ཨུ་རུ་སུའི་དམག་དཔུང་གིས་འདས་པའི་ཉིན་གྲངས་ ༤༠ ལྷག་རིང་ཡུ་ཀེ་རེན་ནང་དྲག་པོའི་བཙན་འཛུལ་བྱས་ཏེ་མི་མང་དཀྱུས་མ་བརྒྱ་ཕྲག་མང་པོ་དམར་གསོད་དང་རྨས་སྐྱོན་བཏང་བའི་དམག་འཁྲུག་གི་ནག་ཉེས་སློང་མཁན་གཏེ་བོ་རྣམས་ལ་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཁྲིམས་ཆད་གཅོད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་འདུག
དེ་རིང་ནི་ཨུ་རུ་སུས་རང་གི་ལྷོ་ནུབ་རྒྱལ་ཁབ་ཡུ་ཀེ་རེན་ལ་བཙན་འཛུལ་བྱས་པའི་ཉིན་མོ་ ༤༣ པ་དེ་ཡིན་ནའང་། ཨུ་རུ་སུའི་ཡུ་ཀེ་རེན་ཕམ་དུ་འཇུག་རྒྱུའི་ཐོག་མའི་དམག་ཇུས་ལམ་ལྷོངས་མ་སོང་བར་བརྟེན་ཁ་སང་ཡུལ་དེའི་རྒྱལ་ས་ཀིབ་ (Kyiv) ནང་གི་ཨུ་རུ་སུའི་དམག་ཡོངས་རྫོགས་ཕྱིར་འཐེན་བྱས་ཏེ། ཤར་བརྒྱུད་ཌོན་བྷ་སི་ (Donbus) ཁུལ་དུ་ཁ་བསྒྱུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག་ལ། ཨ་རི་གཙོས་པའི་ནུབ་གླིང་དམངས་གཙོའི་རྒྱལ་ཁབ་རྣམས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ལྗིད་མོ་བཅད་དེ་དམག་མཚམས་འཇོག་པར་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་རེད།
ཁ་སང་ཕྱི་ཚེས་ ༦ ཉིན་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འདས་པའི་ཉིན་གྲངས་ ༤༠ ལྷག་རིང་དམག་འཐབ་དྲག་པོ་བྱ་སའི་ཡུ་ཀེ་རེན་གྱི་རྒྱལ་ས་ཀིབ་དང་བྱང་ཕྱོགས་གྲོང་ཁྱེར་ཆེར་ནི་ཧིབ་ (Chernihiv) གཉིས་ནང་ཡུ་ཀེ་རེན་དམག་གི་རང་སྲུང་དང་ཕར་རྒོལ་གྱི་སྟོབས་ཤུགས་ཆེ་དྲགས་པའི་རྐྱེན་གྱིས། ས་ཁུལ་དེའི་ནང་ཡོད་པའི་ཨུ་རུ་སུའི་དམག་རྣམས་ཨུ་རུ་སུའི་རྒྱབ་རྟེན་ཡོད་པའི་གྱེན་ལོག་ཤོག་ཁག་དང་ཡུ་ཀེ་རེན་གྱི་དམག་དབར་གྱི་འདས་པའི་ལོ་ངོ་ ༨ ལྷག་གི་གཡུལ་ས་གཙོ་བོ་ཌོན་བྷ་སི་ཞེས་པའི་ཕྱོགས་སུ་ཁ་བསྒྱུར་བྱས་པ་དང་བསྟུན། ཡུ་ཀེ་རེན་གཞུང་གིས་ཁུལ་དེར་གནས་སྡོད་མི་མང་རྣམས་འཕྲལ་དུ་བྲོས་བྱོལ་དུ་བསྐྱོད་དགོས་པའི་ལམ་སྟོན་བྱས་འདུག་ལ། ཨ་རིའི་གསང་བའི་ལས་ཁུངས་ངོས་ནས་ཀྱང་ཨུ་རུ་སུའི་དམག་གིས་འཐབ་ཇུས་ལ་འགྱུར་བ་བཏང་སྟེ། ཤར་བརྒྱུད་ནས་བསྐྱར་དུ་དམག་དཔུང་བསྒྲིགས་ཏེ་དབུས་ལ་བཙན་རྒོལ་བྱ་སྲིད་པའི་ཉེན་བརྡ་བཏང་འདུག་ལ། ཡུ་ཀེ་རེན་གྱི་དམག་ལ་བསྐྱར་དུ་ཨ་སྒོར་ས་ཡ་ ༡༠༠ ཡི་གོ་མཚོན་རོགས་སྐྱོར་སྤྲད་དེ། རིང་མིན་ཉིིན་གྲངས་འགའ་ཤས་ནང་ཨ་རིའི་མཚོན་ཆ་དག་ཡུ་ཀེ་རེན་དུ་འབྱོར་རྒྱུ་ཡིན་སྐོར་གྱི་གནས་ཚུལ་ཐོན་འདུག
ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཚོད་དཔག་ལྟར་ན། ཨུ་རུ་སུས་ཡུ་ཀེ་རེན་ནང་དམག་སྡེ་ ༡༣༠ ལྷག་བཏང་བའི་ཁྲོད་ནས་དམག་སྡེ་ ༨༠ ལས་མང་བ་དངོས་སུ་དམག་འཐབ་ནང་ཞུགས་ཡོད་ཅིང་། དེ་དག་ཁྲོད་ནས་ཀྱང་དམག་སྡེ་ ༣༠ ལས་མང་བ་འབྱུང་འགྱུར་དམག་ས་གཙོ་བོར་འགྱུར་ངེས་པའི་ཤར་བརྒྱུད་ཌོན་བྷ་སི་ཁུལ་དུ་བཏང་ཡོད་ཅིང་། ཨུ་རུ་སུའི་དམག་སྡེ་རེའི་ནང་དམག་མི་ ༨༠༠ ནས་ ༡༠༠༠ བར་ཡོད་སྲིད་པ་ཞིག་ཡིན་ཞིང་། ཤར་བརྒྱུད་ས་ཁུལ་དེའི་བརྒྱ་ཆ་ ༩༠ ལྷག་ཨུ་རུ་སུའི་རྒྱབ་སྐྱོར་ཡོད་པའི་གྱེན་ལོག་ཤོག་ཁག་གི་དབང་འོག་ཏུ་ཡོད་པ་མ་ཟད། ས་ཁུལ་དེ་གཙོ་བོ་ཨུ་རུ་སུས་ཡུ་ཀེ་རེན་ལ་དངོས་སུ་བཙན་འཛུལ་བྱས་པའི་སྔ་ཉིན་དེར་སྲིད་འཛིན་པུ་ཀྲིན་གྱིས་ཡོངས་ཁྱབ་རང་བཙན་ཡིན་པར་གསལ་བསྒྲགས་བྱས་པའི་ས་ཁུལ་ལུ་ཧིན་སི་ཀི་ (Luhansk) དང་། ཌོ་ནེ་ཊི་སི་ཀི་ (Donetsk) གཉིས་ལས་གྲུབ་པ་ཞིག་ཡིན་ཞིང་། ས་ཁུལ་དེ་ནི་ཡུ་ཀེ་རེན་གྱི་དེ་སྔའི་རྒྱལ་སྲུང་བདེ་འཇགས་ཀྱི་གནད་དོན་གཙོ་བོ་ཞིག་ཡིན་པར་བརྟེན། ད་ལྟ་ཁུལ་དེར་བགོ་འགྲེམ་བྱས་པའི་དམག་དང་མཚོན་ཆ་རྣམས་ནི་ཡུ་ཀེ་རེན་གྱི་དྲག་ཤོས་དེ་ཡིན་པ་རེད། འོན་ཀྱང་ད་ལྟ་ཨུ་རུ་སུས་ལྷོ་བྱང་ཤར་གསུམ་ནས་དཔུང་འཇུག་བྱ་ངེས་ཡིན་པར་བརྟེན། སྔ་ཕྱི་མ་གཏོགས་ཁུལ་དེའི་ནང་གི་ཡུ་ཀེ་རེན་གྱི་དམག་གིས་ཕམ་ཁ་ཆེན་པོ་མྱང་སྲིད་པའི་དཔྱད་ཞིབ་ཐོན་བཞིན་འདུག
ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཡུ་ཀེ་རེན་གྱི་དམག་གིས་ཡུལ་དེའི་རྒྱལ་ས་ནས་སྤྱི་ལེ་ ༣༠ ཙམ་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་གྲོང་སྡེ་བྷུ་ཆ་ (Bucha) ཨུ་རུ་སུའི་ལག་ནས་ཕྱིར་བླངས་རྗེས། ཁུལ་དེའི་ནང་མཚོན་ཆ་ཐོགས་མེད་པ་དང་། ལག་ཟུང་བསྡམས་པ། ཐ་ན་མནར་གཅོད་བཏང་ནས་རྐྱེན་འདས་སུ་སོང་བའི་མི་མང་དཀྱུས་མའི་ཕུང་པོ་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད། གཞུང་ལམ་ཐོག་རྐང་འཁོར་བསྐོར་ནས་སྐྱོད་བཞིན་པའི་མི་སེར་དཀྱུས་མ་ཞིག་གི་ཐོག་མེ་སྒྱོགས་འཕངས་པའི་བརྙན་པར་དང་། ད་དུང་ཨུ་རུ་སུའི་དམག་གིས་ཡུ་ཀེ་རེན་མི་སེར་དཀྱུས་མར་བཙན་གཡེམ་བཏང་བའི་གནས་ཚུལ་སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་རྐྱེན་གྱིས། རྒྱལ་སྤྱིའི་སྟེང་ཨུ་རུ་སུར་སྔར་བས་སྐྱོན་བརྗོད་ཤུགས་ཆེ་ཡོང་གི་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་གིས་པུ་ཀྲིན་གྱིས་དམག་འཁྲུག་ནག་ཉེས་ (War Crime) བསགས་ཡོད་སྐོར་བསྒྲགས་ཏེ། སྲིད་འཛིན་པུ་ཀྲིན་རྒྱལ་སྤྱིའི་ཁྲིམས་ཁང་ལ་གཏུག་དགོས་པའི་གཏམ་བཤད་དྲག་པོ་སྤེལ་ཡོད་པ་མ་ཟད། ཁ་སང་ཨ་རིའི་སྣེ་ཁྲིད་འོག་ཡུ་རོབ་མཐུན་ཚོགས་དང་། སྟོབས་ཆེན་རྒྱལ་ཁབ་ ༧ གྱི་ལྷན་ཚོགས་ (G7) བཅས་ཀྱིས་ཨུ་རུ་སུའི་དངུལ་ཁང་ཆེ་གྲས་ Sberbank དང་ Alfabank གཉིས་དང་། སྲིད་འཛིན་པུ་ཀྲིན་གྱི་བུ་མོ་གཉིས་ཚུད་པའི་ཨུ་རུ་སུའི་ཕྱི་དྲིལ་བློན་ཆེན་སར་ཇི་ལེབ་རོབ་ (Sergei Lavrov) ཀྱི་བཟའ་ཟླ་དང་བུ་མོ། དེ་བཞིན་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་ལས་མི་རྣམས་ཀྱི་དངུལ་དངོས་བཀག་སྡོམ་གྱི་ཉེས་ཆད་བཅད་ཡོད་པ་དང་། ཨ་རིའི་གཞུང་གིས་ད་ལྟ་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་དྲག་པོ་གཅོད་བཞིན་པ་འདིས་ཨུ་རུ་སུ་དེ་ཉིད། ཕྱི་ལོ་ ༡༩༨༠ ནང་གི་ཨུ་རུ་སུའི་མཉམ་འབྲེལ་ (Soviet Union) གྱི་གནས་སྟངས་ལྟ་བུར་ལྷུང་ངེས་ཡིན་སྐོར་བརྗོད་འདུག འོན་ཀྱང་ཡུ་ཀེ་རེན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་ (Volodymyr Zelenskiy) ཡིས་ནུབ་གླིང་རྒྱལ་ཁབ་དག་གི་དཔལ་འབྱོར་ཉེས་ཆད་རྣམས་ད་དུང་འོས་འཚམ་མིན་པ་དང་། དམངས་གཙོའི་རྒྱལ་ཁབ་རྣམས་ཀྱིས་ཨུ་རུ་སུའི་སྣུམ་མི་ཉོ་རྒྱུ་དང་། ཨུ་རུ་སུའི་དངུལ་ཁང་རྣམས་རྒྱལ་སྤྱིའི་དངུལ་ཁང་ནས་རྦད་དེ་ཕྱིར་འབུད་གཏོང་དགོས་སྐོར་བརྗོད་ཡོད་པ་རེད། དེ་བཞིན་བྷུ་ཆའི་དམར་གསོད་དང་འབྲེལ་ནས་ཨ་རི་དང་དབྱིན་ཡུལ་གྱིས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་ནས་ཕྱིར་འབུད་གཏོང་དགོས་པའི་གྲོས་གཞི་བཏོན་པ་ལྟར། དེ་རིང་རྒྱལ་ཚོགས་ནང་དེའི་ཐད་འོས་བསྡུ་བྱ་རྒྱུ་ཡིན་པ་རེད་འདུག
ཡིན་ནའང་། ཨུ་རུ་སུས་བྷུ་ཆའི་ནང་གི་མི་མང་དཀྱུས་མ་དམར་གསོད་བྱས་པའི་བརྙན་པར་དེ་དག་ནི་ཡུ་ཀེ་རེན་གྱིས་འཁྲབ་སྟོན་བྱས་པ་ཞིག་ཡིན་པ་དང་། དམག་འཁྲུག་གི་དུས་ཡུན་ནང་ཨུ་རུ་སུའི་དམག་གིས་ཡུ་ཀེ་རེན་གྱི་མི་མང་དཀྱུས་མའི་ཐོག་དྲག་སྤྱོད་སྤེལ་མེད་སྐོར་ལན་འདེབས་བྱས་འདུག འོན་ཀྱང་ཡུ་ཀེ་རེན་གཞུང་གིས་རྒྱལ་ས་ཀིབ་ཀྱི་མཐའ་འཁོར་དུ་ཉུང་མཐར་མིའི་ཕུང་པོ་ ༤༡༠ ལྷག་རྙེད་སོན་བྱུང་ཡོད་པ་དང་། ཨུ་རུ་སུས་དམག་འཁྲུག་ནག་ཉེས་བསགས་ཡོད་མེད་ཐད་རྟོག་ཞིབ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་ལ། འཇར་མན་དང་ཧྥ་རན་སི་ཡིས་རང་གི་རྒྱལ་ཁབ་ནང་ཡོད་པའི་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་སྐོར་ཞིག་ཕྱིར་འབུད་གཏོང་རྒྱུ་དང་། ཡུ་རོབ་ཀྱི་རྒྱལ་ཕྲན་ལི་ཐུ་ནི་ཡས་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་རྒྱལ་ཁབ་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་སྐོར་བསྒྲགས་འདུག
ད་ལྟ་ཨུ་ཡུག་གི་དམག་འཁྲུག་དེས་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་བཅས་པར་དོ་ཕོག་དང་ཤུགས་རྐྱེན་ཆེན་པོ་སྦྱིན་བཞིན་ཡོད་པ་ལྟར། དེ་རིང་རྒྱལ་ཁབ་ ༢༧ ལས་གྲུབ་པའི་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཨུ་རུ་སུའི་རྡོ་སོལ་བཀག་སྡོམ་ཐད་ལ་ཚོགས་འདུ་ཞིག་འཚོག་གི་ཡོད་ལ། དེ་བཞིན་བྷེལ་ཇམ་གྱི་རྒྱལ་ས་བྷར་སིལ་ (Brussels) ནང་ནེ་ཊོའི་ (Nato) ཚོགས་ཁོངས་རྒྱལ་ཁབ་རྣམས་ཀྱི་ཕྱི་སྲིད་བློན་རྣམས་ལྷན་འཛོམས་ཀྱི་ཐོག་ནས་ཡུ་ཀེ་རེན་ལ་རོགས་སྐྱོར་བྱ་ཐབས་སྐོར་ཚོགས་འདུ་ཞིག་འཚོག་གི་ཡོད་ཅིང་། ཚོགས་འདུ་དེར་ཡུ་ཀེ་རེན་གྱི་ཕྱི་སྲིད་བློན་ཆེན་ཌི་མི་ཊོ་རོ་ཀུ་ལེ་བྷ་ (Dmytro Kuleba) ཡང་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། ཨུ་རུ་སུའི་བཙན་འཛུལ་གྱི་ཐོག་མའི་དུས་སྐབས་སུ་སྲིད་འཛིན་ཛེ་ལིན་སི་ཀི་ཡིས་ཡུ་ཀེ་རེན་ནེ་ཊོའི་ཚོགས་ཁོངས་སུ་འཇུག་དགོས་པ་དང་། ནེ་ཊོའི་དམག་དཔུང་ཡུ་ཀེ་རེན་ནང་མངག་དགོས་པའི་རེ་སྐུལ་ཞུས་ཡོད་ནའང་། ཨུ་རུ་སུ་དང་ནེ་ཊོའི་དབར་ལ་དམག་འཁྲུག་བྱུང་ཉེན་ལ་གཞིགས་ཏེ་ནེ་ཊོ་སྒྲིག་འཛུགས་ཀྱིས་ཡུ་ཀེ་རེན་གྱི་རེ་སྐུལ་དང་ལེན་བྱས་མེད་ནའང་། ད་བར་ནེ་ཊོའི་ཚོགས་ཁོངས་རྒྱལ་ཁབ་ཕལ་ཆེ་བས་ཡུ་ཀེ་རེན་ལ་མེ་སྒྱོགས་ཀྱིས་མཚོན་པའི་གོ་མཚོན་ཕོན་ཆེན་མཁོ་སྤྲོད་བྱས་དང་བྱེད་མུས་ཡིན་པ་རེད། སྤྱིར་ནེ་ཊོའམ་ནུབ་ཆིངས་སྒྲིག་འཛུགས་ (The North atlantic Treaty Organization) དེ་ཉིད་ཐོག་མར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས། ཕྱི་ལོ་ ༡༩༤༩ ལོར་ཨ་རི་གཙོས་པའི་རྒྱལ་ཁབ་ ༡༢ གྱིས་ཡུ་རོབ་གླིང་ཕྲན་ནང་ཨུ་རུ་སུའི་ཤུགས་རྐྱེན་ཟློག་ཐབས་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན་ཞིང་། ཚོགས་ཁོངས་རྒྱལ་ཁབ་ཅིག་ལ་དམག་གི་དཔུང་འཇུག་སླེབས་པའི་སྐབས་སྒྲིག་འཛུགས་ངོས་ནས་དེར་འཐབ་རོགས་དགོས་པའི་གྱན་རྒྱ་བཞག་ཡོད་པ་རེད། ད་ལྟའི་ཆར་ནུབ་ཆིངས་སྒྲིག་འཛུགས་འདིའི་ནང་ཚོགས་ཁོངས་རྒྱལ་ཁབ་ ༣༠ ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།