མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༡ ལོའི་བོད་ནང་གི་གསར་འགྱུར་ཆེ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

བཙོན་དུ་བཅུག་པའི་བོད་མི།

འདི་ལོའི་ཕྱི་ཟླ་ ༡༢ ནང་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ཁ་བྲལ་གྱི་ཁྲིམས་འགལ་ལས་ཀ་བྱས་ཡོད་པའི་ཉེས་མིང་འོག ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་སའི་ཉེ་འཁྲིས་ཀྱི་བཙོན་ཁང་ཞིག་ཏུ་བཅུག་ཡོད་འདུག ཕྱི་ལོ་༡༩༩༨ ལོར་བོད་རྔ་བའི་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཆབ་སྲིད་ལས་འགུལ་སྤེལ་སྐབས་དང་། ཕྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོ། དེ་བཞིན་ཕྱི་ལོ་༢༠༡༡ བཅས་སུའང་རྩོམ་པ་པོ་ཁོང་ལ་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་གཡོགས་ཏེ་ཐེངས་གསུམ་ལ་འཛིན་བཟུང་བཙོན་འཇུག་བྱས་མྱོང་ཡོད་འདུག ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་ཁོང་འཛིན་བཟུང་བྱས་ཏེ་ལོ་གཅིག་དང་ཟླ་གཅིག་ལྷག་འགོར་རྗེས་གཞི་ནས་ཁྲིམས་ཐག་བཅད་ཟིན་པའི་གནས་ཚུལ་ཐོན། དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་ཁྲིན་ཏུན་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་གིས་རྔ་བའི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པའི་བོད་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་པ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་ལོ་ ༤ དང་ཟླ་ ༦ ཁྲིམས་ཐག་བཅད། ཁོང་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ ཉིན་འཛིན་བཟུང་བྱས་རྗེས་ལོ་གཅིག་དང་ཟླ་ ༨ ཙམ་རིང་གོ་ཐོས་མེད་པར་གྱུར་ཡོད་པ་རེད། གཞན་ཡང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་དུ། ཕྱི་ལོ་ ༢༠༢༠ ཟླ་ ༩ པའི་ནང་གཞིས་ཀ་རྩེ་མི་དམངས་འབྲིང་རིམ་ཁྲིམས་ཁང་ཟེར་བས། གྲྭ་ཆོས་རྒྱལ་དབང་པོ་ལགས་སུ་ལོ་ ༢༠ དང་གྲྭ་བློ་བཟང་སྦྱིན་པ་ལགས་སུ་ལོ་ ༡༩། དེ་བཞིན་ནོར་བུ་དོན་འགྲུབ་ལགས་སུ་ ༡༥།  གྲྭ་ངག་དབང་ཡེ་ཤེས་ལགས་སུ་ལོ་ ༥ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཕྱིར་ཐོན།  ཡང་འདི་ལོའི་ཕྱི་ཟླ ༡༢ ནང་ཁྲིམས་ཁང་གིས་གསང་བའི་ཐོག་ནས་རྔ་བ་ཀིརྟི་དགོན་གྱི་རང་ལོ་ ༢༠ ཙམ་ཡིན་པའི་གྲྭ་འཕྲིན་ལས་ལགས་སུ་༧གོང་ས་མཆོག་གི་བཀའ་སློབ་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་དེ་མེན་ཡཱང་བཙོན་ཁང་དུ་བཅུག  ཡང་འདི་ལོའི་ཕྱི་ཟླ་ ༡༠ ནང་ས་བྱི་ཞི་རྒོལ་སྐོར་གྱི་དཔེ་དེབ་གལ་ཆེན་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་ཞེས་པའི་རྩོམ་པ་པོ་བློ་བཟང་ལྷུན་གྲུབ་བམ་སྨྱུག་མིང་ལ་དྷཱི་ལྷ་ལྡན་ལགས་ཀྱི་ཁྱིམ་མི་ཚོར་རྩོམ་པ་པོ་ཁོང་ལ་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་བརྡ་ཐོ་འབྱོར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ཁོང་ཕྱི་ལོ་ ༢༠༡༩ ཟླ་ ༦ ནང་འཛིན་བཟུང་བྱས་ཡོད་པ་རེད། གཞན་ཡང་འདི་ལོའི་ཟླ་ ༣ ནང་ འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་རྒྱ་ནག་གཞུང་གིས། བོད་མི་བཀྲ་ཤིས་རྒྱལ་ཞུ་བ་ཞིག་གིས། སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་༧གོང་ས་མཆོག་གི་སྐུ་པར་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་པར། དེ་བཞིན། ཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པའི་པར་རིས་དང་༧གོང་ས་མཆོག་གི་བཀའ་སློབ་སོགས་དྲ་ལམ་ནས་ཕབ་ལེན་གྱིས་སྐད་འཕྲིན་གྱི་ཚོམས་ནང་བརྒྱུད་སྤེལ་བྱས་བར་བརྟེན། རྒྱལ་ཁབ་ཀྱི་བདེ་འཇགས་དང་བདག་དབང་། ས་ཁོངས་མཐུན་སྒྲིལ་བཅས་ལ་ཉེན་ཁ་བསྐྲུན་པའི་ཉེས་མིང་འོག ལོ་གཅིག་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བཀག་ཉར་མནར་གཅོད་འོག་གི་བོད་མི།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་རྩོམ་པ་པོ་གངས་མེ་སྟག་གམ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་། རྩོམ་པ་པོ་བོད་རུས་པའམ་སྲས་རྣམ་ལགས་གཉིས་སྔ་གཞུག་ཏུ་འཛིན་བཟུང་བྱས། ཡང་ཕྱི་ཟླ་ ༤ བའི་ནང་འབྲི་རུ་རྫོང་ཁོངས་ནས་བོད་མི་བརྒྱ་བྱིན་ལགས་གཙོས་པའི་བོད་མི་གཞན་ཁག་ཅིག་བཙན་འཁྲིད་བྱས། ཕྱི་ཟླ་ ༧ ཚེས་ ༢༠ ཡས་མས་ཤིག་ལ། རྔ་བ་རྫོང་སྤྲོ་ཚིགས་དགོན་པའི་དགུང་ལོ་ ༤༥ ཙམ་ཡིན་པའི་དགེ་བསྐོས་དཀོན་མེ་ལགས་འཛིན་བཟུང་བྱས། དེ་བཞིན་ཕྱི་ཟླ་ ༨ ཚེས་༡ ཉིན་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལགས་དང་། ཕྱི་ཟླ་ ༨ ཚེས་ ༡༤ ཉིན་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོ་རུ་རྒྱ་ནག་གཞུང་གིས་བོད་རིགས་ན་གཞོན་ཚོར་ཏང་ལ་དགའ་ཞེན་དང་བདེ་འཇགས་ལས་འགན་སློབ་གསོ་ཟེར་བའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཚོགས་འདུར་མ་ཡོང་བའི་སློབ་མ་ཤེས་རབ་རྡོ་རྗེ་ལགས། ཕྱི་ཟླ་ ༨ ཚེས་ ༢༤ ཉིན་མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ནས་བོད་མི་གཞོན་སྐྱེས་གཉིས་ཀྱིས། ས་གནས་དེར་འདི་ལོའི་སློབ་མགོ་ཚུགས་པ་དང་བསྟུན། སློབ་ཚན་ཚང་མ་རྒྱ་ཡིག་ནང་འཁྲིད་རྒྱུ་ཡིན་པའི་བཀོད་ཁྱབ་ལ་མི་ཉན་པར་སྐད་ཆ་བཤད་པའི་ཉེས་མིང་གཡོགས་ཏེ་ཁོང་ཚོ་ཚང་མ་སྔ་གཞུག་ཏུ་འཛིན་བཟུང་བྱས། ཡང་ཕྱི་ཟླ་ ༡༠ ཚེས་ཤར་ཙམ་ལ་རང་ལོ་ ༣༤ ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ལགས་དང་། ཕྱི་ཟླ་ ༡ ཚེས ༢༥ ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྲིད་གཞུང་གིས་ཚེ་མིང་ཅན་གྱི་བོད་མི་ཞིག་གིས་ཏོག་དབྱིབས་གཉན་རིམས་སྐོར་གྱི་གནས་ཚུལ་རྫུན་བསྒྲགས་བྱས་ཏེ། སྤྱི་ཚོགས་ཟང་ཟིང་བཟོས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་རྗེས་ཁོང་ཚོའི་གནས་སྟངས་ཅི་ཆགས་ཤེས་རྟོགས་ཐུབ་ཀྱི་མི་འདུག གང་ལྟར་འདི་ལོར་གཅིག་པུར་རྒྱ་ནག་གཞུང་གིས་ཉུང་མཐར་བོད་མི་ ༡༦༠ ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་།

སྡུག་སྦྱོང་མནར་གཅོད་མྱངས་བའི་ཆབ་སྲིད་བཙོན་པ།

ཕྱི་ལོ ༢༠༡༩ ཟླ ༡༢ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་རྫ་དབོན་པོ་དགོན་གྱི་གྲྭ་གཞོན་བསྟན་འཛིན་ཉི་མ་ལགས་འདི་ལོའི་ཕྱི་ཟླ་ ༡ ནང་སྡུག་སྦྱོང་ནད་མནར་འོག་འདས་གྲོངས་སུ་ཕྱིན། དེ་བཞིན་ཕྱི་ཟླ་ ༢ ཚེས་ ༦ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་དང་ཡུལ་སྐོར་སྣེ་ཤན་པ་དཀོན་མཆོག་སྦྱིན་པ་ལགས་དང་། ཕྱི་ཟླ་ ༥ ནང་ཁམས་ཤག་རོང་པོ་གེ་སོ་སྲ་བྷ་གྲོང་གི་བོད་མི་ནོར་བཟང་ལགས་གཉིས་ཀྱང་བཙོན་ཁང་གི་མནར་གཅོད་འོག་སྔ་གཞུག་ཏུ་འདས་གྲོངས་སུ་ཕྱིན། ཉེ་སྔོན་རྒྱའི་བཙོན་ཁང་དུ་ཡོད་པའི་བོད་རིགས་ཚོང་པ་ཆེན་པོ་བཀྲ་ཤིས་རྡོ་རྗེ་ལགས་དང་ཁོར་ཡུག་སྲུང་སྐྱོབ་པ་དོན་རྒྱལ་ལགས་གཉིས་ཀྱི་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཡོད་པའི་གནས་ཚུལ་ཐོན། འདི་ལོར་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་སོགས་ཆབ་སྲིད་བཙོན་པ་ ༨ ཙམ་ཀློད་གྲོལ་བཏང་ཡོད་ཀྱང་། མང་ཆེ་བའི་སྐུ་གཟུགས་གནས་སྟངས་སྐྱོ་བོ་ཆགས་ཡོད་པ་མ་ཟད། ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་ཀློད་གྲོལ་བཏང་བའི་སློབ་ཆེན་སློབ་མ་སངས་རྒྱས་མཚོ་ལགས་དང་། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༥ ཉིན་ཀློད་གྲོལ་ཐོབ་པའི་བོད་རིགས་བུད་མེད་སྒྲོལ་དཀར་ལགས་གཉིས་ཀྱང་དཔྱི་མགོ་དང་རྐང་པ་གཉིས་ནད་པར་གྱུར་ཏེ་སྨན་བཅོས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན།

རྒྱ་བསྒྱུར་སློབ་གསོ་ཤུགས་ཆེ་རུ་བཏང་།

འདི་ལོའི་ཟླ་ ༡༢ ཚེས་ ༩ ཉིན་རྒྱ་ནག་ཤེས་རིག་ལྷན་ཁང་གིས་སྤྱི་ཡོངས་ནས་དུས་རབས་གསར་བའི་སྐད་ཡིག་ལས་དོན་གྱི་བསམ་འཆར་ཟེར་བའི་སྲིད་ཇུས་ཤིག་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ།  ཕྱི་ལོ་ ༢༠༢༥ ལོར་རྒྱའི་སྤྱི་སྐད་ཁྱབ་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༨༥ ཟིན་དགོས་ཡོད་སྐོར་བསྒྲགས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ཙམ་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་བྱིས་གཉོར་ཁང་ནས་བཟུང་རྒྱ་ཡིག་རྒྱ་སྐད་གཙོ་གཉེར་གྱི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་མ་ཟད། རྒྱའི་སྐད་ཡིག་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཕ་སྐད་མ་ཡིག་ཡིན་ཚུལ་གྱི་དྲིལ་བསྒྲགས་བྱས་ཏེ། སློབ་འཁྲིད་ཐབས་ལམ་གཉིས་པ་ཞེས་རྒྱ་ཡིག་རྒྱ་སྐད་ཀྱི་ཐོག་ནས་སློབ་འཁྲིད་བྱེད་པའི་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་བོད་ཁུལ་གང་སར་བཙན་འགེལ་བྱེད་ཀྱི་ཡོད་པ་དང་བསྟུན། བོད་ཡིག་ཆེད་གཉེར་གྱི་སྒེར་བཙུགས་སློབ་གྲྭ་དང་དགོན་པའི་རིག་གནས་སློབ་གླིང་སོགས་ཀྱང་སྒོ་རྒྱག་ཏུ་འཇུག་གི་ཡོད་འདུག དེ་ཡང་འདི་ལོའི་ཕྱི་ཟླ ༧ ཚེས་༨ ཉིན་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་དངོས་སུ་སྒོ་བརྒྱབ་བཅུག་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དེ་འབྲེལ་བཀའ་རྒྱའི་ནང་། མགོ་ལོག་རྨ་ཆེན་རྫོང་ནས་སློབ་གྲྭ་གསུམ་དང་། དགའ་བདེ་ནས་སློབ་གྲྭ་གཅིག གཅིག་སྒྲིལ་གྱི་སློབ་གྲྭ་གཉིས་བཅས་ཁྱོན་བོད་མི་རང་གི་སྒེར་གཉེར་སློབ་གྲྭ་ ༧ སྒོ་བརྒྱག་དགོས་པའི་ཐོ་གཞུང་ནང་བཅུག་འདུག

བོད་མཐའ་མཚམས་ཀྱི་དམག་རྩལ་སྦྱོང་བརྡར།

འདི་ལོའི་ཕྱི་ཟླ་ ༨ པའི་ཟླ་མཇུག་ཏུ། རྒྱ་ནག་མི་མང་བཅིངས་གྲོལ་དམག་ཟེར་བའི་ཁོངས་གཏོགས་བོད་ཀྱི་དམག་ཁུལ་ཁང་གི་དམག་སྡེ་མི་འདྲ་བ་ ༡༠ ལྷག་མཉམ་བསྡུས་ཀྱི་ཐོག་ནས་གཞི་རྒྱ་ཆེ་བའི་དངོས་གཞིའི་དམག་སྦྱོང་བསྡུས་ཏེ། རྒྱ་ནག་གི་དམག་དོན་འཕྲུལ་ཆས་དང་གོ་མཚོན་གསར་པ་སྐོར་ཞིག་ཚོད་ལྟ་བྱས་ཡོད་པ་མ་ཟད། བོད་ཁུལ་ནས་དམངས་ཚོགས་རང་བཞིན་གྱི་དམག་མི་བསྡུས་ཏེ་སྦྱོང་བརྡར་སྤྲོད་ཀྱི་ཡོད་འདུག  ཕྱི་ཟླ་ ༧ ཚེས་ ༢༦ ཉིན་བོད་ཉིང་ཁྲི་ས་ཁུལ་བྲག་གསུམ་མཚོ་ཁུལ་དུ་གངས་ལྗོངས་ཁྲ་ཕྲུག་དམག་དོན་དབྱར་སྒར་ཞེས་པ་བཙུགས་ཏེ། ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་རྣམས་གཙོ་བོར་གྱུར་བའི་རང་ལོ་ ༨ ནས་ ༡༦ བར་གྱི་སློབ་ཕྲུག་གྲངས་ ༡༠༠ ལྷག་བསྡུས་ཏེ་བདུན་ཕྲག་གཅིག་ལྷག་ཙམ་རིང་དམག་སྦྱོང་སྤྲད་ཡོད་འདུག་ལ། དམག་སྦྱོང་དེ་ས་བབ་གནམ་གཤིས་ལ་དཔག་པའི་འཆར་ཅན་གྱི་དབྱར་དགུན་སྦྱོང་བརྡར་ཞིག་ཆགས་ཀྱི་ཡོད་འདུག  དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་ཁུངས་སུ་ཡོད་ཅིང་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་ ༦༢༨༢ ཙམ་ཡོད་པའི་གནས་ཆེན་གྲགས་ཅན་ཨ་མྱེ་རྨ་ཆེན་ནམ་རྨ་རྒྱལ་སྤོམ་རའི་མདུན་དུ། ཉིན་རྒྱུན་སྔ་དགོང་གཉིས་སུ་དམག་སྦྱོང་བྱེད་ཀྱི་ཡོད་པ་མ་ཟད། དབྱིག་གཞུང་སྡེ་བ་དང་དང་། དང་ལག་སོགས་ནས་བུད་མེད་མཐོ་རིམ་སློབ་མ་འཛུལ་ཞུགས་བྱས་ཚེ་དམིགས་བསལ་གྱི་ས་མིག་སྤྲོད་ཀྱི་ཡོད་སྟབས། ས་གནས་ཀྱི་ན་གཞོན་བུད་མེད་གང་ཙམ་ཞིག་དམག་ཁོངས་སུ་ཞུགས་ཡོད་འདུག་ལ། མི་མང་གིས་མོས་མཐུན་མེད་པའི་རྣམ་འགྱུར་རིགས་རྩ་བ་ནས་ཡོང་མི་ཆོག་པ་དང་། གལ་སྲིད་དེ་རིགས་བྱུང་ན་ས་གནས་མགོ་འཁྲིད་ཚོས་འགན་ལེན་དགོས་པ་སོགས་བརྗོད་ནས་སྡིགས་ར་སྐུལ་ཡོད་འདུག

དགོན་པར་བཙན་གནོན་དང་གྲྭ་བཙུན་ཕྱིར་འབུད།

ཕྱི་ཟླ་ ༡༠ ཚེས་ ༢༡ དང་ ༢༢ ཉིན་རྒྱ་ནག་གཞུང་གིས་རང་ལོ་༡༨ མ་ལོན་པའི་བྱིས་པ་ཚོ་གྲྭ་པ་བྱེད་མི་ཆོག་ཟེར་ནས། བོད་ཤར་ཕྱོགས་ཀྱི་བྱང་གི་དགོན་ཆེན་བཞི་ཡི་ཡ་གྱལ་བྱ་ཁྱུང་དགོན་པ་དང་། དྷི་ཚ་དགོན་གཉིས་ཀྱི་གྲྭ་པ་ཁྱོན་ ༨༠ ལྷག་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པ་རེད། གཞན་ཡང་། འདི་ལོའི་ཕྱི་ཟླ་ ༨ ནང་རྒྱ་ནག་གཞུང་གིས་བོད་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་མཁར་དམར་དགོན་སྒོ་བརྒྱབ་ཏུ་བཅུག་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། སྤྱི་ཚོགས་དྲ་ལམ་དུ་ཐོན་པའི་ཡུལ་དངོས་ཀྱི་བརྙན་ཐུང་ཁག་ཅིག་ནང་ས་གནས་ཀྱི་མགོ་འཁྲིད་དང་དམག་མི་མང་པོ་དགོན་པར་བསླེབས་ཡོད་པ་དང་། བཙུན་མ་མང་པོ་ཞིག་དགོན་པའི་འདུ་ཁང་མདུན་དུ་འཛོམས་ཏེ་ངུ་ངག་འདོན་བཞིན་ཐང་ལ་འགྱེལ་བ་དང་། གྲྭ་བཙུན་རེ་ཟུང་གིས་འདུ་ཁང་ཐོག་ནས་མར་མཆོང་གྲབས་བྱེད་ཀྱི་ཡོད་པ་སོགས་མཐོང་རྒྱུ་འདུག དེ་འབྲེལ་གྱི་གནས་ཚུལ་ནང་དགོན་པ་དེའི་བླ་མ་ཀུན་བཟང་འཕྲིན་ལས་ཆོས་ཀྱི་རྒྱལ་མཚན་ལགས་ནས་བྱམས་བརྩེའི་རོགས་རམ་ཆེད་སློབ་ཚོགས་ནས་ཁྱོན་རྒྱ་སྒོར་ཁྲི་ ༣༠ ལྷག་ཞལ་འདེབས་སུ་བསྡུས་པ་དེ་ཁྲིམས་འགལ་ཡིན་ལུགས་དང་། ལོ་རེའི་དགོན་པའི་ཡོང་འབབ་དང་ས་ཁང་ཕྱེད་ཀ་ས་གནས་སྲིད་གཞུང་ལ་སྤྲོད་དགོས་པའི་བཀའ་བཏང་བ་དེ་དྭང་ལེན་གནང་མེད་སྟབས། ས་གནས་སྲིད་གཞུང་ནས་དགོན་པ་སྒོ་བརྒྱག་དགོས་པ་དང་གྲྭ་བཙུན་རྣམས་ཕྱིར་འབུད་གཏོང་དགོས་པའི་བཙན་བཀའ་བཏང་ཡོད་ཀྱང་། འདི་ག་གསར་ཁང་ནས་སྔ་གཞུག་ཏུ་འབྲེལ་བ་བྱས་ཏེ་རྒྱུས་ལོན་བྱས་ཀྱང་ད་ལྟའི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག

དགེ་ལྡན་ནང་བསྟན་སློབ་གླིང་སྒོ་བརྒྱབ།

འདི་ལོའི་ཕྱི་ཟླ་༡༠ ནང་རྒྱ་ནག་གཞུང་གི་དྲག་གནོན་བཙན་བཀའ་འོག་བྲག་མགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་སྟེ། སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་སོགས་རྩ་གཏོར་དུ་བཏང་ནས་སློབ་མ་རྣམས་སྲིད་གཞུང་གི་སློབ་གྲྭར་འགྲོ་དགོས་པའི་བཀའ་བཏང་ཡོད་པ་དང་། ཁག་ཅིག་ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང་ཡོད་པ་རེད། གཞན་ཡང་། ཕྱི་ཟླ་ ༨ པའི་ཚེས་མགོར་ས་གནས་སྲིད་གཞུང་གིས་མདོ་ཁམས་ཏྲེ་ཧོར་དར་རྒྱས་ཡུལ་གྱི་རྒྱལ་བསྟན་དགེ་རྩ་སློབ་གྲྭའི་བསླབ་གཞི་དང་ཁྲིད་གཞི་ཚང་མ་རྒྱ་ཡིག་རྒྱ་སྐད་ནང་བསྒྱུར་དགོས་པ་མ་ཟད། ལོ་འཁོར་ཡིག་རྒྱུགས་ཀྱང་རྒྱ་ཡིག་ནང་གཏོང་དགོས། དེ་ལྟར་མ་བྱས་ཚེ་སློབ་གྲྭ་སྒོ་བརྒྱག་རྒྱུ་ཡིན་པའི་བཙན་བཀའ་བཏང་ཡོད་པ་རེད།

ཆོས་ལུགས་བྱེད་སྒོར་སྔར་ལྷག་བཀག་སྡོམ།

ཕྱི་ཟླ་ ༡༢ ཚེས་ ༢༠ ཙམ་ལ་རྒྱ་ནག་ཆོས་ལུགས་ལས་དོན་ཁང་ཟེར་བས་དྲ་ལམ་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་སྟངས་འཛིན་བྱེད་ཕྱོགས་ཟེར་བའི་དོན་ཚན་ཆེན་པོ་ལྔ་ཅན་གྱི་ཁྲིམས་ཡིག་ཅིག་གཏན་འབེབ་ཟིན་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་འདུག་ལ། ཁྲིམས་ཡིག་དེའི་ནང་འཕྲིན་སྟེགས་དང་ཟིན་བྲིས། སྐད་འཕྲིན་སོགས་སྤྱི་ཚོགས་དྲ་གནས་སོགས་སུ་ཐད་གཏོང་དང། པར་དང་ཡི་གེ བརྙན་སོགས་ཀྱི་ཐབས་ལམ་བརྒྱུད་ཆོས་ལུགས་རིག་གནས་དང་ཆོས་ལུགས་བྱེད་སྒོའི་རིགས་སོགས་སྤེལ་དགོས་ན་ངེས་པར་དུ་དྲ་ལམ་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་ཁང་ནས་ཆོག་མཆན་དགོས་པ་མ་ཟད། ཆོས་ལུགས་བྱེད་སྒོ་སྤེལ་མཁན་གཙོ་གཉེར་བ་དེ་རྒྱ་ནག་ནང་ལོགས་སུ་གནས་སྡོད་བྱེད་མཁན་དང་ཐོབ་ཐང་ལག་ཁྱེར་ཡོད་པ། ཉུང་མཐར་འདས་པའི་ལོ་ ༣ ནང་ཁྲིམས་འགལ་གྱི་ནག་ཉེས་མེད་པ་ཞིག་ཡིན་དགོས་ཀྱི་འདུག་ལ། ཆོས་ལུགས་བྱེད་སྒོ་སྤེལ་ཆོག་པའི་ཡི་གེ་དེར་ལོ་གསུམ་རེ་ནས་བསྐྱར་ཞིབ་བརྒྱུད་གསར་བཟོ་དགོས་པ་དང་། ཆོག་མཆན་ཐོབ་ཐང་བེད་སྤྱད་དེ་དངུལ་དངོས་བསྡུ་མི་ཆོག་པ་དང་། ཆོས་ལུགས་ཀྱི་སློབ་གླིང་དང་ཆོས་ལུགས་ཚོགས་པ། ཆོས་ལུགས་ཀྱི་བྱེད་སྒོའི་རིགས་སྤེལ་མི་ཆོག་པ་སོགས་བཀོད་ཡོད་པ་རེད། ཡང་འདི་ལོའི་ཕྱི་ཟླ་ ༡༠ ནང་མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་བོད་རིགས་ལས་བྱེད་རྣམས་ཀྱིས། ལག་ཏུ་འཕྲེང་བ་འཛིན་མི་ཆོག་པ་དང་། ཕྱག་འཚལ་བ། ཆོས་ཞུ་བ་སོགས་སུ་འགྲོ་མི་ཆོག་པ་མ་ཟད། ཁུལ་དེའི་བོད་རིགས་ལས་བྱེད་རྣམས་ཀྱི་ཁྱིམ་སོགས་ལ་སྔོག་བཤེར་ནན་མོ་བྱས་ཡོད་པ་མ་ཟད། ལྐོག་ཏུ་སོ་ཉུལ་བ་བཏང་སྟེ་ལས་བྱེད་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་དང་ཉུལ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

བོད་ནང་དུ་རྒྱ་རིགས་དཔོན་པོ་བསྐོ་བཞག

ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་རྒྱ་ནག་གཞུང་གིས་དེ་སྔོན་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པ་རྒྱ་མི་ཝང་ཅིན་ཀྲིན་ཟེར་བ་ཞིག་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་རུ་བསྐོ་བཞག་བྱས་འདུག་ལ། རྒྱ་ནག་གཞུང་གིས་སྔར་ནས་ཆབ་སྲིད་ཀྱི་བཙན་གནོན་ཤུགས་ཆེ་ཤོས་བོད་དང་ཡུ་གུར་གཉིས་ཀྱི་མགོ་འཁྲིད་ཚོ་ཕན་ཚུན་བརྗེ་རེས་ལྟ་བུ་བྱེད་སྲོལ་ཡོད་པ་རེད། གཞན་ཡང་།  རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་ཤུགས་ཆེན་པོ་ཡོང་གི་ཡོད་པ་དང་བོད་ཁུལ་གྱི་མཐའ་མཚམས་སྲུང་སྐྱོབ་བྱ་རྒྱུ་ནི་མེས་རྒྱལ་གོང་བུ་གཅིག་གྱུར་སླད་མེད་དུ་མི་རུང་བ་ཞིག་ཡིན་ཟེར་གྱི་ཡོད་པ་ལྟར། ཕྱི་ཟླ ༤ ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཝང་ཁེ་ (Wang Kai) ཟེར་བའི་དམག་དཔོན་གསར་པ་ཞིག་བསྐོ་བཞག་བྱས་ཡོད་པ་རེད།

འཛམ་གླིང་ནང་སྡུག་ཤོས་སུ་གྱུར་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣ ཉིན་ཨ་རིའི་རང་དབང་ཁང་པས་ཕྱི་ལོ་ ༢༠༢༡ ལོའི་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ ༢༠༠ ལྷག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་ཀྱི་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་། བོད་དང་སི་རི་ཡ་གཉིས་ཀྱི་ནང་སྤྱི་ཡོངས་ཀྱི་རང་དབང་གི་གནས་བབ་སྡུག་ཤོས་ཡིན་པ་གཅིག་མཚུངས་ཡིན་པ་དང་། བོད་ནང་ཆབ་སྲིད་ཀྱི་རང་དབང་གནས་བབ་ནི་ཚད་དེ་ ༤༠ ནས་གོར་ཐིག་མན་གྱི་གཉིས་དང་། སྤྱི་དམངས་ཀྱི་རང་དབང་གནས་བབ་ཀྱི་ཚད་ནི་ ༦༠ ནས་གསུམ་ཙམ་ཡིན་འདུག འདས་པའི་ལོ་གསུམ་བསྟུད་མར་བོད་ནི་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་སྡུག་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་རེད། ཕྱི་ལོ་ ༢༠༢༠  ལོའི་སྙན་ཐོའི་ནང་དུའང་བོད་ནང་དང་བལ་ཡུལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བཙན་གནོན་བྱས་ཡོད་པ་མ་ཟད། བོད་སྐད་ཡིག་གི་བསླབ་གཞི་ཉེན་ཁའི་གནས་སུ་ལྷུང་ཡོད་པའི་སྐོར་གྱི་སྙན་ཐོ་ཤོག་གྲངས་ ༩༡ ཅན་ཞིག་བཏོན་ཡོད་པ་དང་། ཕྱི་ལོ ༢༠༢༠  ནི་ཕྱི་ལོ ༡༩༨༩ རྗེས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་ཀྱི་ལོ་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ་དཔལ་ལྡན་གྱིས་ཕྱོགས་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

China expert warn of 'something worse than Covid' after fungus smuggling plot
Mobile App

ཏོག་དབྱིབས་གཉན་རིམས་ལས་ཀྱང་ཉེན་ཚབས་ཆེ་བའི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་བཏང་། 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

གོ་སྟོན་བཀྲ་ཤིས་དཔལ་འབར།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༠༧
US President Donald Trump and Chinese President Xi Jinping. Getty Images
Mobile App

ཊོམ་ཕུ་དང་ཞི་ཅིན་ཕིན་གྱིས་ཡུན་རིང་གི་རྗེས་ནས་ཚོང་འབྲེལ་གྱི་གྲོས་མོལ་བྱས་འདུག

༢༠༢༥/༠༦/༠༦
Tourists hike to visit the Nigardsbreen glacier in Jostedal, Norway in August 2022. Bram Janssen/AP
Mobile App

འཛམ་གླིང་གི་འཁྱགས་རོམ་བརྒྱ་ཆ་ ༤༠ ཙམ་ཞུ་ཟིན་འདུག

༢༠༢༥/༠༦/༠༦
Mobile App

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

༢༠༢༥/༠༦/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese