རྒྱ་ནག་གཞུང་དང་ཁ་གཏད་ཀྱི་སྐད་ཆ་བཤད་པ་དང་རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པ་སོགས་ཀྱི་ཉེས་མིང་འོག རྒྱ་ནག་གི་ཁྲིམས་རྩོད་པ་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཉི་ཤུ་འཛིན་བཟུང་བྱས་ཡོད་འདུག
ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་རྒྱ་མཚོ་འགྲམ་ཞིག་ནས་ཁྲིམས་རྩོད་པ་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ ༢༠ ལྷན་འཛོམས་ཀྱིས། རྒྱ་ནག་གཞུང་གི་དྲག་གནོན་དང་གཞུང་དང་མི་མཐུན་པའི་སྐད་ཆ་བཤད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་དམར་ཤོག་གི་སྲིད་གཞུང་འདིའི་འོག ད་ལྟ་ཁོང་ཚོར་རྒྱལ་ས་པེ་ཅིན་ནང་བཙོན་འཇུག་ཁྲིམས་ཆད་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་འདུག
ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་མཚོ་ཁ་དེའི་ལྷན་འཛོམས་སྐབས་ཀྱི་རྒྱ་ནག་ནང་སྙན་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཤོ་ཀྲི་ཡོན་ (Xu Zhiyong) དང་དིན་ཅང་ཤི་ (Ding Jiaxi) གཉིས་ལ། རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་དམིགས་གཡོགས་ཏེ་ཁྲིམས་རའི་ཉན་ཞིབ་ལ་སྒུག་བཅུག་ནས་བཞག་ཡོད་པ་དང་། ཁོང་གཉིས་ཀྱིས་དེ་སྔ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྣམས་ཚོགས་འདུ་ཚོགས་པ་ནི་རྒྱུན་ལྡན་ཡིན་ཡང་། ཞི་ཅིན་ཕིན་སྲིད་དབང་དུ་སླེབས་པ་ནས་བཟུང་བཙོན་འཇུག་ཁྲིམས་ཆད་ཕོག་པར་ཞེད་ནས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བའི་འདུ་འཛོམས་དེའི་རིགས་ཧ་ཅང་ཇེ་ཉུང་དུ་ཕྱིན་ཡོད་སྐོར་བརྗོད་ཡོད་པ་དང་། གཞན་ཡང་ཉེ་བའི་ལོ་ཤས་རིང་རྒྱ་ནག་ནང་རང་དབང་ལ་དགའ་ཞེན་ཅན་གྱི་གསར་འགོད་པ་དང་ཞིབ་འཇུག་ཚོགས་པ། དེ་བཞིན་ལས་འགུལ་བ་མང་པོ་ཞིག་མེད་པ་ཆགས་ཡོད་སྐོར་སོགས་བརྗོད་འདུག
དེ་འབྲེལ་ཐད་ཨ་རིའི་གྲོང་ཁྱེར་ལའོ་སུ་ཨན་ཇལ་སིའི་(Los Angeles)ནང་བཅར་འདྲི་ཞིག་གི་སྐབས། ཕྱི་ལོ་ ༢༠༡༩ ལོའི་ལྷན་འཛོམས་དེའི་ནང་ཆ་ཤས་ལེན་མཁན་རྒྱ་རིགས་དགེ་རྒན་དང་རོལ་མོ་བ་ (Liu Sifang) ཡིས། འདུ་འཛོམས་ཆུང་ཆུང་དེ་འདྲ་ཞིག་ལ་རྒྱ་ནག་གཞུང་ཞེད་སྣང་སྐྱེས་པ་ནི། ཁོ་ཚོ་རྒྱ་ནག་གི་མི་སེར་ཚོའི་སྤྱི་ཚོགས་ཀྱི་འགན་འཁྲི་དང་ཤེས་རྟོག་ཆུང་ཆུང་རེ་ཡིན་རུང་འཇིགས་སྣང་སྐྱེ་ཡི་ཡོད་པ་བསྟན་ཡོད། ཅེས་བརྗོད་ཡོད་པ་དང་། དགེ་རྒན་ཁོང་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་པར་སྐྲག་ནས་ཨ་རིའི་མངའ་སྡེ་ (California) ནང་དུ་བྲོས་བྱོལ་དུ་འབྱོར་ཡོད་པ་དང་། སྐབས་དེར་ཁོང་གི་བཟའ་ཟླ་གནམ་ཐང་ནས་བཀག་པར་བརྟེན། ད་ལྟ་ད་དུང་ཁོང་བཟའ་ཚང་གཉིས་ལྷན་འཛོམས་བྱུང་ཐུབ་ཀྱི་མེད་པ་རེད།
རྒྱ་གར་གྱི་ (Republic) གསར་ཁང་གི་གནས་ཚུལ་ནང་། ཕྱི་ལོ་ ༢༠༡༩ ལོའི་ལྷན་འཛོམས་དེ་དང་འབྲེལ་བའི་ལས་འགུལ་བ་རྣམས་ད་ལྟའང་རྒྱ་ནག་གཞུང་གིས་རྗེས་འདེད་གཏོང་གི་ཡོད་པ་དང་། ད་རེས་ནི་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྣམས་འཛིན་བཟུང་དང་བརྙས་བཅོས་བྱས་པ་ཐོག་མ་དེ་མ་ཡིན་པར། ཡུ་གུར་མི་མང་སྟོང་ཕྲག་མང་པོ་འཛིན་བཟུང་བཀག་ཉར་བྱས་པ་དང་འབྲེལ། འཛིན་བཟུང་བཀག་ཉར་ཁང་དེ་དང་འབྲེལ་བའི་སྐད་ཆ་བཤད་མཁན་གྱི་ལས་འགུལ་བ་མང་པོ་ཞིག་ལ་ཁྲིམས་ཆད་ཀྱི་དཀའ་ངལ་འཕྲད་ཡོད་པ་དང་། རྒྱ་གཞུང་གིས་མི་མང་དྲག་གནོན་གྱིས་འཛིན་བཟུང་བཀག་ཉར་ཁང་དུ་འཇུག་གི་ཡོད་པའི་ཐད། ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་རྒྱ་ནག་གཞུང་ལ་ཨེ་ཤ་ཡ་གཙོས་ཡུ་རོབ་དང་ནུབ་ཕྱོགས་རྒྱལ་ཁབ་མང་པོས་སེམས་འཚབ་བསྟན་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་དང་བདེན་དཔང་ལ་ལྟོས་མེད་ཀྱིས། རྒྱ་ནག་གཞུང་གིས་བཀག་ཉར་ཁང་དེ་འདྲ་ཞིག་ཡོད་པ་རྩ་བ་ཉིད་ནས་ངོས་ལེན་བྱེད་ཀྱི་མེད་པ་རེད།
གསར་འགོད་པ། དཔལ་ལྡན། བསྟན་འཛིན་ཕུར་བུ།