ཆབ་མདོ་ངག་ཕུན།
དེ་རིང་ངས་གླེང་འདོད་པ་ནི། བོད་ཀྱི་འབྲོག་པའི་སྐོར་ཡིན་ཞིང་། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་སུ་བོད་ཀྱི་འབྲོག་པའི་འཚོ་བར་རོལ་མྱོང་གི་འགྲེམས་སྟོན་ཞིག་ལ་དྭགས་བོད་ཁྱིམ་གྱིས་ཐུགས་འཁུར་ཆེ་བཞེས་ཀྱིས་གནང་སོང་བ་དང་། སྐབས་དེར་འདས་ཟིན་པའི་ཆུང་དུས་ཀྱི་འཚོ་བ་དྲན་གསོ་བཏང་སོང་བ་དང་། སྐབས་དེར་དགའ་སྐྱོ་འདྲེས་མའི་འཚོ་བ་ཞིག་རང་བཞིན་མེད་པའི་སེམས་ངོགས་སུ་སྐྱེ་བཅུག་སོང་། སྐྱོ་དགོས་པ་ནི་ང་ཚོའི་གཅེས་པའི་ཕ་ཡུལ་དགྲ་ལག་ཏུ་ཤོར་ནས་མི་ཡུལ་ལུང་པར་འཚོ་བ་རོལ་དགོས་པའི་གནས་སྟངས་དང་། གཞིས་ལུས་སྤུན་ཟླ་རྣམས་མི་འདོད་བཞིན་དུ་གཞན་གྱིས་བཙན་མནོན་འོག་ཏུ་བཞུགས་དགོས་པའི་གནས་སྟངས་ཐབས་སྐྱོ་པོ་དེ་དག་སེམས་སུ་འཁོར་དུས་རང་བཞིན་མེད་པའི་སྐྱོ་སྣང་ཞིག་དབང་མེད་དུ་སྐྱེས། དགའ་དགོས་པ་ནི་ང་ཚོ་མིའི་ལུང་པར་གནས་དགོས་བྱུང་ཞིང་ས་ཆ་ལག་མཐིལ་ཙམ་ཡང་མེད་རུང་། བཀའ་དྲིན་ཅན་གྱི་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་རབས་རྒན་པ་ཚོས་ལྷག་བསམ་གཡོ་བ་མེད་པའི་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ཉིན་མཚན་དུས་དྲུག་ཏུ་ངལ་བ་ལྷོད་མེད་ཀྱིས་སྐུ་ལས་སྐྱོན་པའི་དྲིན་གྱིས་དེང་སྐབས་བོད་མི་རིགས་འདི་ཉིད་འཛམ་གླིང་ཐོག་ནས་མ་ཡལ་བར་གསོན་པོར་གནས་ཐུབ་པ་དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དང་བཅས་པ་རྒྱུན་གནས་ཐུབ་པ་བྱུང་བ་དེ་རེད། ད་ནི་དོན་དངོས་ཐོག་ཏུ་མཇུག་པར་བྱའོ། དེ་ཡང་བོད་ནི་ཕྱི་་སྣོད་ཀྱི་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པ་དང་། རང་བྱུང་གི་ཁམས་རླུང་གཙང་བ། འཛམ་གླིང་གི་ཡང་རྩེ་ཞེས་འབོད་ཀྱི་ཡོད་པ་ལྟར། དེར་འཚོ་སྡོད་བྱེད་མཁན་ནང་བཅུད་ཀྱི་སེམས་ཅན་རྣམས་ནི་ཞི་བདེའི་བག་ཕེབས་ཀྱི་ངང་ནས་འཚོ་གནས་བྱེད་ཀྱི་ཡོད།
དེ་འདྲའི་གནས་མཆོག་ཉམས་དགའ་བ་དེར་གནས་པའི་བོད་ཀྱི་འབྲོག་པ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཤེས་རིག་དང་། རིག་གཞུང་གི་བསྟི་གནས་གལ་ཆེན་ཞིག་ཡིན་ཞིང་། ལྷག་པར་བོད་ཀྱི་འབྲོག་པ་ནི་བོད་མི་རིགས་ཀྱི་སྤྱི་ཚོགས་དཔའ་ཡོན་དར་རྒྱས་བྱུང་ཚུལ་གྱི་རྣམ་པ་གསལ་པོ་མཚོན་ཡོད་པ་རེད་ལ། བོད་ལ་དེང་རབས་ཀྱི་འཕྲུལ་རིགས་མ་དར་གོང་ནས་མི་རྣམས་ཀྱི་གཡག་ལ་རྟེན་ནས་ཅ་དངོས་སོགས་ཕར་ཚུལ་འུར་འདྲེན་བྱེད་པ་དང་། ཞིང་ཁ་རྨོ་བ་སོགས་གཡག་ནི་ཤེད་ཤུགས་ཆེ་ཞིང་། བརྟན་ལྷིང་ལྡན་པའི་སྒོ་ཟོག་་ཡིན། འབྲི་གཡག་གི་རྩིད་པ་ནི་དགོས་མཁོ་ཆེ་ཞིང་ཕན་ཐོགས་ཆེན་པོ་ཡོད་ཅིང་། སྦྲ་དང་། སྒྱེ་མོ། ཐག་པ། རེ་ལྡེ། རྡང་། སྣ་ཐག །ཆོན་ཐག །འུར་རྡོ་སོགས་བཟོ་བྱེད་དུ་བེད་སྤྱོད་བྱེད་ཆོག་གི་ཡོད། མ་ཟད་བོད་ཀྱི་འབྲི་གཡག་གི་ཤ་ནི་ཟས་བཅུད་ཆེ་བ་དང་། མི་རྣམས་ཀྱི་ཡིད་སྨོན་ཤོར་དགོས་པ་དེ་འདྲའི་འཚོ་བཅུད་ལྡན་ཡོད།
ལྷག་པར་གཡག་ཟེར་བ་ནི་ཕོ་ཡིན་པ་དང་། འབྲི་ཟེར་བ་ནི་མོ་ཡིན་ཞིང་། དེ་བཞིན་མཛོ་ཟེར་ན་ཕོ་དང་། མཛོ་མོ་ཟེར་ན་མོ་ཡིན་ཞིང་། མཛོ་མོ་ལ་འོ་མ་ཡོད་པ་ལས། མཛོ་ནི་ཕོ་ཡིན་པས་འོ་མ་མེད་ཅིང་། མཛོ་ནི་ཞིང་ཁ་རྨོ་བྱེད། དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་དུ་ཕྱི་རྒྱལ་གྱི་ཤན་ཞུགས་ཐེབས་ནས་གཡག་གི་འོ་མ་ལབ་ཀྱི་འདུག་པས། དེ་ནི་ནོར་བ་རེད་ལ། གཡག་ནི་ཕོ་ཡིན་པས་འོ་མ་ཞིག་གཏན་ནས་ཡོད་མི་སྲིད་ཅིང་། ངས་དེ་འདྲ་ལབ་དུས་གཞན་ལ་སྐྱོན་བརྗོད་གཏན་ནས་བྱེད་ཀྱི་མེད་ཅིང་། བོད་ཡུལ་ཟེར་བ་མིག་གིས་མཐོང་མྱོང་མེད་ཅིང་། གཞན་ཡུལ་ལུང་པའི་ཁོར་ཡུག་དུ་འཚར་ལོངས་བྱུང་ཚར་དུས་ཐུགས་ཁག་གཏན་ནས་མེད་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་ང་ཚོ་ཚང་མས་དེ་དག་གི་ཐོག་ཏུ་ངེས་པར་ཡིད་གཟབ་གནང་དགོས་པ་ཞིག་ལས། ལྷོད་གཡེང་བྱ་མི་རུང་བ་ཞིག་རེད་སྙམ། ལྷག་དོན་དེ་དག་ནི་ད་སྐབས་བོད་མི་རིགས་ཀྱི་གནས་སྟངས་ཛ་དྲག་གང་འདྲ་ཞིག་ཏུ་རང་བཞིན་གྱིས་འགྱུར་བཞིན་ཡོད་པ་མཚོན་དོན་ཙམ་ཞིག་ལས། དེར་སྐྱོན་བརྗོད་དགོས་པའི་གནས་སྟངས་ཤིག་མ་རེད་སྙམ།
དེ་བཞིན་ར་དང་། འབྲི་གཡག་བཅས་ལ་ཁུ་ལུ་ཡོད་པ་ལས་ལུག་གི་སྤུ་ལ་བལ་ལས་ཁུ་ལུ་མི་ཟེར། ལུག་ལ་སྤུ་རྩུབ་པོ་ཡོད་པར་གྲ་ཟེར་བ་དང་། སྤུ་འཇམ་པོར་བལ་ཟེར་བ་རེད། དེ་ཡང་ཤེས་རིག་སློབ་དེབ་ལས། གཡང་དཀར་ལུག་ལ་བལ་དང་གྲ། ཚེ་ཚེ་ར་ལ་ཁུལ་རྩིད་ཟེར།། ཞེས་པ་དང་། ལྷག་པར་བོད་ཀྱི་འབྲིའི་འོ་མ་དང་མར། ཞོ། ཆུར་ར། ཐུད་བཅས་ཧ་ཅང་བྲོ་བ་ཆེ་ཞིང་། མིའི་ལུས་གཟུགས་ལ་ཕན་ནུས་ལྡན་པའི་ཟས་བཅུད་བཟང་པོ་ཞིག་ཀྱང་ཡིན་པ་རེད།
དབྱར་དུས་འབྲོག་པའི་རྟ་ནོར་རྣམས་སྤང་ལྗོངས་ཡངས་པའི་སྟེང་དུ་རྔ་མ་ཁུ་རིལ་རིལ་གྱིས་རྩྭ་ཆུ་ལ་རོལ་བཞིན་ཡོད་ཅིང་། དེ་ཡང་མཁས་དབང་དམུ་དགེ་བསམ་གཏན་གྱིས་གསུངས་ལས། སྤང་ལྗོངས་གཡུ་ཡི་ས་གཞིའི་སྟེང་། །གཡར་དཀར་ལུག་སོགས་ཕྱུགས་ཀྱིས་གང་། །མར་ཕྱུར་བལ་སོགས་ཕན་པའི་ནོར། །གང་འདོད་སྩོལ་བའི་དགེ་མཚན་རྒྱས། །ཞེས་གསུང་དོན་ལྟར། སྙན་ཚིག་འདིས་བོད་ཀྱི་འབྲོག་པའི་འཚོ་བ་སྐོར་ལ་རོབ་ཙམ་ཤེས་ཐུབ། དབྱར་དུས་རྩྭ་ཐང་དང་། རི་བོ་སྟོད་སྨད་ཐམས་ཅད་མེ་ཏོག་དཀར་ཚོམ་ཡོངས་སུ་ཁེངས་པ་དང་། དེར་རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས་ཤིང་། ཡངས་པའི་སྤང་ཐང་དུ་འབྲི་གཡག་གི་ངུར་སྒྲ་དང་། གཡང་དཀར་ལུག་དང་། ཚེ་ཚེ་ར་ཡིས་འབབ་སྒྲ་སོགས་སྒྲོག་ནས་སྤང་ལྗོངས་སྟེང་དུ་རྩེད་མཆོང་གི་དགའ་བདེ་བག་ཕེབས་ངང་ནས་འཁོད་པ་དང་། རྫི་བོ་ཚོས་ཀྱང་ཡུལ་གྱི་མཛེས་ལྗོངས་དེ་དག་མཐོང་དུས་སྣང་བ་སྐྱིད་ཅིང་ངག་ནས་དབྱངས་རྟ་སྙན་མོ་འཐེན་བཞིན་ནོར་ལུག་འཚོ་བཞིན་ཡོད། དེ་འདྲའི་གནས་མཆོག་ཉམས་དགའ་བ་ཞིག་མ་རེད་དམ། ད་སྐབས་ནི་དེ་ལས་ལྡོག་སྟེ་ལས་དབང་གིས་ཁྲག་དང་མིག་ཆུ་འོག་ཏུ་འཚོ་བ་རོལ་དགོས་ཐུག་གི་ཡོད།
བོད་ཀྱི་འབྲོག་པའི་ར་ལུག་རྐང་ལག་དང་ར་ཅོ་རིང་བ་དང་། གཞུ་གུ་དང་ཨམ་ཅོག་ཐུང་། གཟུགས་སྟོབས་ཆེ་ཞིང་དབྱར་དུས་ནི་ཤ་ཤེད་རྒྱས་པའི་དུས་ཚོད་ཅིག་ཡིན། ལོ་གཅིག་ལ་ཐེངས་གཅིག་ར་རྩིད་དང་ལུག་བལ་བྲེག་དགོས་ཀྱི་ཡོད། ལུག་གི་བལ་གྱི་ཧ་ཅང་འཇམ་ཞིང་། བལ་སྐུད་འཁལ་ཏེ་ཐགས་བཏགས་ཏེ་ལྭ་དཀར་དང་། ལྭ་དཀར་ལ་ཚོས་བརྒྱབ་སྟེ་བན་དེའི་ན་བཟའ་ལ་སོགས་བཟོ་ཆོག་གི་ཡོད་ལ། ཧ་ཅང་དྲོད་ཆེ་ལ་འཇམ། དབྱར་དུས་འབྲོག་ས་ནས་མཛོ་མོ་དང་། འབྲི། མ་མོ། ར་མ། བ་སོགས་ཀྱི་འོ་མ་འཇོ། འོ་མ་འཇོས་རྗེས་འོ་མ་དཀྲོགས་ཏེ་མར་དང་། ཞོ་བསྙལ། ཕྱུར་ཞིབ་བཅས་བཟོ་དགོས་པ་རེད། དགུན་དུས་འབྲོག་པ་ས་དྲོད་ཆེ་ས་དང་། དམའ་ས་ལ་རུ་བ་སྤོ་དགོས་པ་དང་། འབྲི་གཡག་ནི་གྲང་ངར་ལ་བཟོད་ཐུབ་པའི་ནུས་ཤུགས་ལྡན་ཞིང་། ཁ་བ་དང་བུ་ཡུག་ག་འདྲའི་འཚུབ་རུང་འཚོ་གནས་ཐུབ་ཀྱི་ཡོད། སྟོན་དུས་ལོ་གཅིག་གི་ཟས་གོས་ཀྱི་སླད་དུ། ལུང་པའི་བཤན་པ་སྐད་བཏང་སྟེ། གཡག་དང་། ར་ལུག་འགའ་ཤས་སྡིག་བཤས་བྱེད་པའི་གོམས་སྲོལ་ཡང་ཡོད་པ་རེད། འབྲོག་པ་ནི་བོད་མི་རིགས་ཀྱི་ཤེས་རིག་དང་གོམས་གཤིས་མཚོན་པ་ཞིག་ཡིན།
དེ་དག་དེང་སྐབས་རྒྱ་དམར་སྲིད་གཞུང་གིས་འཆར་གཞི་གོ་རིམ་ལྡན་པའི་ཐོག་ནས་བོད་ཀྱི་འབྲོག་སྡེ་དེང་རབས་ཅན་དུ་བསྒྱུར་རྒྱུ་ཡིན་ཚུལ་སོགས་བརྗོད་ནས་བོད་མི་རིགས་ཀྱི་སེམས་ཁམས་དང་དངོས་སུ་མི་མཐུན་པའི་ལས་འགུལ་ཐབས་སྡུག་སྤེལ་ནས་བོད་ཀྱི་འབྲོག་སྡེ་མེད་པ་བཟོ་རྒྱུ་དམིགས་ཡུལ་འཛིན་བཞིན་ཡོད་ལ། དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་ཊོ་མོ་ཡཱ་ཨོ་བྷོ་ཀ་ཊ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེ་བའི་སྒོ་ནས་ངལ་རྩོལ་བསྒྱུར་བཀོད་ཁང་གི་ལས་གཞི་སྤེལ་དང་སྤེལ་བཞིན་པའི་ཁྲོད་གཙོ་བོ་ཞིང་པ་དང་འབྲོག་པ། དེ་བཞིན་གྲོང་གསེབ་ཁག་གི་མི་ཡིན་པ་བརྗོད་འདུག ཅེས་གསལ་དོན་དང་།
དེ་བཞིན་རྒྱ་གཞུང་གིས་བོད་འཛུགས་སྐྲུན་ལ་ཁ་གཡར་ནས་ཁྲ་ཁྲ་ཟིང་ཟིང་མང་པོ་ཞིག་བཟོས་ཏེ། གཞོན་སྐྱེས་རྣམས་བོད་ཀྱི་སྲོལ་རྒྱུན་གྱི་འབྲོག་ལས་ལ་འདོད་པ་མེད་པའི་བློ་ཁ་སྒྱུར་ཐབས་ཀྱི་ལས་དོན་བྱེད་བཞིན་ཡོད། འོན་ཀྱང་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་གནོད་ཤུགས་ལ་མ་ལྟོས་པའི་སྙིང་སྟོབས་ཞུམ་མེད་ཀྱིས་སོ་སོའི་མི་རིགས་ཀྱི་འབྲོག་ལས་ཐོག་ཏུ་གནས་ཐབས་གནང་བཞིན་ཡོད་ཅིང་། བོད་ནང་དུ་འགྲོ་བ་མི་ཙམ་མ་ཚད་དུད་འགྲོ་སྲོག་ཆགས་རྣམས་རང་དབང་གི་རྩྭ་ཐང་ཐོག་ཏུ་རྩྭ་ཆུ་ལ་རོལ་དབང་མེད་པས་རྩྭ་ཐང་ལ་ར་བ་སོགས་བསྐྲུན་ནས་དཀའ་ངལ་འོག་ཏུ་ལྷུང་བཞིན་ཡོད། དེ་ཡང་ཕྱི་དྲིལ་ཁོར་ཡུག་ཚན་པ་ལས། འབྲོག་པའི་འཚེར་སྤོའི་རང་དབང་འཕྲོག་ནས་ས་ཁྱོན་ཆུང་ཆུང་ཞིག་ཏུ་དབྱར་དགུན་སྟོན་དཔྱིད་མེད་པར་སྡོད་དགོས་པ་བྱས་སྟབས། རྩྭ་ཐང་ཉམས་ཟད་འགྲོ་བའི་གནས་སྟངས་དོན་དངོས་ཐོག་ཛ་དྲག་ཏུ་བཏང་ཡོད། ཅེས་གསལ་དོན་ལྟར་བོད་ཀྱི་རྩྭ་ཐང་ཐོག་ཏུ་ཉམས་ཟད་འཚབ་ཆེན་འགྲོ་བཞིན་ཡོད་པ་རེད།
གོང་དུ་ཞུས་ཟིན་ལྟར། བོད་ཀྱི་ན་གཞོན་རྣམས་འབྲོག་ལས་བྱ་རྒྱུར་འདོད་པ་མེད་པ་བཟོ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། བོད་ནི་ས་ཁམས་མཐོ་ཞིང་། སྔོན་དུས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་འབག་བཙོག་མེད་པས། རང་བཞིན་གྱིས་འབྲི་ཡི་འོ་མ་དང་། མར། ཞོ་བཅས་ཟས་བཅུད་ཆེ་ཞིང་། མིའི་གཟུགས་ཁམས་ལ་ཧ་ཅང་ཕན་ནུས་ཆེན་པོ་ཡོད་པ་དང་། དེ་བཞིན་འབྲི་གཡག་ནི་ཧ་ཅང་འཚོ་བཅུད་ཆེན་པོ་ཡོད་རབས་གླེང་། དེང་སྐབས་བོད་ཁུལ་དུ་ཡུལ་སྐོར་བ་མང་ཞིང་། བོད་ཀྱི་གཙང་པོ་ཆེ་ཁག་ཏུ་ཆུ་མཛོད་བསྐྲུན་ནས་ཁོར་ཡུག་འབག་བཙོག་དང་། རང་བྱུང་ཁམས་ལ་གནོད་འཚབ་ཆེན་པོ་གཏོང་བཞིན་ཡོད།
དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་འབྲོག་སའིརྩྭ་ཐང་བཙན་དབང་གི་འཕྲོག་ནས་འབྲོག་མི་རྣམས་དཀའ་སྡུག་འོག་ཏུ་འཚོ་བ་རོལ་དགོས་ཐུག་གི་ཡོད། དེ་ཡང་ཕྱི་དྲིལ་ཁོར་ཡུག་ཚན་པ་ལས། འབྲོག་པ་དང་སྒོ་ཕྱུགས། རྩྭ་ཐང་གསུམ་གྱི་འབྲེལ་བ་ནི་མི་རབས་དུ་མའི་རིང་ཕན་ཚུན་གཉིས་ཕན་ངང་གནས་ཡོད་ཀྱང་། ཕྱིན་ཅི་ལོག་པའི་ལམ་སྟོན་འོག་རྒྱ་གཞུང་གིས་ལོ་ངོ་བཅུ་ཕྲག་ནང་ཚུན་འབྲོག་པའི་འཚོ་གནས་འཕྲོག་སྟེ་ཡངས་ཤིང་མཛེས་པའི་བོད་མཐོ་སྒང་གི་སྤང་རི་བྱེ་ཐང་དུ་འགྱུར་བཞིན་པའི་གནས་སྟངས་ཛ་དྲག་པོ་འདི་དོན་དངོས་ཐོག་ཇེ་འགྱོགས་སུ་གཏོང་བཞིན་ཡོད། ཅེས་གསལ་དོན་ལྟར་བོད་ནང་འབྲོག་པའི་གནས་སྟངས་ལོ་རེ་ནས་ལོ་རེ་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད།
ད་ནི་ང་ཚོ་དེ་དག་སྲུང་སྐྱོབ་ཡོང་ཆེད་དུ་ལས་འགུལ་སྣ་མང་སྤེལ་དགོས་པ་ཞིག་ཏུ་མཐོང་ལ། ད་རེས་ལ་དྭགས་བོད་ཁྱིམ་སློབ་གྲྭའི་བོད་ཀྱི་འབྲོག་པའི་འཚོ་བ་དངོས་སུ་འཁྲབ་སྟོན་དང་འགྲེམས་སྟོན་གནང་བ་དེ་དག་ནི་སྐབས་དུས་དང་མཐུན་པའི་ལས་དོན་གལ་ཆེ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་བཞིན་མ་འོངས་པར་བོད་ཀྱི་ཞིང་པའི་སྐོར་ལའང་དེ་འདྲའི་འཁྲབ་སྟོན་ནམ་འགྲེམས་སྟོན་བྱ་རྒྱུ་ཡང་ཧ་ཅང་གལ་ཆེ་ཞིག་ཏུ་མཐོང་ཞིང་། ཞིང་འབྲོག་ནི་ཡ་བྲལ་ཐབས་མེད་པའི་གནས་སྟངས་ཤིག་ཡིན་པ་རེད་སྙམ། ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱི་སློབ་དེབ་ཁག་ཏུ་དེ་འདྲའི་ཞིང་པའི་འཚོ་བ་དང་ཞིང་པའི་ཡོ་ཆས་ཀྱི་ཐ་སྙད་རྣམས་སློབ་དེབ་ཐོག་ཏུ་བཀོད་འཇུག་ཐུབ་ཚེ། མ་འོངས་པར་རང་རེའི་སོན་རྩ་རྣམས་ལ་ཕན་ཐོགས་ཡོང་ངེས་སྙམ་པའི་ཚོར་སྣང་ཞིག་ཀྱང་སྐྱེས་བྱུང་བ་བཅས།
གསལ་བཤད། གོང་གསལ་བརྗོད་པ་ཁག་ནི་རང་ཉིད་ཀྱི་སེམས་ནང་དུ་གང་དྲན་པ་རྣམས་རེ་སྐུལ་དང་བསམ་ཚུལ་གྱི་ཚུལ་དུ་བྲིས་ནས་ཕན་ཐོགས་ཕྲན་བུ་ཞིག་བྱུང་ན་བསམ་པ་ཞིག་ལས་གཞན་ལ་སྐྱོན་བརྗོད་དུ་དམིགས་ཏེ་གཏན་ནས་མིན་པས་ཀློག་པ་པོ་རྣམས་ཀྱིས་དེ་ལུགས་དགོངས་བཞེས་མཛོད།