བོད་འབྱོར།
གནའ་ནས་ད་ལྟའི་བར་དུ་བདེན་པ་དང་རང་དབང་དོན་གཉེར་གྱི་འགྲོ་མིའི་བྱུང་རིམ་རིང་མོའི་ནང་མི་ཚོགས་ཀྱི་གཉའ་ནས་གནོན་པའི་བཙན་དབང་གི་སྒེར་གཅོད་པ་དག་གིས་མིའི་གཉུག་གཤིས་དང་། རང་བྱུང་གི་ཆོས་ཉིད་རྡོག་རོལ་བཏང་སྟེ། རླབས་ཆེན་གྱི་སྐྱེས་བུ་མང་དག་ཅིག་བཙན་ཤེད་ཀྱིས་བཙོན་དུ་འཇུག་པ་དང་། རྡུང་རྡེག་བྱེད་པ། ཐ་ན་གང་དེའི་སྐུ་སྲོག་ལ་རྒོལ་བའི་བགྱི་བ་བརྩམས་དང་རྩོམ་གྱིན་པ་ཡིན་ནའང་། དོན་དངོས་སུ་རྒྱུ་འབྲས་པ་ཐལ་དྲགས་པ་དང་། ཡིད་སེམས་སྐྱོ་བའི་བྱ་སྤྱོད་འདི་དག་ལ་ལོ་རྒྱུས་ཀྱིས་བདེན་ཁ་སྟེར་མ་མྱོང་ཞིང་། སྟེར་ཡང་མི་སྲིད་དེ། འདི་ལྟར་བྱེད་པ་ནི་འགྲོ་མིའི་ཆེས་མ་མཐའི་ཐོབ་ཐང་དང་རང་དབང་། མི་གཞིའི་ཆེ་མཐོང་སོགས་ཀྱིས་མཚོན་བླ་མེད་ཀྱི་ལས་སྐལ་འདི་དག་ལ་རྡོག་རོལ་གཏོང་བ་ཡིན་པས་སོ། །
གཉིས།
སྒེར་གཅོད་ཀྱིས་དབང་བསྐུར་བའི་ཡུལ་ལུང་གང་ཞིག་དང་། སྲིད་གཞུང་གང་ཞིག་ཏུ་སྒེར་གཅོད་པ་དག་གིས་ཆེས་ཉན་མི་བཟོད་ཅིང་། མཐོང་མི་འདོད་པ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་གནས་བབ་སྡུག་པོ་དང་ཉེན་ཚབས་རང་བཞིན་ལ་འགན་འཁྲིའི་འདུ་ཤེས་དྲག་པོ་ལྡན་པའི་སྐྱེས་བུ་གང་དེའི་བདེན་པ་སྨྲ་བར་མི་འཇིགས་པའི་སྤོབས་པ་དང༌། རྣག་ཐོག་ཁབ་བཙག་བྱེད་པར་བག་མི་འཁུམས་པའི་གཤིས་ཀ བདེན་དོན་དང་འགྲོ་མིའི་གཞི་རྩའི་ཐོབ་ཐང་ཁག་སྲོག་ལྟར་སྲུང་བའི་རྒྱུ་འབྲས་ཀྱི་བློ་མིག་སོགས་ཡིན་ངེས་ལ། དེའི་རྒྱུ་མཚན་གྱིས་ཁོ་ཚོ་ཐབས་ཟད་འུ་ཐུག་གིས་འདས་པའི་བྱུང་བ་ཁག་ཏུ་རབ་ཏུ་བདོ་བའི་ལོ་རྒྱུས་ཀྱི་སྐྱོ་གར་གང་དེ་སླར་ཡང་མི་འཁྲབ་ཐབས་མེད་དུ་གྱུར་ཅིང་། ཕྱི་ནང་གི་གནོན་ཤུགས་ལ་མ་ལྟོས་པར་བཙན་ཤེད་བཀོལ་གྱིན་པ་འདིས་བདེན་ལུགས་ནི་སྒེར་གཅོད་པ་དག་དང་མཉམ་དུ་གནས་མི་ཐུབ་པར་ར་སྤྲོད་ལས་གཞན་ཅི་ཡང་མིན།
གསུམ།
མི་མང་ཤས་ཤིག་གིས་ཁྱེད་ཉིད་བཙོན་ཁང་དུ་ཚུད་པར་ཕངས་སེམས་དང་ཡིད་སྐྱོ་བའི་མྱ་ངན་བྱེད་ཀྱིན་འདུག ཁོ་ཚོར་ཡང་ཁག་མི་འདུག་སྟེ། མི་རིགས་དང་རྒྱལ་ཁབ་ལ་གློ་བ་དཀར་བའི་མི་དག་གཅིག་རྗེས་གཉིས་མཐུད་དུ་ཁྲི་མུན་དུ་བཅུག་པ་ནི་ཡིད་སྐྱོ་ཞིང་སྲིད་གཞུང་གང་དེའི་ངོ་ཚ་ཞིག་ཅི་ལ་མིན་ཏེ། ཏག་ཏག་ཡིན་ན་འང་། ཕྱོགས་གཅིག་ནས་འགྲོ་མིའི་བདེན་པ་འཚོལ་སྙེག་གི་ལམ་བུ་རིང་མོའི་ནང་བདེན་དོན་གྱི་གོ་རྟོགས་སད་ཅིང་། རང་བྱུང་གི་གཞི་རྩའི་ཆོས་ཉིད་གཙུག་ཏུ་བཀུར་བའི་རླབས་ཆེན་སྐྱེས་བུ་སུ་ཞིག་ལ་ཡུལ་དུས་དེའི་དབང་བསྒྱུར་པས་བཙན་ཤེད་ཀྱིས་མནར་གཅོད་མྱོང་དུ་འཇུག་མ་མྱོང་ངམ། སུ་ཞིག་ཤེ་མུན་དང་ཁྲི་མུན་དུ་བཅུག་མ་མྱོང་ངམ། དེས་ན་བདེན་པ་དང་རང་དབང་དོན་གཉེར་གྱི་སྐྱེས་བུ་དམ་པ་ཞིག་ལ་མཚོན་ལ། རང་དབང་གི་སླད་དུ་རང་དབང་ཤོར་བ་ནི་ཆེས་ལོན་ཐབས་བྲལ་བའི་གཟི་བརྗིད་ཅིག་རེད་ལ། གང་དེ་རླབས་ཆེན་གྱི་སྐྱེས་བུར་གྱུར་བའི་རྟགས་མཚན་ཞིག་ཀྱང་རེད་འདོད། མི་ཞིག་གི་མི་ཚེའི་རིན་ཐང་ནི་གང་དེ་ལོ་ན་ཅི་ཙམ་ལ་གསོན་ཐུབ་ཡོད་མེད་མིན་པར། གང་དེས་རང་གི་མི་ཚེའི་ནང་རང་གིས་སྒྲུབ་འོས་ཤིང་སྒྲུབ་ཐུབ་པའི་རླབས་ཆེན་གྱི་བྱ་གཞག་ཅིག་འཁྱོངས་ཡོད་མེད་དེ་རེད་པས། བྱ་བ་འདི་ཁོ་ནས་ཀྱང་ཁྱེད་ཀྱི་མི་ཚེའི་རིན་ཐང་མཚོན་ཐུབ། བྱ་བཞག་འདི་མི་རིགས་ཀྱིས་བརྗེད་མི་སྲིད་ལ། ལོ་རྒྱུས་ཀྱིས་ཀྱང་བརྗེད་མི་ཐུབ་ཅིང་བརྗེད་མི་སྲིད་ཨང་།
བཞི།
ཁྱེད་ཉིད་སྐྱོ་མི་དགོས་ཏེ། རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་ཅིང་། རྒྱལ་ཁམས་ཀྱི་ཁ་ན་རྒྱུ་འབྲས་ཀྱི་བློ་མིག་ཡོད་པས། རོམ་ཡེ་ཤུའི་ཆོས་ཚོགས་ཀྱིས་པུ་རོ་ནོ་ལ་བསྲེག་ཁྲིམས་བཅད་པར་ཕྱིས་སུ་ཆོས་ཚོགས་ཀྱིས་འགྱོད་བཤགས་བྱས་པ་དང༌། ནག་ཉེས་ངོས་ལེན་བྱས་པ་ལྟར། ནམ་ཞིག་རྒྱ་ནག་དབུས་སྲིད་གཞུང་གིས་ཀྱང་ཉིད་ལ་དེ་ལྟར་བྱེད་ངེས་པའི་གདེང་ཚོད་ཡོད་དེ། བདེན་དོན་ནི་སྒེར་གཅོད་པ་སུ་ཞིག་དང་། སྲིད་གཞུང་གང་གིས་ཀྱང་རྩ་མེད་གཏོང་མི་ཐུབ་པར་ནམ་ཞིག་བདེན་པའི་མཐའ་གསལ་ངེས་ཡིན་པས་སོ། །
འོས་སྦྱོར་བ། སྐྱེས་སར་ཀླུ་སྒྲུབ།