དབྱིན་ཇི་བཙན་རྒྱལ་རིང་ལུགས་པའི་དབང་བསྒྱུར་འོག་ལོ་ངོ་བརྒྱ་ཕྲག་འགར་བསྡད་པའི་ཁེ་རི་བྷི་ཡན་གྱི་མཚོ་གླིང་རྒྱལ་ཁབ་བྷར་བྷེ་ཌོ་སི་ནང་གི་དབྱིན་ཇི་རྒྱལ་མོའི་གོ་དབང་མཇུག་སྒྲིལ་ཏེ་འཛམ་གླིང་གི་སྤྱི་མཐུན་རྒྱལ་ཁབ་གསར་ཤོས་ཆགས་ཡོད་པ་རེད།
ཁ་སང་ཕྱི་ཚེས་ ༣༠ ཉིན་གྱི་མཚན་གུང་ཆུ་ཚོད་ ༡༢ སྟེང་འདས་པའི་ལོ་ངོ་ ༤༠༠ ཙམ་རིང་ལ་དབྱིན་ཇིའི་དབང་བསྒྱུར་འོག་ཚུད་པའི་བྱང་ཨ་མེ་རི་ཁའི་ཁེ་རི་བྷི་ཡན་རྒྱ་མཚོའི་(Caribbean) གླིང་ཕྲན་རྒྱལ་ཁབ་བྷར་བྷེ་ཌོ་སི་ (Barbedos)ཡིས་གཞུང་འབྲེལ་ཐོག་དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་གཉིས་པའི་(Queen Elizabeth II) དབང་བསྒྱུར་ཡོངས་སུ་མཇུག་བསྒྲིལ་ཏེ། རྒྱལ་ཁབ་ཀྱི་སྲིད་འཛིན་གསར་པ་བསྐོ་གཞག་གིས་འཛམ་གླིང་གི་སྤྱི་མཐུན་རྒྱལ་ཁབ་གསར་ཤོས་དེར་གྱུར་ཡོད་པ་རེད།
བྷར་བྷེ་ཌོ་སི་དངོས་སུ་གྲོས་ཚོགས་རང་བཞིན་གྱི་སྤྱི་མཐུན་རྒྱལ་ཁབ་ལ་གསལ་བསྒྲགས་བྱས་པའི་མཛད་སྒོའི་སྟེང་དབྱིན་ཇིའི་རྒྱལ་མོའི་དར་ཆ་མར་ཕབ་སྟེ། རྒྱལ་མོར་མཐའ་མཇུག་གི་གུས་ཕྱག་ཕུལ་བ་དང་། འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་ཡུལ་དེའི་གྲོས་ཚོགས་གོང་འོག་གི་རྒྱབ་སྐྱོར་མོས་མཐུན་ཐོབ་པ་བཞིན། རྒྱལ་མོའི་སྐུ་ཚབ་ཏུ་བསྐོ་གཞག་བྱེད་སྲོལ་ཡོད་པའི་བྷར་བྷེ་ཌོ་སི་ཡི་སྤྱི་ཁྱབ་གཞུང་འཛིན་པ་ལྕམ་སན་དྷ་ར་མེ་སོན་ (Sandra Mason)ལགས་ཡུལ་དེའི་སྲིད་འཛིན་ཐོག་མར་བསྐོ་གཞག་བྱས་ཡོད་པ་རེད་འདུག མཛད་སྒོའི་སྟེང་སྲིད་འཛིན་གསར་པས། དེ་རིང་ང་ཚོའི་བགྲོ་གླེང་དང་ལབ་གླེང་དག་དོན་དངོས་ལག་ལེན་ཐོག་ཁེལ་ཐུབ་པ་བྱུང་ཡོད་ལ། ང་ཚོའི་ཕྱོགས་སྟོན་འཁོར་ལོ་ཁ་ཕྱོགས་གསར་པ་ཞིག་ལ་གཏད་ཡོད། ཅེས་དང་། བྷར་བྷེ་ཌོ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུ་གཟིངས་འདི་རང་གི་མཚོ་འགྲུལ་ཐོག་མ་བྱས་ཟིན། ངས་བྷར་བྷེ་ཌོ་སི་ཡི་གྲུ་གཟིངས་འདིས་དྲག་ཆར་བུ་ཡུག་ཟིལ་གྱིས་མནན་ཏེ་ང་ཚོའི་རྒྱལ་ཁབ་དང་མི་སེར་རྣམས་བདེ་ཐང་ངང་མཚོ་ཁར་བསྐྱལ་ཐུབ་པའི་རེ་སྨོན་ཞུ་ཡི་ཡོད། ཅེས་བརྗོད་ཡོད་འདུག
ཁ་སང་སྤྱི་མཐུན་རྒྱལ་ཁབ་ཀྱི་གསལ་བསྒྲགས་ཀྱི་མཛད་སྒོའི་སྟེང་དབྱིན་ཇིའི་རྒྱལ་མོ་དངོས་སུ་བཅར་ཐུབ་མེད་ཀྱང་། ཁོང་མོའི་སྐུ་ཚབ་ཏུ་རྒྱལ་སྲས་ཆར་ལེ་སི་ (Prince Charles) མངག་གཏོང་གནང་ཡོད་པ་མ་ཟད། བྷར་བྷེ་ཌོ་སི་རྒྱལ་ཁབ་ཀྱི་མ་འོངས་པ་དེ་བཞིན་ཞི་བདེ་དང་། དགའ་བ། ཡར་རྒྱས་གོང་འཕེལ་ཞིག་ཏུ་ཡོང་རྒྱུའི་རེ་སྨོན་བསྐུར་འདུག་ལ། རྒྱལ་མོ་རང་ཉིད་ཀྱི་སེམས་ཁོངས་སུ་གླིང་ཕྲན་རྒྱལ་ཁབ་དེར་གོ་བབ་དམིགས་བསལ་ཞིག་ཡོད་སྐོར་ཡང་གསུངས་ཡོད་འདུག རྒྱལ་སྲས་ཆར་ལེ་སི་ཡིས་གཏམ་བཤད་ནང་བྷར་བྷེ་ཌོ་སི་རྒྱལ་ཁབ་ཀྱིས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་འགྱུར་བའི་སྐབས་སུ་བྲན་གཡོག་ཚོང་འགྲེམ་གྱིས་མཚོན་པའི་དཀའ་སྡུག་མང་པོ་མྱངས་ཡོད་རབས་དང་། ད་ལྟ་རྩ་ཁྲིམས་ལ་གྱུར་བ་ཕྱིན་ཟིན་ཡང་དབྱིན་ཇི་དང་བྷར་བྷེ་ཌོ་སི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་བཞིན་རྒྱུན་གནས་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག་ལ། གཏམ་བཤད་གྲུབ་རྗེས་ཡུལ་དེའི་སྲིད་འཛིན་གསར་པས་རྒྱལ་སྲས་ལ་བྷར་བྷེ་ཌོ་སི་ཡི་རང་དབང་(Order of Freedom of Barbados) ཞེས་པའི་ཆེ་བསྟོད་གཟེངས་རྟགས་ཕུལ་ཡོད་འདུག
གཞན་ཡང་ཁ་སང་གི་མཛད་སྒོའི་སྟེང་བྷར་བྷེ་ཌོ་སི་གླིང་ཕྲན་ནས་ཡིན་པའི་འཛམ་གླིང་ཡོངས་སུ་སྙན་གྲགས་ཆེ་བའི་གླུ་མ་རི་ཧཱ་ན་(Rihanna) ཡང་མགྲོན་འབོད་བྱས་ཡོད་པ་མ་ཟད། ཁོང་མོར་རྒྱལ་ཁབ་ཀྱི་དཔའ་བོ་ཞེས་པའི་མཚན་མཐོང་ཡང་འབུལ་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་འདུག དེ་སྔ་ཕྱི་ལོ་ ༢༠༡༨ ལོར་བྷར་བྷེ་ཌོ་སི་གཞུང་གིས་ཁོང་མོར་རྒྱལ་ཁབ་ཀྱི་སྐུ་ཚབ་ (Ambassador) ཏུ་བསྐོ་གཞག་བྱས་ཡོད་པ་རེད།
འཛམ་གླིང་གི་མི་སེར་སྤེལ་ཡུལ་ལྟེ་བར་གྱུར་བའི་ཨ་མེ་རི་ཁ་གླིང་གི་མཚོ་གླིང་རྒྱལ་ཁབ་བྷར་བྷེ་ཌོ་སི་ནི་དབྱིན་ཇིས་དབང་བསྒྱུར་དང་མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་ཐོག་མའི་གྲས་ཤིག་ཡིན་འདུག དེ་ཡང་ཐོག་མར་ཕྱི་ལོ་ ༡༦༢༧ ལོར་དབྱིན་ཇི་བྷར་བྷེ་ཌོས་ལ་གཞིས་ཆགས་སྟེ་རིམ་པས་དབྱིན་ཇི་རྒྱལ་མོའི་དབང་བསྒྱུར་འོག་ཚུད་དེ། གླིན་ཕྲན་འདི་ཉིད་ཨ་ཧྥེ་རི་ཁ་ནས་དབོར་འདྲེན་བྱས་པའི་བྲན་གཡོག་རྣམས་ལ་བུར་ཤིང་འདེབས་ལས་བྱ་སའི་ས་ཁུལ་ཞིག་ཏུ་གྱུར་ཡོད་པ་རེད། ཕྱི་ལོ་ ༡༨༣༤ ལོར་བྷར་བྷེ་ཌོ་སི་ནང་བྲག་གཡོག་ལམ་ལུགས་རྩ་མེད་བཏང་སྟེ། ཕྱི་ལོ་ ༡༩༦༦ ལོར་གླིང་ཕྲན་འདི་ཉིད་རང་བཙན་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ནའང་། ད་བར་ཡུལ་འདི་གྲོས་ཚོགས་ལྡན་པའི་རྒྱལ་རྒྱུད་རིང་ལུགས་ཀྱི་དབང་བསྒྱུར་འོག་ཡོད་ཅིང་། རྒྱལ་ཁབ་ཀྱི་གཙོ་འཛིན་ནི་དབྱིན་ཇིའི་རྒྱལ་མོ་ཨེ་ལེ་ཛེ་བྷེ་ཐི་ཡིན་པ་རེད། འོན་ཀྱང་ཁ་སང་བྷར་བྷེ་ཌོ་སི་འདི་ཉིད་དབྱིན་ཇིའི་དབང་བསྒྱུར་ནས་ཡོངས་སུ་ཁ་བྲལ་ཏེ་རང་དབང་རང་བཙན་ལྡན་པའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་རེད།
མི་འབོར་འབུམ་ ༣ ལས་མེད་པའི་མཚོ་གླིང་རྒྱལ་ཕྲན་བྷར་བྷེ་ཌོ་སི་ཡིས་འདི་ལོའི་ཕྱི་ཟླ་ ༩ པའི་ནང་དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་རྒྱལ་ཁབ་དེའི་དབུ་འཛིན་གྱི་གོ་གནས་ནས་འཕོ་འགྱུར་བཏང་སྟེ། བྷར་བྷེ་ཌོ་སི་རང་གི་མི་ཞིག་སྲིད་འཛིན་དུ་བསྐོ་གཞག་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད། དབྱིན་ཇིའི་དབང་བསྒྱུར་འོག་ཏུ་ཡོད་པའི་ཁེ་རི་བྷིན་རྒྱ་མཚོའི་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་ཁྲོད་ནས། ཕྱི་ལོ་ ༡༩༦༦ ལོར་རང་བཙན་ཐོབ་པའི་རྒྱལ་ཁབ་གྷུ་ཡ་ན་(Guyana) དེ་ཉིད་ཕྱི་ལོ་ ༡༩༧༠ ལོར་སྤྱི་མཐུན་རྒྱལ་ཁབ་ཏུ་གྱུར་ཡོད་པ་དང་། དེ་བཞིན་རྒྱལ་ཕྲན་ཊི་རི་ནི་ཌེཌ་(Trinidad) དང་ཊོ་བྷ་གོ་ (Tobago) གཉིས་ཀྱང་ཕྱི་ལོ་ ༡༩༦༢ ལོར་རང་བཙན་ཐོབ་སྟེ་ཕྱི་ལོ་ ༡༩༧༦ ལོར་སྤྱི་མཐུན་རྒྱལ་ཁབ་ཏུ་གསལ་བསྒྲབས་བྱས་ཡོད་པ་རེད། གཞན་ཡང་ཕྱི་ལོ་ ༡༩༧༨ ལོར་ཁུལ་དེའི་རྒྱལ་ཕྲན་ཌོ་མི་ནི་ཁ་ (Dominica) དེ་དབྱིན་ཇི་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་རང་བཙན་ཐོབ་པ་རེད། འོན་ཀྱང་ད་ལྟའི་ཆར་ཨོ་གླིང་དང་། ཁེ་ན་ཌ། ཇེ་མེ་ཁ་ (Jamaica)། ནེའུ་ཛི་ལེན་ཌི། པ་པུ་ཝ་ནེའུ་གྷེ་ནི་ (Papua New Guinea) སོགས་ཀྱིས་མུ་མཐུད་ནས་དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་སོ་སོའི་རྒྱལ་ཁབ་ཀྱི་དབུ་འཛིན་དུ་འདོད་ཀྱི་ཡོད་པ་རེད། ད་ལན་བྷར་བྷེ་ཌོ་སི་དབྱིན་ཇིའི་དབང་བསྒྱུར་ནས་ཡོངས་སུ་ཐོན་ཟིན་ནའང་། ཕལ་ཆེ་བ་དབྱིན་ཇིའི་དབང་བསྒྱུར་འོག་ཚུད་མྱོང་བའི་འཛམ་གླིང་གི་རྒྱལ་ཁབ་ ༥༤ ལས་གྲུབ་པའི་ལྷན་ཚོགས་(Commonwealth of Nations)ནང་མུ་མཐུད་ཞུགས་རྒྱུ་ཡིན་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།