མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམ་པའི་ཆོས་ལ་བློ་མ་ལོག གངས་ཅན་བོད་ལ་ངོ་མ་ལོག

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

བཙོན་མགུར་ཁག་ཅིག་གི་བྱུང་རིམ།

                                                                                                                              – མང་ར་བ་གདུགས་དཀར་འབུམ།

༡  བསྟན་འཛིན་རྒྱ་མཚོ་མི་མངོན་དབྱིངས་ན་བཞུགས།།  ཡི་གེ་དྲུག་མའི་སྙིང་བོ་སྙིང་ན་བཞུགས།།

ཐུགས་རྗེ་དམ་ཚིག་མཐུ་ཡིས་བྱིན་རླབས་ཀྱིས།། གདུགས་དཀར་འབུམ་ང་བདེ་བའི་ཁམས་སུ་དྲངས།།

ཞེས་པའི་ཤོ་ལོ་ཀ་འདི་ནི་ཕྱི་ལོ ༡༩༩༥ ལོའི་ཕྱི་ཟླ་ ༩ པའི་ཟླ་སྨད་ཙམ་ལ་བོད་ནང་དུ་རྒྱ་ནག་གིས་ལུས་པ་ཐེངས་གཉིས་པར་བཙོན་འཇུག་བྱས་པའི་སྐབས་སུ། བཙོན་ཁང་དུ་ང་རང་ཁེར་རྐྱང་དུ་བཙོན་འཇུག་བྱས་ཡོད་པའི་སྐབས་ཀྱི་ཉིན་ཞིག་གི་ཐོ་རེངས་ཀྱི་དུས་སུ་གུས་པའི་བཙོན་ཁང་གི་སྒོའི་གོང་ཐད་ནས་༧གོང་ས་མཆོག་གིས་ཕྲུག་གཟན་ཞིག་མནབས་ཏེ་ཞལ་འཛུམ་གྱི་ལེར་གུས་པར་གཟིགས་པའི་རྨི་ལམ་གྱི་སྣང་བ་ཞིག་བྱུང་བར། དགའ་དད་སྤྲོ་གསུམ་ངང་གཉིད་ལས་སད་པ་དང་ཀོ་ལོ་ཀ་འདི་ཡིད་ལ་ཐོལ་བྱུང་དུ་འཁོར་བྱུང་། རང༌ཉིད་བཙོན་འཇུག་བྱས་པ་ནི་བོད་སྦྱི་བའི་དོན་དང་མཐའ་གཅིག་ཏུ་༧རྒྱལ་བ་ཡབ་སྲས་ཀྱི་ཉམས་ལེན་གྱི་རྗེས་སུ་འཇུག་པའི་བྱ་བཞག་ཆེན་པོ་ཞིག་ཡིན་པས། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བཙོན་འཇུག་བྱས་པར་སེམས་ལ་དཀའ་ངལ་དང་དངངས་སྐྲག་ཅི་ཡང་མ་སྐྱེས་ཤིང་། དེ་ལས་ལྡོག་སྟེ་སྤོབས་པ་དང་གཟི་བརྗིད་ཀྱིས་རང་འཁྲིའི་ལས་འགན་བཟློག་མེད་ཅིག་ཏུ་བརྩིས་པ་ལ་བརྟེན་ནས་བཙོན་ཁང་དུའང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བ་ནི་བླ་མའི་རྣལ་འབྱོར་ལྟ་བུར་ཡང་མཐོང་གི་འདུག དེར་བརྟེན། དུས་རྒྱུན་དུ་ཤོ་ལོ་ཀ་འདི་རང་གི་སྨོན་ལམ་སོགས་ཀྱི་སྐབས་སུའང་ཡིད་ལ་དྲན་པར་བྱས་ཏེ་ྋསྐུ་མདུན་ལ་གསོལ་འདེབས་བྱས་པ་ཡིན་ལ། འདིར་བརྗེད་ཐོའི་ཚུལ་དུ་ཤོ་ལོ་ཀ་འདིའི་བྱུང་རིམ་འདི་བཀོད་པ་ལགས།

༢ བདེན་གྱི་སྙེ་མའི་འབྲས་བུ་ཐུར་དུ་དཔྱངས།།  རྫུན་གྱི་སྙེ་མའི་འབྲས་བུ་སྐད་ཅིག་ཡལ།།

བདེན་འབྲས་བཙས་མ་བརྔ་ལ་བྲེལ་བའི་དུས།།  བདེན་པའི་བཅུད་ཀྱིས་ང་ཡི་ཡི་ག་དགག།

རྫུན་གྱི་སྙེ་མའི་འབྲས་བུ་ཐུར་དུ་དཔྱངས།།  བདེན་པའི་སྙེ་མའི་འབྲས་བུ་སྐད་ཅིག་ཡལ།།

རྫུན་འབྲས་བཙས་མ་བརྔ་ལ་བྲེལ་བའི་དུས།།  རྫུན་པའི་བཅུད་ཀྱིས་ང་ཡི་དང་བ་འདྲེན།།

སྤྱི་བཞག་སྲིད་པ་ལས་ཀྱི་ཕང་བ་རུ།།  བདེན་རྫུན་ཟས་ཀྱི་ཉིང་བཅུད་རིལ་བུ་འདི།།

དཀར་ནག་ལས་ཀྱིས་ཟ་ལ་རྔམ་པའི་དུས།། བདེན་ཤེད་ཅན་ཉིད་འཚོ་བཅུད་དྭངས་མར་འགྱུར།།

ཞེས་པའི་ཤོ་ལོ་ཀ་གསུམ་པོ་འདི་ནི་གུས་པ་ཐེངས་དང་པོར་བཙོན་འཇུག་གི་སྐབས་སྟེ་ཕྱི་ལོ་ ༡༩༩༤ ལོའི་ཕྱི་ཟླ་ལྔ་པའི་ཟླ་སྟོད་ལ་མདོ་སྨད་ཟི་ལིང་གྲོང་ཁྱེར་དུ་གུས་པར་འདྲི་རྩད་བྱེད་མཁན་གྱི་བདེ་སྲུང་མི་སྣ་ཁག་སྟེ། བོད་རང་སྐྱོང་ལྗོངས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་སྲུང་ལས་ཁུངས་ཀྱི་འགན་འཛིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་སྲུང་ལས་ཁུངས་ཀྱི་འགན་འཛིན། གཞི་རྩེ་ས་ཁུལ་གྱི་བདེ་སྲུང་ལས་ཁུངས་ཀྱི་འགན་འཛིན། མཚོ་སྔོན་ཞིང་ཆེན་བདེ་སྲུང་ལས་ཁུངས་ཀྱི་འགན་འཛིན་རྒྱ་མི་ཞིག་དང་གྲོ་ཚང་བ་རུས་ལཱི་ཅན་ཞིག་དང་། མཚོ་སྔོན་ཞིང་ཆེན་བདེ་སྲུང་ལས་ཁུངས་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བདེ་སྲུང་ལས་ཁུངས་གཉིས་སུ་ལས་ཀ་གཉེར་བཞིན་པའི་བོད་རིགས་ཆོས་དར་ཞེས་པ་ཞིག་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་སྲུང་ལས་ཁུངས་དང་སྤྱི་བདེ་ལུས་ཁུངས་གཉིས་ཀྱི་འགན་འཛིན་གཅིག་ལྕོགས་བོད་རིགས་ཤིག་དང་། རྒྱ་ནག་དབུས་གཞུང་བདེ་སྲུང་ལྷན་ཁང་གི་ཕྱི་འབྲེལ་ཚན་པའི་འགན་འཛིན་རྒྱ་རིགས་ཤིག་དང་དེའི་ལག་རོགས་ཤིག་དང༌། གཞན་ཡང་ལས་ཁུངས་མ་ངེས་པའི་བདེ་སྲུང་གི་ལས་བྱེད་མི་སྣ་ཞིག་སྟེ་རྒྱ་དབྱིན་གཉིས་ཀར་མཁས་པའི་བུད་མེད་དར་མ་ཞིག་བཅས་བདེ་སྲུང་མི་སྣ་བཅུ་གཅིག་གིས་ཉིན་ལྔའི་རིང་། མཚམས་རེར་གླེང་མོལ་གྱི་ཚུལ་དང༌། མཚམས་རེར་འདྲི་རྟོག མཚམས་རེར་རྩུབ་པོའི་སྒོ་ནས དང་། མཚམས་རེར་འཇམ་པོའི་ངང་ནས་གུས་པ་རྒྱ་གར་དུ་བྲོས་པའི་སྔ་ཕྱིའི་བརྒྱུད་རིམ་དང༌། རྒྱ་གར་དུ་འགྲོ་དགོས་དོན། བོད་དོན་དང་འབྲེལ་བའི་ཚོགས་པ་ཡོད་མེད། རྒྱ་གར་དུ་སླེབས་རྗེས་ལས་ཀ་ཅི་བྱས་དང་། རྒྱ་གར་དུ་བསྡད་པའི་རིང་ལ་མཐོང་ཐོས་མྱོང་གསུམ་ཅི་བྱུང་དང་། བཙན་བྱོལ་བོད་གཞུང་གི་སྐོར་དང༌། དེ་དང་འབྲེལ་བ་ཡོད་མེད། ཕྱིར་བོད་ལ་ཡོང་དགོས་དོན་ཅི་ཡིན་དང་། བཙན་བྱོལ་བོད་གཞུང་གིས་ཆེད་མངགས་ཡིན་མིན་གྱི་ཐད་ལ་ཐབས་ལམ་སྣ་ཚོགས་སྤྱད་དེ་འདྲི་རྩད་བྱས་ཤིང་། ཁྱད་པར་དུ་རྒྱ་ནག་དབུས་གཞུང་ནས་ཡོང་བའི་མི་སྣ་གཉིས་དང་། མཚོ་སྔོན་ཞིང་ཆེན་བདེ་སྲུང་ལས་ཁུངས་ཀྱི་རྒྱ་རིགས་དཔོན་པོ་དེ་དང་། གཞི་རྩེ་ས་ཁུལ་གྱི་བདེ་སྲུང་འགན་འཛིན་བོད་རིགས་ཤིག་བཅས་མི་སྣ་བཞིས་རྣམ་འགྱུར་རྩུབ་མོའི་སྒོ་ནས་གུས་པར་རྒྱ་གར་དུ་མ་བྲོས་པའི་སྔོན་ནས་བོད་དོན་དང་འབྲེལ་བའི་ཚོགས་པ་ཡོད་པ་དང་། རྒྱ་གར་ལ་བོད་དོན་འབྲེལ་མཐུད་ཀྱི་ཆེད་དུ་སོང་བ་ཡིན་པ་དང་། ཕྱིར་བོད་ལ་ཡོང་དོན་ཡང་བཙན་བྱོལ་གཞུང་གིས་ཆེད་མངགས་ཡིན་ཚུལ་དང༌། ལས་འགན་དང་དམིགས་ཡུལ་ངེས་ཅན་ཡོད་པར་ཤེས་མདོག་གིས་ཐག་བཅད་དེ་འདྲི་རྩད་ནན་མོ་བྱས་པ་དང༌། ལས་ཁུངས་མ་ངེས་པའི་བུད་མེད་དར་མ་དེ་ནི་གུས་པའི་དབྱིན་ཇིའི་སྐད་ཡིག་གཉིས་ཀྱི་ཤེས་ཚད་ལ་རྟོག་ཞིབ་བྱེད་མཁན་རེད་འདུག

འདྲི་རྩད་ཀྱི་བརྒྱུད་རིམ་ཁྲོད་དུ་རྒྱལ་སྤྱིའི་གནས་ཚུལ་དང་འབྲེལ་ཏེ་རྒྱ་ནག་གིས་བོད་ཀྱི་རིག་གཞུང་འཛིན་སྐྱོང་བྱས་ཡོད་ཚུལ་དང་། བོད་ལ་བདེ་སྐྱིད་བསྐྲུན་ཡོད་ཚུལ་སོགས་ཀྱི་གླེང་མོལ་དང་འབྲེལ་ནས་གུས་པའི་བསམ་ཚུལ་ཁག་ཅིག་སྟེ། གུས་པས་མཐའ་གཅིག་ཏུ་རྒྱ་ནག་བོད་ལ་སླེབས་རྗེས་བོད་ཀྱི་སྐད་དང་ཡི་གེ རིག་གཞུང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དང་རིག་གཞུང་གི་དུས་ཆེན་ཁག་བཅས་རྩ་མེད་བཟོས་ཤིང་། དཔེར་ན། དུས་ཆེན་ཁག་ལྟ་བུར་མཚོན་ན། བོད་རང་གི་ལོ་རྒྱུས་རྒྱུན་རིང་ལྡན་པའི་ཡུལ་དུས་དང་འཚམ་པའི་ལོ་སར་དུས་ཆེན་དང༌། ནང་ཆོས་དང་འབྲེལ་བའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་། བཞི་བའི་བཅོ་ལྔ། དྲུག་པའི་ཆོས་འཁོར། དགུ་བའི་ལྷ་བབས་དུས་ཆེན་དང༌། ལོ་རྒྱུས་རིང་བའི་དྲུག་པའི་དབྱར་སྐྱིད་ལ་སོགས་པ་མེད་པར་བཟོས་ཏེ་ལོ་ངོ་སུམ་བཅུ་བཞི་བཅུ་ལྷག་གི་ལོ་རྒྱུས་ལས་མེད་པའི་དམར་པོའི་ལྟ་གྲུབ་དང་འབྲེལ་ནས་བྱུང་བའི་ལྔ་གཅིག་རྒྱལ་གཅེས་ངལ་རྩོལ་དུས་ཆེན་ཟེར་བ་དང་། དྲུག་གཅིག་བྱིས་པའི་དུས་ཆེན། བདུན་གཅིག་ཏང་གི་དུས་ཆེན། བརྒྱད་གཅིག་དམག་གི་དུས་ཆེན། བཅུ་བའི་ཚེས་གཅིག་རྒྱལ་སྟོན་དུས་ཆེན་ཟེར་བ་བཅས་བོད་མི་ཡོངས་ལ་རྒྱུས་མངའ་སྤུ་ཙམ་ཡང་མེད་པའི་དུས་ཆེན་ལྔ་བོ་འདི་བརྩི་སྲུང་བྱེད་དགོས་བྱུང་བ་ལྟ་བུ་ལ་སོགས་པ་ཁོང་ཚོའི་འདོད་ཚུལ་དང་རྒྱབ་འགལ་དུ་གྱུར་པས། འདྲི་རྩད་ཀྱི་ཉིན་བཞི་བར་རྒྱ་རིགས་དམག་མི་ལོ་གཞོན་བརྒྱད་འཁྲིད་ཡོང་སྟེ་སྡེ་ཚན་གཉིས་སུ་བྱས་ནས། སྔ་དྲོའི་ཆར་འདྲི་རྟོག་བྱས་ཤིང་། ཉིན་རྒྱབ་ནས་བཟུང་རྐང་ལག་ལ་ལྕགས་སྒྲོག་བརྒྱབ་སྟེ་ལུས་སྟེང་དུ་གློག་བཙུགས་ནས་གཅར་བརྡུང་ཚད་མེད་བྱས་པ་དང༌། མཚན་མོར་ལྕགས་སྒམ་ཟུར་གསུམ་ཞིག་ཏུ་བཅུག་པ་དང་། དེར་གློག་བཏང་སྟེ་ཡ་ང་བའི་མནར་གཅོད་མྱང་དུ་བཅུག ཕྱི་ཉིན་གྱི་སྔ་དྲོར་ཡང་འདྲི་རྟོག་བྱས་ཤིང་། བསམ་བློ་འགྱུར་ལྡོག་ཏིལ་འབྲུ་ཙམ་ཡང་བྱུང་མི་འདུག་ཅེས་སྨྲས་ཏེ་ཡང་བསྐྱར་དམག་མི་བཞི་ཡོང་སྟེ་བདག་གི་གཟུགས་པོ་སྒོ་རྒྱབ་ལ་གཏད་དེ་ལུས་སྟེང་དུ་གློག་བཙུགས་ནས་བརྒྱལ་དུ་བཅུག བརྒྱལ་ལས་སངས་རྗེས་དམག་མི་དེ་ཚོས་ང་རང་ཡར་བཀྱགས་ན་ཡང་གཟུགས་པོ་རང་ཚུགས་མ་ཐུབ་པར་རྒྱ་ནག་དབུས་གཞུང་གི་བདེ་སྲུང་དཔོན་པོ་དེའི་མདུན་དུ་འགྱེལ་ཡང་། བདག་གི་མགོ་བོ་ཁོ་ལ་གཏད་དེ། ང་རང་མདེའུ་གཅིག་གིས་ད་ལྟ་རང་སོད་ཅིག་ཅེས་བཤད་པ་ན། རང་སྐྱོང་ལྗོངས་ཀྱི་བོད་རིགས་བདེ་སྲུང་ལས་བྱེད་དེ་རྒྱུགས་ཡོང་སྟེ། བུ། དེ་འདྲ་མ་གནང་། ཡར་བཞེངས་ཤོག ཡར་བཞེངས་ཤོག་ཅེས་སྨྲ་ཞོར་དུ་བདག་གི་དཔུང་མགོ་གཉིས་ནས་བཟུང་སྟེ་ཡར་ལངས་ཏུ་བཅུག་པ་དང་། མཚམས་དེར་རྒྱ་མི་དཔོན་པོ་དེས་ཁོ་ལ་ལྕགས་ཞྭ་སྐོན་ཅིག་ཅེས་བརྗོད་པ་ན། རང་སྐྱོང་ལྗོངས་ཀྱི་བོད་རིགས་བདེ་སྲུང་འགན་འཛིན་དེས་རྒྱ་མི་དེ་ལོགས་ཤིག་ཏུ་འཁྲིད་སོང་ལ། ཅུང་ཙམ་འགོར་རྗེས་ཕྱིར་ཡོང་སྟེ་གཅར་བརྡུང་མཚམས་འཇོག་བྱས་པ་དང༌། ལྕགས་ཞྭ་ཟེར་བ་ཡང་སྐྱོན་མ་སོང་། ཁོང་ནི་ལར་ཞེན་ཅན་ཞིག་རེད།

གོང་གསལ་གྱི་ཤོ་ལོ་ཀ་གསུམ་པོ་འདི་ནི་སྐབས་དེར་ཉིན་ལྔའི་རིང་མནར་གཅོད་དྲག་པོ་མྱངས་པའི་གནས་སྟངས་འོག་ཐོལ་བྱུང་དུ་ཡིད་ལ་འཁོར་བ་ཞིག་ཡིན་ཞིང་། ཤོ་ལོ་ཀ་དང་བོ་ནི། བོད་ཀྱི་བདེན་དོན་འཐབ་རྩོད་བྱས་ན་ང་ཡི་ཡི་ག་དགག་ནས་རང་ཉིད་ལ་འཚོ་ལམ་མེད་པར་འགྱུར་བ་དང༌། ཤོ་ལོ་ཀ་གཉིས་པ་ནི། ངས་བོད་ཀྱི་བདེན་དོན་བསྐྱུར་ནས་རྒྱ་ནག་གི་སྐྱག་རྫུན་གྱི་རྗེས་སུ་འབྲངས་ན་ང་ཡི་དང་བ་འདྲེན་པ་སྟེ། ང་ལ་འཚོ་ལམ་ཡོད་པ་བདག་གིས་མཐོང་བྱུང་མོད། བོད་དོན་གྱི་བདེན་པ་བརྡར་བཞིན་པའི་རྒྱ་བོད་ཀྱི་འཐབ་རྩོད་འདིའི་ཁྲོད་ནས། གུས་པའི་གདམས་ཀ་ནི་མཐའ་གཅིག་ཏུ་བོད་དོན་གྱི་བདེན་པ་མཐའ་སྐྱེལ་རྒྱུ་དེ་ཡིན་ལ། དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་སྟེང་བོད་ཀྱི་བདེན་དོན་ནི་ལྕགས་ཀྱི་རིལ་བུ་ཞིག་ཡིན་ལ། རྒྱ་ནག་གིས་དེ་ཉིད་ཧམ་ཟོས་བྱས་ན་ཡང་ནམ་ཞིག་གི་ཚེ་བདེན་པའི་ལྕགས་རིལ་དེ་ཉིད་གཅིག་བྱས་ན་རྒྱ་ནག་གི་ཁ་ནས་ཡར་སྐྱུགས་ཏེ་བོད་ཀྱི་བདེན་མཐའ་སེལ་དགོས་ལ། དེ་ལྟར་མིན་ཚེ་མར་བཤལ་ཏེ་བོད་ཀྱི་བདེན་མཐའ་སེལ་དགོས་པ་ལས་འོས་མེད་པ་རེད་ཅེས་པའི་བཀའ་སློབ་དང༌། དེ་བཞིན་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས། ཁྱེད་ཀྱིས་རྒྱ་སྐད་བཤད་ཀྱང་ཆོག རྒྱ་བཟས་ཟས་ཀྱང་ཆོག རྒྱ་ལྭ་གྱོན་ཡང་ཆོག་མོད། འོན་ཀྱང་ཁྱེད་རང་བོད་པ་ཡིན་པས། ཁྱེད་ཀྱི་ཤ་ཁྲག་རུས་གསུམ་ཇི་ལྟར་བྱེད་རྒྱུ་ཡིན་ཞེས་པའི་བོད་མི་མི་རེའི་ངོ་རེར་ཁྱབ་པའི་བཀའ་སློབ་བཅས་ཀྱི་དགོངས་དོན་སྙིང་ལ་བཅིངས་ནས་རྒྱ་ནག་གིས་རང་ཉིད་ལ་མནར་གཅོད་བྱས་ཏེ་སྲོག་ལ་བབས་ཀྱང་རང་ཚུགས་མི་འདོར་ཞེས་ཤོ་ལོ་ཀ་གསུམ་པས་བདེན་ཤེད་ཅན་ཉིད་འཚོ་བཅུད་དྭངས་མར་འགྱུར་ཞེས་རང་གིས་རང་ལ་སྐུལ་ལྕག་དང་འབྲེལ་རང་སྲོག་བློས་བཏང་གིས་བདེན་པ་མཐའ་སྐྱེལ་རྒྱུ་ཡིན་པའི་དམ་བཅས་པའོ།།

༣ གཅིག་གཅིག་གནད་ཀྱི་མདུད་པ་མ་བཀྲོལ་ན།། གཉིས་གཉིས་དོན་གྱི་སྣེ་མོ་མི་ཟིན་པས།།

གསུམ་གསུམ་བདེན་རྫུན་བར་ནས་དབྱེ་བ་ཀུན།། བཞི་བཞི་གྲུ་བཞི་མ་བོ་ཇི་ལྟར་འབྱུང་།།

དེའི་ཕྱིར་སྲིད་འདིའི་དམ་པའི་སྐྱེ་བུ་ཀུན།།  འཐུས་ཚང་བློ་ཡི་འཆར་སྒོ་འཚོལ་བ་ལ།།

བཙོན་ཁང་མ་ལགས་བཙུན་པའི་མཁར་ནང་དུ།། འཛུལ་ལ་གཅིག་རྗེས་གཅིག་གིས་མ་སྙེགས་སམ།།

ཞེས་པའི་ཤོ་ལོ་ཀ་འདི་གཉིས་ནི་ཕྱི་ལོ་ ༡༩༩༥ ལོའི་ཕྱི་ཟླ་དགུ་པར་གུས་པ་ཐེངས་གཉིས་པར་འཛིན་བཟུང་བཙོན་འཇུག་སྐབས་ཡིད་ལ་འཁོར་བ་ཞིག་ཡིན་པ་དང་། སྤྱིར་འཇིག་རྟེན་གྱི་ལས་དང་བྱ་བ་གང་ཞིག་ཡིན་ཀྱང་། དེའི་སྔ་ཕྱི་བར་གསུམ་གྱི་རྣམ་འགྱུར་ལ་དཔྱད་པ་དཔྱིས་ཕྱིན་པ་གཏོང་དགོས་ཤིང་། ཁྱད་པར་དུ་བོད་ཀྱི་བདེན་པའི་འཐབ་རྩོད་ནི་བོད་མི་ཞིག་ཡིན་ཕྱིན་བོད་ཀྱི་བདེན་དོན་གྱི་སྔ་ཕྱིར་བར་གསུམ་དང་། ཆོས་སྲིད་རིག་གསུམ་གྱི་འཕྲལ་ཕུགས་ཀྱི་དགོས་དམིགས་རྟོགས་པར་བྱས་ཏེ། དེ་ལ་རྒྱུ་མཚན་ལྟར་སྣང་ཙམ་མ་ཡིན་པར་ཡང་དག་པའི་ངོས་ཟིན་ཐོབ་པའི་སྒོ་ནས་བདེན་མཐའ་སེལ་དགོས་ཀྱི་ཡོད་པ་ནི་ཤོ་ལོ་ཀ་དང་པོ་དང་། བོད་ཀྱི་བདེན་དོན་ཆེད་རང་སྲོག་བློས་བཏང་བ་དང་། བཙོན་འཇུག་གིས་མནར་གཅོད་མྱོང་བ་སོགས་བྱུང་ཟིན་པ་དང་། འབྱུང་བཞིན་པ་དང༌། འབྱུང་འགྱུར་གྱི་སྐྱེ་བུ་དམ་པ་དེ་དག་ཡ་ང་བག་ཚ་ཅི་ཡང་མེད་པར་བཙོན་ཁང་མ་ལགས་བཙུན་པའི་མཁར་ནང་དུ་འཛུལ་བ་ལ་ཟམ་མ་ཆད་པར་གཅིག་རྗེས་གཅིག་གིས་སྙེགས་ཡོད་ན་ང་རང་དེ་དག་གི་རྗེས་སུ་ཅིའི་ཕྱིར་མི་འབྲངས་ཞེས་བདེན་དོན་འཐབ་རྩོད་ལ་སྤྲོ་བ་དང་བཅས་ཏེ་ཞུགས་པ་ནི་ཤོ་ལོ་ཀ་གཉིས་པའི་དོན་ཡིན། བོད་དོན་འཐབ་རྩོད་ནི་བོད་ཀྱི་རྒྱལ་ཁབ་སླར་གསོ་ཙམ་མ་ཡིན་པར། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྨན་པའི་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཆེད་དུ་ཡིན་ན། རྒྱལ་ཁབ་ཙམ་སླར་གསོ་བྱེད་པའི་ཆེད་དང་མི་འདྲ་ཞིང་ཞི་བདེའི་བསྟི་གནས་སུ་བསྒྱུར་དགོས་པའི་སྐོར་གྱི་༧རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་བཀའ་སློབ་ཀྱི་དགོངས་དོན་ཉམས་སུ་ལེན་པ་ལ་ལྷག་པར་སྤྲོ་བ་བསྐྱེད་པའོ།།

༤  དགེ་འདུན་ཆོས་འཕེལ་མཱ་ཁེ་སི་དང་འདྲ།། བསྟན་འཛིན་རྒྱ་མཚོ་མ་ཧཱ་གན་ཌིར་མཉམ།།

མཱན་ཌ་ལ་དང་དྲི་མེད་ཀུན་ལྡན་མཚུངས།། ལོ་ངོ་དུ་མར་བཙོན་ནས་བདེན་པ་བརྡར།།

ལུས་ཀྱི་ཆ་དང་བློ་ཡི་འཆར་བགོས་ཐད།། ང་ཚོའི་གནད་ཀྱི་འཁུར་འདེགས་མི་འདྲ་ཡང་།།

བདེན་དོན་བདེན་པ་བརྡར་ལ་གནས་འདི་རུ།།  འགྲིམས་པའི་གནས་བབ་གཅིག་ལས་གཅིག་ལྷག་ཡིན།།

སེམས་ཀྱི་རྟ་བོ་ལུས་ཀྱི་ཕུར་ནག་གིས།། མ་ཟིན་ཕྱོགས་མེད་འགྲིམས་པའི་རྨིག་རྗེས་ཏེ།

བོད་དོན་བདེན་པ་བརྡར་བའི་བང་རྒྱུགས་ལ།། མ་ཐོབ་བར་དུ་ཟད་པའི་མཐའ་མ་མཆིས།།

ཞེས་པའི་ཤོ་ལོ་ཀ་གསུམ་པོ་འདི་ནི་ཕྱི་ལོ་ ༡༩༩༤ ལོར་གུས་པ་འཛིན་བཟུང་བཙོན་འཇུག་ཐེངས་དང་བོའི་སྐབས་ཡིད་ལ་འཁོར་བ་ཡིན་ལ། ཤོ་ལོ་ཀ་དང་བོ་ནི་རང་ཉིད་བཙོན་འཇུག་བྱས་པ་འདི་ཡང་སྐྱེ་བུ་དམ་པ་གང་མང་ཞིག་གིས་བདེན་དོན་གྱི་ཆེད་དུ་གནས་དུས་དང་བྱ་བྱེད་སོགས་རྣམ་པ་མི་འདྲ་བའི་སྒོ་ནས་བདེན་དོན་བརྩོན་ལེན་གནང་བཞིན་ཡོད་པ་དང༌། ཤོ་ལོ་ཀ་གཉིས་པས་ངོས་ཟིན་དེ་ནི་རང་ཉིད་གཅིག་པུ་མ་ཡིན་པར་དེ་སྔར་འཇིག་རྟེན་འདིར་བདེན་དོན་རྩོད་མཁན་རྣམས་དང་། ཡང་སྒོས་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་མི་རྣམས་ཀྱི་རང་རང་གི་ཕྲག་ཏུ་བབས་ཡོད་པའི་འཆར་གཞི་ལྟར་གྱི་ལས་བགོས་མི་འདྲ་ཡང་། སྐབས་བབ་ནི་བོད་ཀྱི་བདེན་དོན་ཆེད་བཙོན་འཇུག་བྱས་པའི་སྐྱེ་བུ་ཐམས་ཅད་ཀྱི་སྙིང་སྟོབས་ནི་གཅིག་ལས་གཅིག་ལྷག་པ་ཡིན་པ་དང་། ཤོ་ལོ་ཀ་གསུམ་པས་རྒྱ་ནག་གིས་བོད་མི་རྣམས་བཙོན་འཇུག་དང་མནར་གཅོད། དྲག་ལས་ཅི་འདྲ་ཞིག་སྤྱད་ཀྱང་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་མཁན་གྱི་སྐྱེ་བུ་མཐའ་དག་གི་བཞེད་དོན་འགོག་མི་ནུས་པ་དང་། ནམ་ཞིག་བོད་ལ་བདེན་དོན་མ་ཐོབ་ཀྱི་བར་དུ་བདེན་པའི་ལས་ཀ་འདི་མཚམས་འཇོག་བྱེད་མི་སྲིད་པ་ནི་ཤོག་བུས་མེ་མི་འཐུམ་ཞེས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བསྩལ་བའི་བཀའ་སློབ་ཀྱིས་ངར་བསྐྱེད་པའོ།།

༥  ད་ནི་རྒྱ་ཁྲིམས་བཙན་གྱི་གཉའ་ཤིང་གིས།།  སླར་ཡང་དཀར་ནག་ཞིང་ས་རྨོ་བ་ལ།།

རྣོ་ངར་ཐོང་གཤོལ་ལྕགས་ཀྱི་ངར་བླུད་ཀྱང་།། ཞིང་སའི་སར་ལ་གནོད་པ་ཅང་མི་འབྱུང་།།

ཡིན་ཡང་རྒྱལ་ཁམས་རིག་པའི་སྐོར་ལམ་ནས།། རྒྱ་ཆེའི་དོན་ལ་དཔྱོད་པའི་ཁུལ་བྱས་པར།།

རྒྱ་ཁབ་ཙམ་གྱི་དོན་བྱ་མ་འགྲུབ་ཀྱང་།། རྒྱ་ཅན་གྲོགས་ཁྱོད་ཕངས་སེམས་མེད་པར་མཛོད།།

ཞེས་པའི་ཤོ་ལོ་ཀ་འདི་གཉིས་ནི་གུས་པ་ཐེངས་གཉིས་པར་འཛིན་བཟུང་བཙོན་འཇུག་བྱས་ནས་ཅུང་མ་འགོར་བའི་སྐབས་སྟེ། ཕྱི་ལོ་ ༡༩༩༥ ལོའི་ཕྱི་ཟླ་  ༩  བའི་ནང་གུས་པར་ཤིན་ཏུ་ཤ་ཚ་ཞིང་སྙིང་ཉེ་བའི་གཟིངས་ཞུགས་ཀྱི་དམ་པ་ཞིག་ལྟ་བར་ཡོང་བའི་སྐབས་སུ་བྱུང་བའི་སེམས་ཚོར་གྱི་ཁས་ལེན་དམ་བཅའ་ཞིག་ཡིན་ཞིང་། འདི་ནི་རང་ཉིད་བོད་པ་ཞིག་ཡིན་པས་རང་དོན་རང་གཅེས་དང་ྋརྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་བཞེད་དགོངས་སྲུང་བརྩི། ཁྱད་པར་དུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་ལ་མི་འཇོག་པའི་དམ་བཅའ་བཞག་ཡོད་ཅེས་གསུངས་པའི་བཀའ་སློབ་དགོངས་དོན་སྙིང་བཅིངས་ཀྱིས་ཉམས་སུ་བླངས་པའི་ཁས་ལེན་དམ་བཅའ་ཞིག་ཡིན།

༦ སེམས་ཀྱི་རེ་བཞག་ཞལ་མཇལ་མ་གྲུབ་པར།།  དབང་ཅན་དབང་གིས་འཁྱེར་ཞེས་དམོད་རུང་ངམ།།

འདི་ན་བདེན་སྟོབས་བཙན་གྱིས་བརྡར་བ་ལ།། ཕྱི་ནང་བཅད་རྒྱ་མེད་ན་ག་ལ་རུང་།།

ཞེས་པའི་ཤོ་ལོ་ཀ་འདི་ནི་གུས་པ་ཐེངས་གཉིས་པར་འཛིན་བཟུང་བཙོན་འཇུག་བྱས་སྐབས། གུས་པར་སེམས་འཁུར་བྱེད་མཁན་མང་པོ་ཞིག་ཐུག་འཕྲད་བྱེད་མ་ཐུབ་ཅིང་། དེའི་ཁྲོད་ནས་གྲོགས་པོ་དམ་པ་ཞིག་ཐུག་འཕྲད་དུ་ཡོང་བ་ལ་གུས་པར་ཐུག་མ་ཐུབ་པར་བཙོན་སྲུང་བརྒྱུད་ནས་ཡིག་ཆུང་ཞིག་བྲིས་འདུག་པའི་ནང་། དབང་ཅན་གྱི་དབང་གིས་འཁྱེར་བས་ཐེངས་འདིར་ཞལ་མཇལ་མ་གྲུབ་ཀྱང་། སྐབས་རྗེས་མར་ཆོག་མཆན་བླངས་ཏེ་ངེས་པར་དུ་ཞལ་མཇལ་ཞུ་གི་ཡིན་ཞེས་བཀོད་འདུག་པ་དེ་མཐོང་བའི་མོད་ལ། འདི་ན་སྟེ་རྒྱ་ནག་གིས་བྱ་བཞག་གང་ཡིན་ཡང་གནས་ལུགས་ཀྱིས་བརྡར་ཤ་མི་གཅོད་པར་རང་འདོད་བཙན་དབང་ཁོ་ནས་སྒྲུབ་བཞིན་ཡོད་པར་བོད་ཀྱི་བདེན་དོན་ཐད་ཀྱང་ཚུལ་དེ་ལས་མ་འདས་པས་ན། གྲོགས་དམ་པའི་ཡིག་ཆུང་འདིས་བོད་ཀྱི་གནས་སྟངས་ནི་རྒྱ་ནག་གི་བཙན་དབང་འོག་ཏུ་ཆེ་ས་ནས་བོད་ཕྱི་ནང་གི་འབྲེལ་ཐག་བཅད་ཡོད་པ་དང་། ཆུང་ས་ནས་བོད་ནང་ཁུལ་གྱི་བོད་མི་ཕན་ཚུན་བར་གྱི་འབྲེལ་ཐག་ཀྱང་བཅད་དེ། བོད་མིའི་ལུས་སེམས་གཉིས་ལ་འབྲེལ་འདྲིས་དང་། ཞི་བདེ་སོགས་མེད་པའི་རྣམ་པ་གསལ་བོར་མཚོན་འདུག་པའི་གནས་སྟངས་དམར་རྗེན་དེ་ཡིད་ལ་ཤར་མར་འཁོར་དུ་བཅུག་བྱུང་བའི་སྣང་ཚུལ་བཀོད་པ་ཞིག་ཡིན།

༧  བྱིས་པའི་ལབ་རྡོལ་བྱས་པའི་སྐད་དག་ལ།། དོན་ལྡན་གོ་བ་ཅན་གྱི་ཚིག་འབྱུང་ཡང་།།

འདི་ན་བདེན་པར་སྨྲས་པའི་གཏམ་དག་གིས།། སེམས་ཅན་སུན་པར་བཟོས་པ་གྲངས་ལས་འདས།།

ཞེས་པའི་ཤོ་ལོ་ཀ་འདི་ནི་ཕྱི་ལོ་ ༡༩༩༧ ལོར་སྐབས་དེའི་བོད་ནང་གི་གནས་སྟངས་སྤྱི་ལ་དམིགས་ཏེ། རང་ཉིད་ཀྱི་ལྟོ་རྒྱབ་ཁོ་ནའི་ཆེད་དུ་འཚོ་བའི་རྒྱ་མི་དང་། བོད་མི་བྱབ་ཆུང་ཁག་ཅིག་རྒྱ་གཞུང་གི་ལག་ཆར་གྱུར་ཏེ། བབ་ཅོལ་དུ་བོད་མི་སྡུག་ལ་སྦྱོར་བཞིན་པའི་ཡ་ང་བའི་གནས་སྟངས་དང་། རྒྱ་གཞུང་གིས་བོད་འཛུགས་སྐྲུན་ཟེར་བའི་ཧམ་ཟོས་ཀྱི་ཁྲོད་འགྲིག་འགྲིག་ལྟ་བུའི་ལྟར་སྣང་གི་བྱ་བ་དང་སྣང་ཚུལ། སྐད་ཆ་སོགས་འབྱུང་སྲིད་ཀྱང་། འདི་ན་སྟེ་བོད་དང་བོད་ཀྱི་བདེན་དོན་དོན་གཉེར་ཅན་དག་གིས་བོད་དོན་གྱི་བདེན་པའི་གནས་ལུགས་མ་དོར་བར་ཧམ་སེམས་ཅན་གྱི་རྒྱ་ནག་དམར་གཞུང་དང་། དེའི་ལག་ཆར་གྱུར་པའི་རིགས་ཅན་དེ་དག་ལ་གཅིག་ལ་གཅིག་ལན་དང་། མེས་འཚུག་མེར་གཏུགས་ཀྱིས་གདོང་ལེན་རབ་དང་རིམ་པ་བྱས་དང་བྱེད་བཞིན་ཡོད་ན། རང་ཉིད་ཀྱིས་ཀྱང་འདི་ལྟ་བུའི་རང་ཚུགས་འདོར་མི་རུང་བ་ཡིད་ལ་འཁོར་བ་ཞིག་ཡིན།

༨  ཀ་ཁའི་མགོ་རྐང་ཙམ་ཞིག་ཤེས་པ་ཡིས།། ཁ་བཤད་མཁས་པའི་བྱ་བ་མ་ལགས་ཀྱང་།།

ག་ལེར་བསམས་ན་འདི་འདྲར་དཔྱོད་པའི་གནས།།  ང་འདྲའི་ལར་ཡང་མི་རུང་མེད་དམ་སྙམ།།

ཞེས་པའི་ཤོ་ལོ་ཀ་འདི་ནི་ཕྱི་ལོ་ ༡༩༩༧ ལོར་གུས་པས་བོད་ཀྱི་ཞིང་ལྗོངས་ལྔའི་དམའ་རིམ་སློབ་འབྲིང་གི་བོད་ཡིག་ཚོད་ལྟའི་སློབ་དེབ་ལ་ཞིབ་དཔྱད་ཀྱི་དཔྱད་རྩོམ་ཞིག་སྤེལ་བ་རྒྱ་གཞུང་གི་བདེ་སྲུང་མི་སྣའི་ལག་ཏུ་སོན་ཞིང་། དཔྱད་རྩོམ་དེ་ཉིད་ཕྱིས་སུ་ཕྱི་ལོ་ ༡༩༩༩ ལོའི་མཚོ་སྔོན་སློབ་གསོ་བོད་ཡིག་དུས་དེབ་འདོན་ཐེངས་དང་བོའི་སྟེང་དུ་བཀོད་འདུག དཔྱད་རྩོམ་དེའི་སྙིང་དོན་ནི་སྐབས་དེར་བེད་སྤྱོད་བྱེད་བཞིན་པའི་ཞིང་ལྗོངས་ལྔའི་དམའ་རིམ་སློབ་འབྲིང་གི་བོད་ཡིག་ཚོད་ལྟའི་སློབ་དེབ་ཁག་ནི་བོད་ཀྱི་སྐད་དང་ཡི་གེ་གཉིས་ཀ་བེད་སྤྱོད་བྱས་ཏེ་མི་རིགས་གཞན་གྱི་རིག་གནས་སྦྱོང་བྱེད་ཀྱི་ལག་ཆ་ལྟ་བུ་ལས། བོད་ཀྱི་རིག་གཞུང་སློབ་དེབ་མིན་པའི་སྐོར་གསལ་བོར་བཀོད་ཡོད་པས། རྒྱ་གཞུང་གི་བདེ་སྲུང་ལས་བྱེད་ཀྱིས་གནད་དོན་དེའི་ཐད་ཆེད་དུ་གུས་པ་ཟུར་དུ་བཀག་ཉར་གྱིས་ཉིན་མང་བོར་མནར་གཅོད་འདྲི་རྟོག་བྱས་པར་འདི་ལྟ་བུའི་སྣང་ཚུལ་ཡིད་ལ་འཁོར་བ་ཞིག་ཡིན།

༩ སེམས་ཀྱི་རྟ་རྒོད་ལུས་ཀྱི་ཕུར་ནག་གིས།།

མ་ཟིན་ཕྱོགས་མེད་རྒྱུ་བའི་ངང་ཚུལ་འདི།།

སྒོ་གསུམ་དྲི་མ་རྫོགས་སྨིན་སྦྱངས་གསུམ་གྱིས།།

མ་གཅུན་རྒྱུ་བའི་ཕྱི་མཐའ་ཟད་མི་ཤེས།།

རྒྱུ་རྐྱེན་སྣང་སྟོང་གྲུབ་པའི་ཉེར་ལེན་དུ་གོ་ན།།

རྒྱུ་འབྲས་གཅིག་ལ་གཅིག་གི་རྟེན་འབྱུང་དུ་འཕྲོད་པ།།

སྣང་སྟོང་སྒྱུ་མའི་རྒྱལ་བོའི་དེ་ཉིད་རང་རྟོགས་བྱེད།།

རྒྱུ་འབྲས་རིག་པ་འདི་ཡང་དཀོན་མཆོག་གི་དཀོན་མཆོག།

ཅེས་པའི་ཤོ་ལོ་ཀ་འདི་གཉིས་ནི་ཐེངས་གཉིས་པར་འཛིན་བཟུང་བཙོན་འཇུག་གི་སྐབས་ཏེ། ཕྱི་ལོ་ ༡༩༩༥ ལོའི་ཟླ་༩ བའི་ཟླ་སྨད་ནས་ཁྲིམས་ཐག་མ་བཅད་པའི་ཡར་སྔོན་གྱི་ཟླ་གསུམ་ལྷག་གི་རིང་ལ་གུས་པ་གཅིག་པུ་ཁང་མིག་གཅིག་ཡིན་པའི་མུན་དོང་གི་བཙོན་ཁང་ཞིག་ཏུ་བཅུག་པར། དུས་ཡུན་དེའི་རིང་དེ་སྔ་རང་ཉིད་ཀྱིས་དམ་པའི་ཆོས་ལ་ཐོས་བསམ་བྱས་པ་དང༌། ཁྱད་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ནང་ཆོས་ཀྱི་དགོངས་དོན་སྐོར་ལ་བློ་ཁ་ཅུང་ཙམ་སྐོར་བར།

ཇི་སྐད་དུ། ཆོས་རྣམས་སྟོང་བ་འདི་ཤེས་ནས།།

ལས་དང་འབྲས་བུ་བསྟན་པ་གང་།།

ངོ་མཚར་བས་ཀྱང་འདི་ངོ་མཚར།།

རྨད་བྱུང་བས་ཀྱང་འདི་རྨད་བྱུང་།། ཞེས་དང༌།

ཡང་ཇི་སྐད་དུ། ངའི་ལྟ་བ་ནམ་མཁའ་ལས་ཀྱང་མཐོ།། ལས་རྒྱུ་འབྲས་བག་ཕྱེ་ལས་ཀྱང་ཞིབ།། བཅས་པ་ལ་སོགས་པ་རང་གི་བློ་ངོར་གྲུབ་དོན་གྱི་ཚུལ་དུ་ངེས་ཤེས་འདི་ལྟ་བུ་སྐྱེས་བྱུང་བ་དེ་ཡིན། ཕྱོགས་གཞན་ཞིག་ནས་བཙོན་ཁང་ནི་ནང་ཆོས་ཉམས་ལེན་བྱེད་མཁན་གཤའ་མ་ཞིག་ལ་བཙུན་པའི་མཁར་ཏེ་རྐྱེན་ངན་གྲོགས་འཁྱེར་གནང་ཐུབ་མཁན་ཞིག་ཡིན་ཚེ་རྣལ་འབྱོར་ཉམས་ལེན་གྱི་གནས་དེ་ལས་ལྷག་པ་ཞིག་མི་འདུག་སྙམ་པའི་ཚོར་སྣང་ཡང་བྱུང་སོང་།

འབྲེལ་ཡོད་གསར་འགྱུར།

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese