ཀླུ་སྨྱོན་ཧེ་རུ་ཀས་དབྱིན་ཡིག་ནས་བསྒྱུར།
པཎ་ཊི་ཏ་རམ་བྷ་ཡེ་(pandita ramabai)ནི་གཞན་ཕན་དགེ་སྒྲུབ་ཀྱི་བསམ་བློ་གཏོང་མཁན་རྒྱ་གར་བ་མང་པོའི་ཁྲོད་ཀྱི་གཅིག་ཡིན་ཞིང་། མོས་རང་ཉིད་ཀྱི་མི་ཚེ་དེ་རྒྱ་གར་གྱི་བུད་མེད་ཚོའི་མི་ཚེའི་གནས་སྟངས་ཡར་རྒྱས་ཀྱི་ཕྱོགས་སུ་བཏང་། སྤྱི་ལོ་ ༡༨༠༠ གཡས་གཡོན་དུ། ཕ་མའི་གོ་སྒྲིག་གི་གཉེན་སྒྲིག་ནི་རྒྱ་གར་དུ་ཡོངས་ཁྱབ་ཏུ་གནས་པ་ཞིག་ཡིན་པ་དང་། བཙན་ཤེད་ཀྱི་སྒོ་ནས་གཉེན་སྒྲིག་བྱས་པའི་བུ་མོ་མང་བོ་ཞིག་ནི་ལོ་ན་དགུ་རུ་མ་གཏོགས་སོན་མེད་ནའང་སྐྱེས་པ་དར་མའམ་ཡང་ན་རྒན་འཁོག་ཅིག་གི་བཟའ་ཟླ་བྱེད་དགོས་ཤིང་། གཉེན་སྒྲིག་བྱེད་པའི་ཉིན་མོ་དེར་མ་གཏོགས་ཁོ་མོ་ཚོས་དོན་དག་དེ་ཚོའི་སྐོར་ཅི་ཡང་ཤེས་ཀྱི་མེད། ནམ་ཞིག་བུ་མོ་འདི་ཚོའི་ཁྱོ་བོ་ཤི་ནས་ཡུགས་ས་མར་གྱུར་པའི་སྐབས་སུ་མོ་རང་ཚོ་ད་དུང་བྱིས་པའི་གནས་སྐབས་སུ་ཡོད། ཡུགས་ས་གཞོན་ནུ་མ་འདི་ཚོའི་མི་ཚེ་ལ་བྲོ་བ་སྤུ་ཙམ་ཡང་མེད་ཅིང་། རྒྱ་གར་བ་གང་མང་ཞིག་གིས། བུད་མེད་འདི་ཚོར་སྐྱེ་བ་སྔོན་མ་དག་ཏུ་བསགས་པའི་སྡིག་སྒྲིབ་ཀྱིས་ཆད་པ་བཅད་པར་ཡིད་ཆེས་བྱེད། ཡུགས་ས་མ་གང་མང་ཞིག་ལ་གལ་སྲིད་བུ་རེ་ཡོད་ཚེ་སྡུག་བསྔལ་ཏོག་ཙམ་ཉུང་བར་འཕྲད་པ་སྟེ་བུ་ནི་བུ་མོ་ལས་རིན་ཐང་ཆེ་བར་བརྩི། ཡུགས་ས་མ་སུ་ཞིག་ལ་བུ་རེ་མེད་ཚེ་གང་ལྟར་ཁྲིམས་འགལ་གྱི་ལས་ཀ་བྱས་པ་ལྟ་བུར་བརྩི། གཤིན་པོའི་ནང་མི་ཚོས་ཡུགས་ས་མ་འདི་ཚོ་ཁང་བའི་ཟུར་ཁུག་ནག་ཁུང་ཡིན་ས་དེར་འཇོག་པ་དང་། ཉི་མ་རེ་ལ་བཟའ་བཏུང་ཚར་གཅིག་རེ་ལས་སྤྲོད་སྲོལ་མེད་པ་མ་ཟད། ད་དུང་ཉེས་རྡུང་གཏོང་བ་དང་ཁྱིམ་ཚང་གི་ལས་ཀ་ཡོད་ཚད་བྱེད་དུ་འཇུག་པས། ལོ་ན་གཞོན་པའི་ཡུགས་ས་མ་མང་པོ་ཞིག་གིས་འུ་ཐུག་ཐབས་ཟད་ཀྱི་མི་ཚེ་འཁྱོལ་ཐབས་བྲལ་ནས་རང་ཤི་རྒྱག་གིན་ཡོད་པ་ནི་ཧ་ལས་མི་དགོས་པ་ཞིག་རེད། པཎ་ཏི་ཏ་རམ་བྷ་ཡེས་ཆེས་ཐོག་མར་ཡུགས་ས་མ་འདི་ཚོར་རོགས་རམ་བྱེད་པའི་གོམ་སྟབས་ཤིག་སྤོས་པ་རེད། སྤྱི་ལོ་༡༨༨༨ལོར། རམ་བྷ་ཡེས་ཆེས་ཐོག་མའི་རྒྱ་གར་གྱི་ཡུགས་མོ་སྲུང་སྐྱོབ་ཁང་དབུ་བརྙེས་པར་བྱས་པ་རེད།
པཎ་ཏི་ཏ་རམ་བྷ་ཡེ་ནི་སྤྱི་ལོ་༡༨༥༨ལོར་རྒྱ་གར་གྱི་རམ་བྷ་ཡེ་སྒྲུང་གི་རི་ཞེས་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོ་མོའི་ནང་མི་ནི་རྒྱ་གར་གྱི་རིགས་རུས་མཐོ་བ་ཞིག་ཡིན། ཁོ་མོའི་ཨ་ཕ་ཨ་ནནྡ་སྒྲུང་གི་རི་ཞེས་པ་ལོ་ཞེ་བཞིར་སོན་དུས་ཐོག་མའི་བཟའ་ཟླ་ཚེ་ལས་འདས། ཉིན་ཞིག་ཁོས་གཙང་བོའི་ནང་དུ་གཟུགས་པོ་འཁྲུད་སྐབས་མི་ཞིག་དང་འཕྲད་ཅིང་། མི་དེས་རང་གི་བུ་མོ་ལོ་ན་དགུ་རུ་སོན་པ་དེ་ཨ་ནནྡའི་མནའ་མར་བྱིན། ཨ་ནནྡས་མོ་རང་དང་མཉམ་དུ་གཉེན་སྒྲིག་བྱས་ཏེ་ཁོ་རང་གི་ཁྱིམ་དུ་ཁྲིད། ཨ་ནནྡ་ནི་དུས་སྐབས་དེའི་རྒྱ་གར་གྱི་སྐྱེས་པ་ཚོའི་ཁྲོད་ནས་མི་འདྲ་བ་ཞིག་ཡིན། ཁོ་ནི་སྐྱེས་པ་ཡོན་ཏན་ཅན་ཞིག་དང་དེང་རབས་ཀྱི་བསམ་བློ་དང་ལྡན་པ་ཞིག་ཡིན། ནམ་ཞིག་ཁོས་རང་གི་ལོ་ན་གཞོན་པའི་མནའ་མར་ཡོན་ཏན་སློབ་པ་དེ་ཁོའི་ནང་མི་དག་གིས་མཐོང་བའི་སྐབས། ཁོང་ཚོ་ཧང་སངས་ཧོན་འཐོར་དུ་གྱུར་ནས་ནང་མི་ཚང་མ་ཁོའི་ཁ་གཏད་དུ་ལངས། རྒྱུ་རྐྱེན་དེར་བརྟེན་ནས། ཨ་ནནྡས་རང་གི་བཟའ་ཟླ་ཁྲིད་ནས་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོ་བྱས་ཤིང་། ཁོས་དེ་རུ་གནས་སྐོར་བ་མང་པོ་སླེབས་སའི་མཆོད་ཁང་ཞིག་གི་ཉེ་འཁྲིས་སུ་སྡོད་ཁང་བརྩིགས།
རམ་བྷ་ཡེ་ནི་གནས་སྤོ་དེའི་རྗེས་ཀྱི་ཅང་མ་འགོར་བའི་ལོ་ཟླའི་ནང་དུ་སྐྱེས། ཨ་ནནྡ་སྒྲུང་གི་རི་ཡིས་རང་གི་དངུལ་ཚང་མས་གནས་སྐོར་བ་ཚོར་རོགས་རམ་བྱས་པས་མཐའ་མར་ཁོ་ཚོར་ཅི་ཡང་མ་ལྷགས། ཨ་ནནྡ་དང་ཟླ་བ་ལྔར་སོན་པའི་རམ་བྷ་ཡེས་གཙོས་པའི་ནང་མི་ཚོར་རྒྱ་གར་གྱི་ས་ཕྱོགས་ཀུན་ནས་མཆོད་ཁང་དང་ལྷ་ཁང་ལ་གནས་སྐོར་དུ་བསླེབས་པ་ཚོ་དང་མཉམ་སྡོད་བྱས། གནས་སྐོར་བ་འདི་ཚོའི་མང་ཆེ་བ་ནི་དབུལ་ཞིང་ཕོངས། ཨ་ནནྡས་སྤྱི་དམངས་ཀློག་པ་པོ་ཚོར་ལེགས་སྦྱར་གྱི་དམ་ཆོས་སློབ་དེབ་སྤྲད་པ་དང་། སློབ་དེབ་དེ་ཚོ་ཡུལ་མི་རང་བཞིན་པའི་སྐད་མི་འདྲ་པའི་ནང་དུ་ཕབ་བསྒྱུར་བྱས་པ་ལས་དངུལ་ཏོག་ཙམ་རག་མྱོང་། མཐའ་མཇུག་ཏུ། མི་རྣམས་ཀྱིས་ཁོ་ཚོར་དངུལ་དང་འབྲས་ཕྲན་བུ། ད་དུང་ཉལ་སའི་གནས་བཅས་སྦྱིན། ད་དུང་ཁོའི་ཁྱིམ་མི་རྣམས་རྟག་པར་གྲོད་པ་ལྟོགས་ནས་སྡོད་དགོས་པ་དང་། ཕྱི་རོལ་ཏུ་ཉལ་བའམ་སྤྱི་དམངས་སྐྱོབ་གསོ་ཁང་དག་ཏུ་མཚན་ཞག་སྐྱེལ་དགོས་ཀྱི་ཡོད། རམ་བྷ་ཡེ་དང་མོའི་མིང་སྲིང་རྣམས་ལ་སོ་སོའི་ཕ་མ་ལས་ཤེས་ཡོན་ཐོབ་པ་དང་། རམ་བྷ་ཡེ་ལོ་ན་བཅོ་ལྔ་རུ་སོན་དུས། མོས་ཡུལ་མི་རང་བཞིན་པའི་སྐད་རིགས་མི་འདྲ་བ་བདུན་བཤད་ཤེས་པ་དང་། ལེགས་སྦྱར་གྱི་སྐད་དུ་ཡོད་པའི་ཆོས་ཚིག་ཤོ་ལོ་ཀ་ཉིས་ཁྲི་སུམ་སྟོང་བློ་འཛིན་བྱས།
སྤྱི་ལོ་༡༨༧༤ལོར། རྒྱ་གར་དེ་མུ་གེ་ཚབས་ཆེན་ཞིག་གིས་ཡོངས་སུ་སྡུག་བསྔལ་བར་བྱས། རམ་བྷ་ཡེའི་ཕ་མ་གཉིས་དང་སྲིང་མོ་བཅས་ལྟོགས་ཤི་ཐེབས། མོ་དང་མོའི་གཅེན་པོ་གཉིས་མུ་མཐུད་དུ་གནས་སྐོར་བ་ཚོ་དང་མཉམ་དུ་འཚོ་ཐབས་བྱས། ཁོ་གཉིས་ཀྱིས་ཀྱང་ཁོ་ཚོའི་ཕ་རྒན་བཞིན་དུ་ལེགས་སྦྱར་ཆོས་དཔེ་བཀླགས་ནས་རང་མཁོའི་དངུལ་རེ་འཚོལ་ཐབས་བྱས། རྗེས་མའི་ལོ་གཉིས་ཀྱི་རིང་ལ། ཁོ་གཉིས་ཀྱིས་སྤྱི་ལེ་བཞི་སྟོང་ལས་ལྷག་པའི་ས་རུ་གོམ་བགྲོད་བྱས། ཁོ་གཉིས་ལ་སྐབས་རེར་བཟའ་བཏུང་ཏོག་ཙམ་རེ་རག་པ་དང་མཚམས་རེར་མི་རག་ཅིང་། གྱོན་ཆས་འཚམ་པོ་ཞིག་ཀྱང་གྱོན་རྒྱུ་མེད། སྤྱི་ལོ་༡༨༧༨ལོར་རམ་བྷ་ཡེ་མོའི་གཅེན་པོ་གཉིས་ཀ་ལི་ཀ་ཏ་རུ་འབྱོར་ནས་དེ་རུ་བསྡད། དེ་རུ་ཁོ་གཉིས་ཀྱིས་མི་ཚོགས་ཤིན་ཏུ་མང་པོ་དག་ལ་ལེགས་སྦྱར་རྩོམ་ཡིག་བཀླགས། བུད་མེད་ཀྱིས་དཔེ་དེབ་ཀློག་པ་དང་རྩོམ་ཡིག་འབྲི་རྒྱུ་ནི་རྒྱུན་ལྡན་མིན་པའི་བྱ་བ་ཞིག་ཡིན་པས། རམ་བྷ་ཡེ་སྙན་གྲགས་ཆེན་པོ་ཅན་ཞིག་ཏུ་གྱུར་པ་དང་། ཁོ་གཉིས་ཀྱིས་ཆོས་ལུགས་དང་རིགས་རུས་མི་འདྲ་བ་ནས་ཡོང་བའི་མི་སྣ་རླབས་ཆེན་ཏེ་ཤེས་ཡོན་ཅན་མང་བོར་ཐུག་འཕྲད་བྱས། ཀ་ལི་ཀ་ཏ་མཐོ་རིམ་སློབ་གྲྭ་ཆེན་མོས་རམ་བྷ་ཡེ་ལ་པཎ་ཏི་ཏ་སྟེ་ལྕམ་མོ་སྦྱངས་ཡོན་ཅན་ཞེས་པའི་མཚན་སྙན་གསོལ། ནམ་ཞིག་རམ་བྷ་ཡེ་ལོ་ན་ཉེར་གཉིས་ལ་སོན་དུས། མོའི་ཕུ་བོ་འཇིག་རྟེན་འདི་དང་གཏན་དུ་གྱེས། ཕུ་བོ་ཚེ་ལས་འདས་པ་དེས་རམ་བྷ་ཡེ་གནས་སྟངས་ཤིན་ཏུ་ཁག་པོ་ཞིག་གི་ནང་དུ་བསྐྱལ།
དུས་སྐབས་དེར། རྒྱ་གར་གྱི་བུད་མེད་རྣམས་གཉེན་ཉེ་སྐྱེས་པ་རྣམས་ལ་བརྟེན་ཚབས་ཤིན་ཏུ་ཆེན་པོ་ཡོད། སྐྱེས་དམན་ཁེར་འདུག་ཅིག་གིས་ལས་ཀ་བྱེད་པ་དང་ཁྱིམ་གཞི་སྐྱོང་བ། མི་ཚེ་སྐྱེལ་བ་བཅས་ནི་ཧ་ལམ་མི་སྲིད་པ་ཞིག་ཡིན་པས། ལོ་ན་གཞོན་པའི་ཁྲིམས་རྩོད་པ་མིང་ལ་བྷི་ཕིན་བྷི་ཧ་རི་མེ་དྷ་ཝེ་ཟེར་བ་ཞིག་གིས་རམ་བྷ་ཡེ་མཉམ་དུ་གཉེན་སྒྲིག་བྱེད་རྒྱུའི་ཁས་ལེན་བྱས་པ་དང་། གང་ལྟར་ཁོ་ནི་རམ་བྷ་ཡེ་དང་བསྡུར་ན་རིགས་རུས་དམའ་བར་གཏོགས་པ་ཞིག་རེད། དོན་རྐྱེན་དེར་ཕྱོགས་གཉིས་ཀའི་ཁྱིམ་མིས་ངོས་ལེན་མ་བྱས། གང་ཡིན་ཟེར་ན། ཧིན་རྡུ་བ་ཚོས་རང་གི་རིགས་རུས་ལས་ལྡོག་པ་ཞིག་དང་མཉམ་དུ་གཉེན་སྒྲིག་བྱེད་མཁན་དང་མཉམ་དུ་སྐད་ཆ་མི་བཤད། ཡིན་ན་ཡང་རམ་བྷ་ཡེ་དང་བྷི་ཕིན་གཉིས་ཀྱིས་དེར་དོ་སྣང་མ་བྱས། ཁོ་གཉིས་ལ་ཕན་ཚུན་བརྩེ་དུང་ཡོད་པ་དང་བསམ་ཚུལ་ཡང་གཅིག་མཐུན་དུ་ཡོད། ཁོ་གཉིས་ཀྱིས་སྤྱི་ལོ་༡༨༨༠ལོར་གཉེན་སྒྲིག་བྱས་ཏེ་ཕུ་ན་རུ་གནས་སྤོ་བྱས། ལོ་གཉིས་ཀྱི་རྗེས་སུ། བྷི་ཕིན་ཕོ་ནད་དྲག་པོ་ཞིག་གིས་ཟིན་པ་དང་། ནམ་ཞིག་ཁོ་རང་ཚེ་ལས་འདས་པའི་སྐབས་སུ། རམ་བྷ་ཡེ་ཡང་སྐྱར་གནས་སྟངས་སྐྱོ་བོ་ཞིག་གི་ནང་དུ་ལྷུང་། མོ་ཡིས་རང་གི་རིགས་རུས་དང་ལྡོག་པ་ཞིག་གི་མཉམ་དུ་གཉེན་སྒྲིག་བྱས་པ་དང་། ད་ལྟ་མོ་རང་རང་གི་ལུས་ལས་ཆད་པའི་བུ་མོ་ཆུང་ཆུང་ཞིག་དང་མཉམ་དུ་ཡུགས་སར་ལུས་ནའང་། མོ་རང་དང་མོའི་ཁྱོ་ཀའི་ནང་མི་གཉིས་ཀའི་ཕྱོགས་ནས་མོ་རང་ལ་རོགས་རམ་གང་ཡང་མ་བྱས་པས། རམ་བྷ་ཡེ་དང་མོའི་བུ་མོ་ཆུང་ཆུང་གཉིས་ཀྱིས་ཁྲོམ་སྲང་དང་དབུལ་ཕོངས་ཀྱི་འཚོ་བ་བསྐྱལ། མོ་ལ་རོགས་རམ་བྱེད་པར་རེ་བའི་མི་གཅིག་རང་ཡོད་པ་ནི་མོའི་གཉེན་ཉེ་བུད་མེད་ཨ་ནནྡེ་བྷ་ཡེ་ཡིན་པ་དང་། མོ་རང་ཡང་བློ་རིག་དང་ལྡན་ཞིང་རང་དབང་ཅན་གྱི་བུད་མེད་ཅིག་ཡིན། རྗེས་མར་མོ་རང་རྒྱ་གར་གྱི་ཆེས་ཐོག་མའི་བུད་མེད་སྨན་པ་ཞིག་ཏུ་གྱུར། མོ་རང་གིས་ཨ་མེ་རི་ཁར་སློབ་སྦྱོང་བྱེད་དུ་འགྲོ་རྒྱུའི་འཆར་གཞི་བཏིངས་པ་དང་འབྲེལ་རམ་བྷ་ཡེ་ཡང་རྒྱ་གར་ནས་ཕྱིར་ཐོན་དགོས་པའི་བསམ་ཚུལ་བཅངས།
རམ་བྷ་ཡེ་ཕུ་ན་རུ་ཡོད་པའི་ཡེ་ཤུའི་དགེ་སྒྲུབ་མའི་ཚོགས་པ་ཞིག་ཏུ་བཅར་ཏེ་ཁོ་མོར་རོགས་རམ་བྱེད་པར་ཞུ་བ་ཕུལ། དེ་ཚོར་མོ་རང་དབྱིན་ཡུལ་དུ་གཏོང་རྒྱུ་དང་འབྲེལ་མོའི་སློབ་ཡོན་ཡང་ཁོ་མོ་ཚོའི་རོགས་པས་སྦྱིན་བདག་བྱེད་རྒྱུར་མོས་མཐུན་བྱས། སྤྱི་ལོ་༡༨༨༣ལོར་རམ་བྷ་ཡེ་དང་མོའི་བུ་མོ་གཉིས་དབྱིན་ཡུལ་དུ་འབྱོར། དེ་རུ་ས་ཡན་ཁྲི་མེ་རོས་དགེ་སྒྲུབ་མ་ཚོ་ཞེས་པའི་དགེ་སྒྲུབ་ཚོགས་པ་ཞིག་གིས་མོ་ལ་དབྱིན་ཡིག་གི་སློབ་ཚན་སྤྲད་པ་དང་ཆབས་ཅིག་ལེགས་སྦྱར་སློབ་ཁྲིད་ཀྱི་ལས་ཀ་ཡང་སྤྲད། དེའི་ཁ་སྣོན་དུ། མོ་ལ་རྒྱལ་ས་ལོན་ཏོན་དུ་ཡོད་པའི་ཁོ་ཚོའི་བུད་མེད་སྲུང་སྐྱོབ་ཁང་ཡང་བསྟན། བུད་མེད་སྲུང་སྐྱོབ་ཁང་དེས་རམ་བྷ་ཡེ་ལ་རྒྱ་གར་དུ་རང་ལ་བདག་དབང་ཡོད་པའི་བུད་མེད་སྲུང་སྐྱོབ་ཁང་ཞིག་འཛུག་རྒྱུའི་བསམ་བློ་ཡང་སྐྱེས་སུ་བཅུག དུས་ཚོད་དེའི་ནང་དུ། རམ་བྷ་ཡེ་ཡེ་ཤུའི་ཆོས་ལུགས་པ་ཞིག་ཏུ་འགྱུར་མགོ་ཡང་ཚུགས།
སྤྱི་ལོ་༡༨༨༦ལོར་རམ་བྷ་ཡེ་ཨ་མེ་རི་ཁར་མོའི་གཉེན་ཉེ་ཨ་ནནྡེ་བྷ་ཡེ་སྨན་པའི་སློབ་གྲྭ་ནས་མཐར་ཕྱིན་པའི་མཛད་སྒོར་ཕྱིན། དེ་རུ་མོ་རང་བུད་མེད་རླབས་ཆེན་མང་པོ་ཞིག་དང་ཐུག་འཕྲད་བྱུང་བ་དང་། དེ་དག་གིས་མོ་རང་ཨ་མེ་རི་ཁར་བསྡད་དེ་སློབ་སྦྱོང་བྱས་རྗེས་ཕྱིར་རྒྱ་གར་དུ་ལོག་རྒྱུའི་སྐུལ་མ་བྱས། རྗེས་མའི་ལོ་གསུམ་གྱི་རིང་ལ། རམ་བྷ་ཡེས་ཨ་མེ་རི་ཁའི་སློབ་གྲྭ་ཁག་ཏུ་ལས་ཤེས་སྤྲོད་རྒྱུའི་སློབ་སྦྱོང་བྱས་པ་དང་འབྲེལ། རིགས་རུས་མཐོ་བའི་རྒྱ་གར་གྱི་བུད་མེད་ཅེས་པའི་དེབ་ཅིག་ཀྱང་བྲིས། དེ་ནི་རིགས་རུས་ལམ་ལུགས་ཀྱིས་ཇི་ལྟར་རྒྱ་གར་གྱི་བུད་མེད་ཚོར་ཤུགས་རྐྱེན་ཐེབས་སུ་འཇུག་པའི་སྐོར་གྱི་དེབ་དང་པོ་དེ་རེད།
མོའི་དེབ་དེ་ལ་བརྟེན་ནས་རམ་བྷ་ཡེ་སྐད་གྲགས་ཆེན་པོ་ཞིག་ཆགས། སྤྱི་ལོ་༡༨༨༧ལོར་ཕྱུག་བདག་ཚོགས་པ་ཞིག་གིས་ཨ་མེ་རི་ཁའི་རམ་བྷ་ཡེ་མཐུན་ཚོགས་གསར་འཛུགས་བྱས། སྤྱི་ལོ་༡༨༨༨ལོའི་ཟླ་བཅུ་གཅིག་པར། ཁོ་ཚོའི་དངུལ་དང་མཉམ་དུ་རམ་བྷ་ཡེ་རྒྱ་གར་དུ་ཕྱིར་ལོག་སྟེ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་སྦོམ་སྦེ་རུ་ཡུགས་ས་མ་གཞོན་ནུ་ཚོའི་ཆེད་དུ་སློབ་གྲྭ་དང་སྲུང་སྐྱོབ་ཁང་བཙུགས། ལོ་ལྔའི་རྗེས་སུ། མོས་སློབ་གྲྭ་དང་སྲུང་སྐྱོབ་ཁང་ཕུ་ན་རུ་གནས་སྤོ་བྱས་པ་དང་འབྲེལ་ཁེ་སྒྲི་སྒོན་kedgaonདང་ཐག་ཉེ་བའི་ས་རུ་ཞིང་ཁ་ཆེན་པོ་ཞིག་ཉོས་ཤིང་། དེ་རུ་ཡེ་ཤུའི་ཁང་ཁྱིམ་དང་བཟོ་ལས་སློབ་གྲྭ་བཙུགས། མོས་བུ་མོ་ན་ཆུང་དང་བུད་མེད་རྒན་དར་མང་པོ་ཞིག ད་དུང་དེ་ཚོའི་བུ་ཕྲུག་བཅས་ལ་ཟས་གོས་སྤྲད་དེ་གསོ་སྐྱོང་བྱས། ད་དུང་མོས་ཁོ་མོ་ཚོར་དགེ་རྒན་དང་སྨན་གཡོག་གི་སློབ་ཁྲིད་བྱས་པ་དང་། བུད་མེད་གཞན་དག་ལ་གྱོན་གོས་དང་ལྷམ་བཟོའི་སྦྱོང་བརྡར་ཡང་སྤྲད་པ་མ་ཟད། ལག་ཤེས་གཞན་དག་ཀྱང་སློབ་རོགས་བྱས།
སྤྱི་ལོ་ ༡༨༩༦ ལོའི་མུ་གེའི་དུས་སྐབས་སུ། རམ་བྷ་ཡེས་བུད་མེད་བརྒྱ་ཕྲག་མང་པོར་རོགས་སྐྱོར་བྱས། ལོ་གསུམ་གྱི་རྗེས་སུ། ཁོ་མོས་མི་ཉིས་སྟོང་ལྷག་ལ་མུ་གེའི་དུས་སྐབས་གཞན་དག་ཏུ་རོགས་རམ་བྱས། ལོ་ངོ་དེ་དག་གི་སྐབས་སུ། ཁོ་མོའི་སློབ་གྲྭ་དང་སྲུང་སྐྱོབ་ཁང་གིས་ཡུགས་ས་མ་བརྒྱ་ཕྲག་མང་བོར་མི་ཚེ་གསར་བ་ཞིག་གི་གོ་སྐབས་སྤྲད། པཎ་ཊི་ཏ་རམ་བྷ་ཡེ་སྤྱི་ལོ་༡༩༢༢ལོར་གྲོངས་ཤིང་། ཁོ་མོའི་ཆོད་སེམས་ཀྱིས་རྒྱ་གར་གྱི་བུད་མེད་ཚོར་རོགས་རམ་བྱས་པ་ནམ་ཡང་བརྗེད་སྲིད་ཀྱི་མ་རེད།
<<ཇི་འདྲའི་མི་ཚེ་ཞིག>>ཅེས་པའི་དཔེ་དེབ་ལས་བསྒྱུར།
ཚེ་དཔག་རིག་འཛིན་ལགས། འདི་ནི་སློབ་གྲྭའི་བསླབ་གཞིའི་དེབ་ཅིག་ལས་ལོ་བཅོ་ལྔའི་སྔོན་བསྒྱུར་པ་ལགས། དྲ་ཐག་ཡོད་ཀྱི་མ་རེད་དྲན། མ་དཔེ་བོད་ཀྱི་དུས་བབ་ཚང་ལ་ཕུལ་ཡོད།
བླ་མ་ཀླུ་སྨྱོན་བླ་མ་ལགས། བཀྲིན་ཆེ། གཞན་ཕན་གྱི་བྱ་བ་ལ་འཇུག་པའི་སྙིང་སྟོབས་དང་། སློབ་གསོ་བླངས་ཆོག་པ་འདུག་ལགས། དབྱིན་ཡིག་མ་དཔའི་དྲྭ་ཐག་དེ་ཡང་གཅིག་གནང་རོགས་གནོངས།།