བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་དང་ཡུ་གུར། ལྷོ་སོག་མི་རིགས་ཀྱི་དཀའ་ངལ་སེལ་སླད་ཉི་ཧོང་གཞུང་ནས་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་གལ་ཆེ་སྐོར་གསུངས་འདུག
ཟླ་འདིའི་ཕྱི་ཚེས་ ༢༠ ནས་ ༢༨ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཉི་ཧོང་ནང་གཞུང་འབྲེལ་གཟིགས་སྐྱོར་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་དུ་ཡོད་པའི་བོད་མི་ལ་གསུང་བཤད་གནང་བ་དང་། སྨན་གྱི་གཙུག་ལག་སློབ་གཉེར་ཁང་ (Saitama Medical University) ལ་འཚམས་གཟིགས་སུ་ཕེབས། དེ་བཞིན་ཁོང་གིས་ཕྱི་ལོ་ ༡༩༦༠ ནང་འབུམ་རམས་པ་ལྕམ་སྐུ་མ་རུ་ཀི་སེ་མི་ (Dr. Maruki Seimi) ལགས་ཀྱི་མགྲོན་འབོད་གནང་བ་ལྟར། ཡུལ་དེར་བོད་མི་ཁག་ཅིག་སྨན་གྱི་སློབ་སྦྱོང་ཆེད་ཕྱིན་པ་རྣམས་ལ་གསུང་བཤད་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དང་བོད་མིའི་རང་དབང་འབྲེལ་མཐུད་ཚོགས་པ་(Free Tibet Network) གཉིས་ཐུན་མོང་གི་གོ་སྒྲིག་འོག རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ལྷོ་སོག་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་ཡོད་པ་མཚམས་འཇོག་ཡོང་ཐབས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཡུ་གུར་དང་ལྷོ་སོག་གི་སྐུ་ཚབ་སོགས་མཱཉམ་ཞུགས་གནང་འདུག སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་གཞུང་གིས་བོད་ཕྲུག་ལོ་ན་ ༣ ལོན་པ་རྣམས་ཕ་མ་དང་རིག་གཞུང་ལས་རྒྱང་ཐག་རིང་དུ་བཏང་ནས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་ནང་བཅུག་དང་འཇུག་བཞིན་ཡོད་པས། ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནང་དུ་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་བཞིན་ཡོད་པ་དེ་གནད་དོན་ཉེན་ཚབས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་སྐོར་དང་། ཨེ་ཤ་ཡའི་ཁུལ་དུ་གནས་སྡོད་མི་གྲངས་ཐེར་འབུམ་ ༡།༨ ལྷག་གིས་བོད་མཐོ་སྒང་ནས་བཞུར་བའི་གཙང་པོ་ཆེན་པོ་བཅུ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་དུ་གཏེར་ཁ་སྔོག་འདོན་དང་། ཁོར་ཡུག་སྦག་བཙོག་ཆེན་པོ་བཟོས་ཏེ་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་ཡོད་པས་བོད་མཐོ་སྒང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་དང་། དེ་བཞིན། ཕྱི་ལོ་ ༢༠༡༦ ནས་ ༢༠༢༢ བར་རྒྱ་ནག་གཞུང་གིས་བོད་མི་ས་ཡ་ ༡ ལྷག་གི་རིགས་རྫས་བརྟག་དཔྱད་(DNA)ཀྱི་རྒྱུ་ཆ་བསྡུ་རུབ་བྱས་ཡོད་སྐོར་སོགས་གསུངས་འདུག
ད་དུང་སྲིད་སྐྱོང་མཆོག་གིས། ཉེ་ལམ་བོད་ནང་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེར་ཕྱིན་པའི་སྐབས་སུ། རྒྱ་ནག་གཞུང་གིས་སྟངས་འཛིན་ལེགས་པོ་མ་བྱས་པར་བོད་ཀྱི་རྒྱལ་ས་ལྷ་ས་གཅིག་པོར་བོད་མི་བརྒྱ་ཆ་ ༢༠ ནས་ ༣༠ ཙམ་ལྷ་ས་ནས་བཙན་གྱིས་ཕྱིར་བཏོན་ཏེ་ཟས་བཅུད་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཧ་ཅང་ཞན་པོའི་ཁང་པ་ཞིག་ཏུ་ཚང་མ་སྡེབ་འཇོག་བྱས་ཡོད་སྐོར་ངོ་སྤྲོད་གནང་ཡོད་འདུག དེ་བཞིན་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་པའི་སྔ་རོལ་དུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་མཁས་དབང་སྐུ་ཞབས་མཱ་ཡེ་ཁལ་ཝན་ཝ་ཌི་ (Michael Van Walt) ལགས་དང་རྒྱ་རིགས་མཁས་དབང་སྐུ་ཞབས་ཧན་ཁྲིན་ (Hon-Shiang Lau) ལགས་རྣམ་གཉིས་ཀྱིས་ཉམས་ཞིབ་གནང་བའི་ལོ་རྒྱུས་ཀྱི་དེབ་ནང་དུ་གནའ་རབས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་གྱུར་མེད་པ་གསལ་སྟོན་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱལ་སྤྱིའི་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་པ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་སྐོར་དང་། བོད་དང་ཡུ་གུར། ལྷོ་སོག་མི་རིགས་ཀྱི་དཀའ་ངལ་སེལ་སླད་ཉི་ཧོང་གཞུང་ནས་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་དགོས་ཤིང་། རྒྱལ་སྤྱིའི་གཞུང་དེ་དག་གིས་རྒྱལ་སྤྱིའི་སྟེང་དང་རང་དབང་དང་། དམངས་གཙོ། ཁྲིམས་ཀྱི་དབང་བསྒྱུར་སྲུང་སྐྱོབ་སླད་རྒྱ་ནག་གཞུང་ལ་གདོང་ལེན་གནང་དགོས་སྐོར་གསུངས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རེ་ཏ་ཀུ་གཙུག་ལག་སློབ་གཉེར་ཁང་ (Reitaku University) དང་ཅི་པཱ་བཟོ་རིག་སློབ་གཉེར་ཁང་ (Chiba Institute of Technology) དུ་ཆེད་ཕེབས་ཀྱིས། སློབ་ཕྲུག་དང་དགེ་ལས་རྣམས་ལ་བོད་མཐོ་སྒང་གི་ཁོར་ཡུག་ལ་སྲུང་སྐྱོབ་གནང་གལ་ཆེ་སྐོར་དང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་ཡོངས་རྫོགས་བཙན་བཟུང་མ་བྱས་གོང་དུ་བོད་ནི་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་གསུངས་ཡོད་པ་དང་། ཉི་ཧོང་ཚུད་པའི་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་ལྷན་དུ་འབྲེལ་བ་གནང་སྐབས་ཡིད་གཟབ་མ་གནང་ཚེ། འབྱུང་འགྱུར་རྒྱལ་ཁབ་ཀྱི་དམངས་གཙོ་དང་རང་དབང་ལ་དོ་ཕོག་འགྲོ་ངེས་ཡིན་སྐོར་གསུངས་ཡོད་འདུག
ཡང་ཁོང་གིས། ད་ལྟའི་ཆར་ཅི་པཱ་བཟོ་རིག་སློབ་གཉེར་ཁང་དུ་བོད་ཕྲུག་ ༦ གིས་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱེད་མུས་ཡིན་པ་དང་། རེ་ཏ་ཀུ་གཙུག་ལག་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཅིག་གིས་ཉི་ཧོང་གི་སྐད་ཡིག་དང་རིག་གཞུང་སྦྱོང་བཞིན་ཡོད་པར་བརྟེན། ཉི་ཧོང་གི་གཙུག་ལག་སློབ་ཁང་ནས་བོད་མི་རྣམས་ལ་སློབ་སྦྱོང་གི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་པའི་སློབ་ཕྲུག་ཚོས་གོ་སྐབས་དེ་དག་ཆུད་ཟོས་སུ་མི་གཏོང་བར་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་བོད་དོན་སླད་ཕྱག་ལས་གནང་དགོས་པའི་ལམ་སྟོན་དང་། སློབ་གཉེར་ཁང་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སེ་ཏོ་ཀུ་མ་ཨོ་ས་མུ་ (Setokuma Osamu) ལགས་ཀྱིས། སློབ་གཉེར་ཁང་གི་ངོས་ནས་ཉི་ཧོང་དུ་ཡོད་པའི་བོད་པའི་སློབ་ཕྲུག་རྣམས་ཀྱི་སློབ་སྦྱོང་ཐད་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག
གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།