སྤྱི་པའི་རྐུབ་སྟེགས་སུ་སྡོད་མཁན་ཚོས་སྤྱི་པའི་ལས་དོན་ལ་ལྷག་བསམ་རྣམ་དག་གིས་བརྩོན་པ་བྱས་ཚེ། ལས་དོན་མཐའ་དག་ཚགས་ཚུད་དང་ལམ་ལྷོང་ཡོང་སྐོར་གསུངས་སོང་།
དེ་རིང་སྔ་དྲོ་ཆུ་ཚོད་ ༩ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་མིའི་སོ་ནམ་གཞིས་ཆགས་ ༡༨ དང་རྒྱ་གར་ནང་གི་བོད་མིའི་མཉམ་འབྲེལ་ཁག་ ༡༥ ཡི་ཚོགས་ཆེན་ཐེངས་ ༨ དེ་འཚོགས་ཡོད་པ་རེད། མཛད་རིམ་གྱི་ཐོག་མར་ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ཀྱིས། ས་གནས་མཉམ་འབྲེལ་ཁག་གི་ཐོག་མའི་ལས་གཞི་ངོ་སྤྲོད་དང་སྦྲགས་ནས། སྐབས་ ༨ ཚོགས་འདུའི་སྟེང་ས་གནས་མཉམ་འབྲེལ་དང་། བོད་མིའི་སྒྲིག་འཛུགས་སོགས་ཀྱི་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་ཇི་ལྟར་ཡར་རྒྱས་གཏང་དགོས་མིན་དང་། བོད་མིའི་གཞིས་ཆགས་ཁག་གི་འཚོ་རྟེན་དུ་གྱུར་བའི་སོ་ནམ་གྱི་ལས་གཞི་ཚགས་ཚུད་དང་གོང་འཕེལ་ཇི་ལྟར་གཏང་དགོས་པ་སོགས་ཀྱི་གྲོས་གཞི་དོན་ཚན་བཞི་ཡི་ཐོག་ལ་གླེང་སློང་དང་གྲོས་བསྔུར་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་བ་དང་། སྤྱིར་བོད་པའི་གཞིས་ཆགས་ཁག་ཏུ་མཉམ་འབྲེལ་གྱི་ཚོགས་གཙོ་ ༡༤ ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ས་གནས་གྱི་ཚོགས་གཙོ་ ༤ ཡིས་མཉམ་ཞུགས་བྱ་ཐུབ་མེད་སྐོར་གསུངས་བྱུང་།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། མཉམ་འབྲེལ་དེ་དག་ནི་གཞིས་ཆགས་ཁག་སོ་སོའི་ནང་གི་མི་མང་གི་དཔལ་འབྱོར་ཡར་རྒྱས་གཏང་རྒྱུ་དང་མི་མང་ལ་ཐུན་མོང་གི་ཐོག་ནས་ཕན་ཐོགས་ཡོང་ཆེད་དུ་བཙུགས་པའི་སྒྲིག་འཛུགས་ཤིག་ཡིན་པ་དང་། རྒྱ་གར་གྱི་ས་གནས་འདྲ་མིན་དུ་གནས་པའི་བོད་པའི་གཞིས་ཆགས་ཁག་གིས། རིམ་པས་ས་གནས་ཁག་ཏུ་གཞིས་ཆགས་ཀྱི་མཉམ་འབྲེལ་སོགས་བཙུགས་ཡོད་པས། གཞིས་ཆགས་ཀྱི་སོ་ནམ་འདེབས་ལས་སོགས་ཀྱི་ཐད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅིང་། སྐབས་དེར་རོགས་ཚོགས་རྣམས་ཀྱིས་འཕྲུལ་རིགས་ཀྱི་རོགས་འདེགས་ཆེན་པོ་བྱས་ནས། ལས་དོན་མང་པོ་ཞིག་ཚགས་ཚུད་ཀྱིས་ཐོག་ནས་བསྒྲུབས་ཡོད་ཀྱང་། ཕྱི་ལོ་ ༢༠༠༢ ཙམ་ནས་མཉམ་འབྲེལ་དང་ས་གནས་མགོ་འཛིན་ལས་ཁུངས་དེ་གཉིས་ཐ་དད་བྱས་ཏེ། མཉམ་འབྲེལ་དེ་རྒྱ་གར་གྱི་མངའ་སྡེ་ཁག་གི་ཡུལ་ཁྲིམས་དང་མཐུན་པར་བྱས་ནས་རང་སྐྱོང་སྡེ་ཚན་ཞིག་ཏུ་གྱུར་ཡོད་པ་དང་། མཉམ་འབྲེལ་གྱི་ལས་བྱེད་ཚང་མ་མི་མང་གིས་འདེམས་ཀྱི་ཡོད་པ་རེད། མཉམ་འབྲེལ་ཚོགས་སྡེ་ཁག་གིས་ལས་དོན་མཐའ་དག་ཚགས་ཚུད་ཀྱི་ངང་ནས་བྱ་དགོས་གལ་ཆེ་ཞིང་། ལྷག་པར་རྩིས་དང་ལས་བསྡོམས་ཀྱི་རིགས་ནི་མི་མང་ལ་འགན་ཁུར་གྱི་འདུ་ཤེས་དང་འབྲེལ་བ་དམ་ཟབ་ཡོད་པས། རྩིས་དང་ལས་བསྡོམས་མཐའ་དག་དུས་ཐོག་ཏུ་འཁྱོངས་བར་བྱ་དགོས། རྩིས་ཁྲར་རྩིས་ཞིབ་པ་རྣམས་ཀྱིས་ས་གནས་སོགས་སུ་སྐོར་སྐྱོད་ཀྱིས་ལྟ་ཞིབ་སོགས་བྱེད་ཀྱི་ཡོད་སྟབས། དུས་ཚོད་སྔ་གཞུག་ཙམ་བྱས་ནས་ཡོང་གི་ཡོད་ཀྱང་། ལས་བསྡོམས་དུས་ཐོག་ཏུ་གཏོང་མ་ཐུབ་པའི་དཀའ་ཁག་ཅི་ཡང་མེད་ཀྱང་། ས་གནས་ཁག་ཅིག་གིས་ལས་བསྡོམས་མ་བཏང་བའམ། རྗེས་ལུས་ཐེབས་པའི་རིགས་བྱུང་གི་ཡོད་སྟབས། ས་གནས་ཁག་གི་རྐུབ་བཀྱགས་དང་། འགན་འཛིན་ལྷན་ཚོགས་དང་མཉམ་འབྲེལ་དྲུང་ཆེའི་མིང་ཞིག་ཁྱེར་ཡོད་ཀྱང་། ད་དུང་ལས་བསྡོམས་དུས་ཐོག་ཏུ་བཏང་མ་ཐུབ་པ་ཡིན་ན། དེ་ནི་ངོ་ཚ་དགོས་པ་ཞིག་དང་ཐབས་སྐྱོ་བོ་ཡིན་སྐོར་སོགས་གསུངས་བྱུང་།
སྲིད་སྐྱོང་མཆོག་གིས། མཉམ་འབྲེལ་གྱི་སྐུ་ཚབ་བཀའ་ཤག་ཏུ་མེད་ཀྱང་། བཀའ་ཤག་གིས་གྲོས་ཚོགས་སོགས་སུ་མཉམ་འབྲེལ་ལ་འགན་ཁྱེར་ནས་ལན་འདེབས་སོགས་བྱ་དགོས་པས། མཉམ་འབྲེལ་གྱི་འགན་དབང་བཀའ་ཤག་ལ་ཡོད་སྟབས། ལོ་གཅིག་གི་ལས་བསྡོམས་རྣམས་ནང་སྲིད་ལས་ཁུངས་བརྒྱུད་ནས་བཀའ་ཤག་ལ་དབུལ་དགོས་པ་རེད། གལ་ཏེ་ལས་བསྡོམས་དག་ཏག་ཏག་མ་འབྱོར་བ་ཡིན་ན། གྲོས་ཚོགས་སུ་ལན་འདེབས་བྱ་ཁག་པོ་ཡོད་པ་དང་། གྲོས་ཚོགས་ཀྱིས་མི་མང་གི་གནས་སྟངས་སོགས་ལ་འགན་ཁུར་དགོས་ཀྱང་། ལས་བསྡོམས་དེ་དག་དུས་ཐོག་ཏུ་མ་འབྱོར་བའི་དབང་གིས་མི་དམངས་ཀྱི་གནས་བབ་ལ་འགན་ཁུར་མི་ཐུབ་པའམ། འགན་ཚད་ལྡན་ཁུར་མ་ཐུབ་པའི་གནས་སྟངས་སུ་གྱར་མི་སྲིད་པ་མིན་པས། ལས་བསྡོམས་དུས་ཐོག་ཏུ་བཏང་ཐུབ་མེད་མཁན་གྱི་ས་གནས་ཁག་གིས། རྒྱུ་མཚན་ག་རེ་བཤད་ཀྱང་ལས་དོན་ཚགས་ཚུད་འགྲོ་ཡི་མེད་པའི་རྟགས་མཚན་ཉག་ཅིག་ཡིན་པས། རྗེས་མ་ལས་བསྡོམས་རྣམས་དུས་ཐོག་ཏུ་འབྱོར་དགོས་པའི་འབོད་སྐུལ་ཞུས་པ་དང་། ས་གནས་ཁག་གི་ནང་དུ་ཡོད་པའི་མཉམ་འབྲེལ་གྱི་ལས་དོན་ཁ་ཤས་ལ་འཐུས་ཤོར་སོང་ནས། གྱོང་གུད་བྱུང་བའི་རིགས་ཀྱང་འདུག་པས། ལས་དོན་དེ་དག་གི་ཐད་ལ་སྔར་ལས་ཤུགས་སྣོན་བརྒྱག་དགོས་པ་དང་། མི་འགྱངས་བར་ནང་སྲིད་ཀྱི་དྲུང་ཆེ་གཙོས་ལས་མི་ཁག་ཅིག་གིས་ས་གནས་ཁག་གི་མཉམ་འབྲེལ་སོགས་ལ་ཞིབ་འཇུག་ལྟ་སྐོར་ལ་ཕེབས་དགོས་པ་དང་། མཉམ་འབྲེལ་ཁག་གིས་ཁུངས་མ་འཁྱོལ་ཚེ། ནང་སྲིད་ལས་ཁུངས་ཀྱིས་འགན་འཁུར་བྱ་དགོས་པས། དེ་དག་ལ་གྱོང་གུད་མ་ཐེབས་གོང་ནས་བློ་འདྲི་ས་ཞིག་དགོས་སྟབས། རྗེས་སུ་སྤྱི་འཐུས་ལྷན་ཚོགས་ཀྱིས་འདོད་པ་དང་དང་ལེན་ཡོད་ན། ས་གནས་འཐུས་ཚོགས་མེད་སའི་ས་གནས་ཁག་ལ་ས་གནས་འཐུས་ཚོགས་ཤིག་བཙུགས་ཐབས་བྱ་རྒྱུ་ཡིན་པ་དང་། ས་གནས་འཐུས་ཚོགས་མེད་པའི་ས་གནས་ཁག་ལ་གཞི་རིམ་དམངས་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་སྒྲིག་འཛུགས་ཀྱི་འགྲོ་སྟངས་སོགས་ཀྱི་ཐོག་ནས་མི་དམངས་ལ་གྱོང་གུད་ཅིག་རག་གི་ཡོད་པར་བརྟེན། ས་གནས་ཀྱི་འགན་འཛིན་རྣམས་ཀྱིས་འགན་འཁྲི་དང་དུ་བླངས་ནས་ས་གནས་སུ་ཡར་རྒྱས་གཏོང་དགོས་རིགས་ལ་ཧུར་བརྩོན་བྱ་དགོས་སྐོར་སོགས་གསུངས་བྱུང་།
ཡང་སྲིད་སྐྱོང་མཆོག་གིས། བོད་པའི་གཞིས་ཆགས་ཁག་ཏུ་མི་མང་གནས་དགོས་ན། འཚོ་རྟེན་གྱི་རྨང་གཞི་ཞིག་དགོས་པ་བཞིན། འཚོ་རྟེན་ཡག་པོ་མེད་ཚེ་གཞིས་ཆགས་ཁག་གི་གཞོན་སྐྱེས་དང་། གཞོན་སྐྱེས་ཤེས་ཡོན་ཅན། ཕྲུ་གུ་བཙས་རྒྱུ་ཡོད་མཁན་རིགས་ཀྱི་འཚོ་གནས་ལ་དཀའ་ངལ་ཕྲད་དེ། གཞིས་ཆགས་ཁག་ཏུ་མི་ཇེ་ཉུང་དུ་འགྲོ་ཡི་ཡོད་པ་དང་། ཕྲུ་གུ་བཙས་རྒྱུ་ཡོད་མཁན་རིགས་གནས་མ་ཐུབ་ཚེ། སློབ་གྲྭ་ཁག་ཏུའང་སློབ་མ་ཇེ་ཉུང་དུ་ཕྱིན་པའི་དཀའ་ངལ་བྱུང་གི་ཡོད་པས། དེའི་ཐད་ལ་དགོངས་པ་ཆེན་པོ་བཞེས་དགོས་པ་དང་། སྤྱི་པའི་རྐུབ་སྟེགས་སུ་སྡོད་མཁན་ཞིག་ཡིན་ཚེ། རང་དོན་རྒྱབ་ལ་སྐྱུར་ནས་སྤྱིའི་ལས་དོན་ལ་འབད་བརྩོན་དགོས་པ་ལས། སྤྱིའི་རྐུབ་སྟེགས་སུ་བསྡད་ནས་རང་དོན་ཁོ་ན་བསམ་པ་ཡིན་ན། སྤྱི་ཚོགས་སུ་གླེང་སློང་དང་རྙོག་གྲ་མང་པོ་ཞིག་བྱུང་གི་ཡོད་སྐོར་དང་། སྤྱིའི་ལས་དོན་ལ་ལྷག་བསམ་རྣམ་དག་ཐོག་ནས་བརྩོན་པ་བྱས་ཚེ། ལས་དོན་མཐའ་དག་ཚགས་ཚུད་ཡོང་བ་དང་། བཤད་རྒྱུ་གླེང་རྒྱུ་ཡང་ཉུང་བ་ཡོད་པ། དེ་བཞིན་རང་དོན་ཀྱང་ཞོར་གྱིས་འགྲུབ་ཡོང་བ་དང་། ལྷག་པར་བོད་གངས་ཅན་པ་ལ་༧མགོན་པོ་གང་ཉིད་ཀྱི་ཐུགས་བརྩེའི་འཕྲིན་ལས་ཡོད་པ་དང་། ལྷ་ཆོས་སྐྱོང་སྲུང་མ་དག་གི་སྡོང་གྲོགས་ཡོད་པས། ཚང་མས་ནུས་པ་མཉམ་སྤུངས་ཀྱི་སྤྱི་དོན་ལ་གཞོལ་ན་ལས་དོན་མཐའ་དག་ཚགས་ཚུད་ལམ་ལྷོང་ཡོང་སྐོར་སོགས་གསུངས་བྱུང་།
གསར་འགོད་པ། དཔལ་ལྡན།