༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སོག་ཡུལ་གྱི་མི་གྲངས་ ༥༢ ལ་མཇལ་ཁ་སྩལ་ཡོད་འདུག
དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སོག་ཡུལ་ནས་ཕེབས་པའི་མི་གྲངས་ ༥༢ ལ་མཇལ་ཁ་སྩལ་ཡོད་པ་དང་། སྐབས་དེར་༧མགོན་པོ་གང་ཉིད་ཀྱིས་བོད་སོག་གཉིས་མཉམ་བསྡེབས་ཀྱིས་འཛམ་གླིང་དུ་ཞབས་འདེབས་བསྒྲུབ་དགོས་པའི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།
དེའི་ཐད་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་སོག་གཉིས་ཀྱི་བར་དུ་ལོ་རྒྱུས་ཀྱི་འབྲེལ་ལམ་ཟབ་མོ་ཡོད་ཀྱང་། ལོ་རྒྱུས་རིང་མོ་ཞིག་གི་འཕེལ་འགྲིབ་ཀྱི་ཁྲོད་ནས་བོད་སོག་གཉིས་ཀྱི་འབྲེལ་ལམ་ཆད་རྗེས། སླར་ཡང་བོད་སོག་བར་དུ་འབྲེལ་འདྲིས་བྱུང་སྟེ་འབྲེལ་ལམ་སླར་གསོ་བྱུང་ཡོད་སྐོར་དང་། རྒྱ་གར་དུ་གཞིས་ཆགས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་སྡེ་ཁག་ཏུ་སོག་ཡུལ་ནས་སློབ་གཉེར་བ་མང་དག་ཅིག་མངག་གཏོང་བྱེད་མུས་ཡིན་ཡང་། བོད་ཀྱི་ཆོས་དང་རིག་གཞུང་ལ་འཛམ་གླིང་སྤྱི་ཡོངས་ལ་ཞབས་འདེབས་ཞུ་རྒྱུའི་གོ་སྐབས་ཤིག་ཡོད་ཅིང་། དེ་ནི་ནང་པའི་ལྟ་སྒྲུབ་ཀྱི་སྙིང་བཅུད་ཡིན་སྟབས། སོག་ཡུལ་ནས་སློབ་གཉེར་བ་མང་དག་ཅིག་མངག་གཏོང་བྱ་ཐུབ་ཚེ། བོད་བརྒྱུད་ནང་བསྟན་ལ་དགེ་མཚན་དམིགས་བསལ་ཞིག་ཡོད་སྐོར་གྱི་བཀའ་སློབ་སྩལ་ཡོད་པ་དང་། ཡང་མགོན་པོ་མཆོག་གིས་སོག་ཡུལ་དུ་གདན་ས་ཁག་གི་དགེ་བཤེས་དང་མཁས་དབང་སོགས་ཀྱི་དགོས་མཁོ་ཡོད་ཚེ། ཁོང་ཅག་མངག་གཏོང་གནང་རྒྱུ་ཡིན་པའི་བཀའ་སློབ་སོགས་སྩལ་ཡོད་སྐོར་གསུངས་སོང་།
ཡང་ཏེ་ལོ་རིན་པོ་མཆོག་གིས་སོག་ཡུལ་ནས་ཕེབས་པའི་རུ་ཁག་དེ་དང་འབྲེལ་ནས། ད་ལན་རུ་སོག་སྐུ་ཚབ་དོན་གཅོད་ཁང་དང་ཎ་རོ་པཎ་ཆེན་གྱི་ཐེབས་རྩ། ཏེ་ལོ་ཧུ་ཐོག་ཐེབས་རྩ་སོགས་ཀྱིས་གོ་སྒྲིག་བྱས་ནས་བཞུགས་སྒར་དུ་སོག་པོའི་གཞོན་སྐྱེས་ ༥༢ འབྱོར་ཡོད་ཅིང་། ཁོང་ཚོར་བཞུགས་སྒར་དུ་ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པའི་སྐོར་གྱི་ཟབ་སྦྱོང་ཞིག་སྤྲད་འཆར་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་དང་བྱེས་འབྱོར་བོད་མིའི་གནས་བབ། བོད་ཀྱི་ཆོས་རིག་སོགས་ཀྱི་སྐོར་ལ་རྟོག་ཞིབ་དང་སྦྱང་བརྩོན་བྱ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
བཞུགས་སྒར་དུ་འབྱོར་བའི་སོག་པོ་ ༥༢ ཀྱི་ཁྲོད་དུ་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྗེས་དེད་པ་འབུམ་ཕྲག་ཡོད་པའི་སོག་ཡུལ་གྱི་གཞས་པ་དང་། འཁྲན་སྟོན་པ་མི་གྲངས་ ༢༠ ཡོད་པ་རེད་འདུག
གསར་འགོད་པ། དཔལ་ལྡན།