ་སྲིད་ངས་རང་ཉིད་ནང་དོན་ཡོད་པ་ཞིག་གི་ཆེད་དུ་བཀོལ་བ་ཡིན་ན། ངས་གྲུབ་འབྲས་རླབས་ཆེན་དེ་ཚོའི་ཆེད་དུ་འབད་བརྩོན་བྱེད་ཆོག”
མཁན་པོ་མུན་སེལ་གྱིས་ཡང་སྐྱར་གཤེ་གཤེ་དང་སྦྲགས་སྟབས་བདེ་བོའི་སྒོ་ནས། “དེ་ནི་དངོས་གནས་བདེན་པ་མ་རེད། གལ་སྲིད་ཁྱོད་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་ཉམས་ལེན་མ་བྱས་པ་ཡིན་ན། དེ་ནས་སྟོང་ཉིད་དང་དོན་དམ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་ཐབས་ཤིག་ཡོད་པ་མ་རེད།” དེ་ནས་ཁོང་གིས་ང་ལ་ཇི་འདྲ་བྱས་ནས་སྙིང་རྗེ་གོང་འཕེལ་དུ་གཏོང་ཐབས་དང་། ང་ལ་བཙོན་ཁང་དུ་སྣང་བ་ཐམས་ཅད་ལ་ཇི་ལྟར་དག་སྣང་སྦྱོང་ཚུལ་བསླབས་གནང་བྱུང་། “ཁྱོད་ཀྱིས་ཉིན་འདི་ཚོར་དབོར་བའི་ས་རྡོ་དེ་ཚོས་རླབས་ཆེ་བའི་འབྲས་བུ་འཁྱེར་ཡོང་གི་རེད། ཁྱོད་ཀྱི་འདམ་བག་ལས་སོ་ཕག་འབྱུང་ཞིང་། སོ་ཁག་ལས་ཁང་པ་བརྩིགས་པ་རེད། ཁང་པ་འདི་ཚོས་མི་མང་ལ་ཕན་ཐོགས་ཡོད་པ་རེད། མི་མང་ཚོས་འཚོ་བ་སྔར་ལས་ཡག་པོ་ཞིག་སྐྱེལ་ཐུབ་ཀྱི་རེད། ལས་ཀ་དེ་ལ་བརྟེན་ནས་ཁོང་ཚོས་ཁྲལ་འཇལ་བ་དང་། ཁྲལ་དངུལ་ལ་བརྟེན་ནས་ལམ་ཁ་བཟོ་བ་དང་གློག་འཐེན་ནས་མི་མང་སྔར་ལས་ལྷག་པར་སྐྱིད་པོ་ཡོང་གི་རེད། རྒྱུ་མཚན་ནི་དེ་ཚོ་ཚང་མ་ཁྱོད་ཀྱིས་ས་དབོར་བ་ལས་བྱུང་བ་ཞིག་རེད།
གལ་སྲིད་ཁྱོད་ཀྱིས་སེམས་ཁམས་དེ་འདྲ་ཞིག་གི་ངང་ནས་ལས་ཀ་བྱས་པ་ཡིན་ན། དེ་ནི་མི་མང་དང་རྒྱལ་ཁབ་ལ་ཕན་ཐོགས་ཡོད་པ་ཞིག་རེད། ཁྱོད་རང་རྒྱལ་ཁབ་འདི་དང་དམར་ཕྱོགས་པར་ཁོང་ཁྲོ་སྐྱེ་གི་ཡོད་པ་རེད། ཡིན་ན་ཡང་། དོན་དངོས་སུ་དེ་ནི་སྨོན་ལམ་ལོག་པའི་འགོ་ཁྲིད་ཁ་ཤས་ཤིག་གི་བྱེད་སྟངས་ལས་བྱུང་བ་ཞིག་རེད། དུས་མཚུངས་སུ། རྒྱལ་ཁབ་ཅེས་པ་དེ་ནི་དེའི་ནང་དུ་གནས་པའི་མི་མང་ལ་གོ་བ་ཞིག་ཀྱང་ཡིན། དེའི་ཕྱིར། ལས་ཀ་གང་ཞིག་བྱེད་ཀྱང་མི་མང་ལ་ཕན་ཐོགས་ཡོད་པ་ཞིག་བྱོས། གལ་སྲིད་ཁྱོད་ཀྱིས་སྔོ་ཚོད་བཏབ་པ་ཡིན་ན། མི་མང་གིས་དེ་ཚོ་བཟའ་གི་རེད། གལ་སྲིད་ཁྱོད་ཀྱིས་སོ་ཕག་དཔར་བ་ཡིན་ན། ལས་ཀ་བ་ཚོས་དེ་ཡིས་ཁང་པ་བཟོ་བ་དང་དེ་ཚོར་གླ་ཕོགས་རག་གི་རེད། ཁྱོད་ཀྱི་ལས་ཀ་དེ་ནི་དུས་ཚོད་ཆུད་ཟོས་སུ་གཏོང་བ་ཞིག་རེད་མ་བསམས་ཤིག ཚང་མ་རྟེན་ཅིང་འབྲེལ་བའི་རང་བཞིན་རེད། ལས་ཀ་དེ་ཚོ་ཚང་མ་ཕན་ཐོགས་ཡོད་པའི་བྱེད་སྒོ་ཏག་ཏག་ཡིན་པའི་བསམ་བློ་ཐོངས། ཁྱོད་ཀྱིས་སྣང་ཚུལ་འདི་དག་ཚང་མ་རྟོགས་པའི་རྗེས་སུ། ཁྱོད་ཀྱིས་བྱེད་དགོས་པ་ཚང་མ་ཏག་ཏག་ཅིག་སྒྲུབས་ཤིག
དེ་ལས་མང་ཙམ་འཕྲོས་ན། གསང་སྔགས་ཀྱི་སྣང་ཚུལ་ལྟར་བྱས་པ་ཡིན་ན། ང་ཚོས་འཛམ་གླིང་འདི་སངས་རྒྱས་ཀྱི་དག་པའི་ཞིང་ཁམས་དང་། སེམས་ཅན་ཐམས་ཅད་སངས་རྒྱས་སུ་བསྒོམ་དགོས། དེར་བརྟེན། ཁྱོད་ཀྱིས་རང་གི་དཀའ་སྤྱད་ཀྱི་ལས་ཀ་ཚང་མ་གཞན་ཕན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་འབུལ་བའི་དམིགས་པ་སྐྱོང་དགོས།” ཕན་ཚུན་བརྟེན་ཅིང་འབྲེལ་འབྱུང་གི་བཀའ་སློབ་དེ་ནི་ང་ལ་ཐོབ་པའི་གསུང་ཆོས་ཀྱི་ཁྲོད་ནས་ཆེས་རྨད་དུ་བྱུང་བ་ཞིག་རེད། དེ་མིན་མཁན་པོ་མུན་སེལ་གྱིས། ང་ཚོས་དབང་སྐུར་ཞུ་དུས་སུ་རྗེས་ཟློས་བྱས་ནས་ལེན་པ་ལྟར། ང་ལ་ཉི་མ་རེ་རེ་བཞིན་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་དགོས་ཞེས་ཀྱང་གསུངས།