རྒྱ་ནག་ནན་ཅིན་གསར་འགྱུར་འབྲེལ་ལམ་རིག་པའི་ཆེད་ལས་སློབ་ཆེན་གྱི་ཏོག་དབྱིབས་བཀག་སྡོམ་གྱི་ཞི་རྒོལ་ཁྲོད་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཡིན་པའི་བོད་རིགས་བུ་མོ་ཚེ་དབྱངས་ལྷ་མོ་ཞེས་པ་ཞིག་འཛིན་བཟུང་བྱས་ཏེ་གནས་སྟངས་གང་ཡང་གོ་ཐོས་མེད་པར་གྱུར་འདུག
ཉེ་སྔོན་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་གྱི་དགོང་མོར་ནན་ཅིན་གསར་འགྱུར་འབྲེལ་ལམ་རིག་པའི་ཆེད་ལས་སློབ་ཆེན་(南京传媒学院)གྱི་སློབ་མ་བརྒྱ་ཕྲག་མང་པོ་ཁྲོམ་གཞུང་དུ་འཛོམས་ཏེ། རྒྱ་ནག་དམར་གཞུང་གི་ཏོག་དབྱིབས་བཀག་སྡོམ་ལ་ཞི་བའི་ངོ་རྒོལ་བྱེད་སྐབས་ཉུང་མཐར་སློབ་མ་ ༦༠ ཙམ་འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་དུ་སློབ་ཆེན་དེར་ཡོད་པའི་བོད་རིགས་བུ་མོ་ཚེ་དབྱངས་ལྷ་མོ་ཞེས་པ་ཞིག་ཀྱང་འཛིན་བཟུང་བྱས་ཏེ་ད་ལྟའང་ཀློད་གྲོལ་བཏང་མེད་འདུག
ཁོང་མོའི་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། བུ་མོ་ཚེ་དབྱངས་ལྷ་མོ་འཛིན་བཟུང་བྱས་རྗེས་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཁོང་མོ་ནི་ལྷ་ས་གྲོང་ཁྱེར་ལྕགས་རོང་སྡེ་ཁུལ་ཡིན་ཞིང་། དེ་སྔོན་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་འགྲིམས་ཡོད་པ་དང་། འདི་ལོའི་ལོ་མགོར་ནན་ཅིན་གྱི་སློབ་ཆེན་དེར་འཛུལ་ཞུགས་བྱས་ཡོད་འདུག
ཚེ་དབྱངས་ལྷ་མོ་ལགས་ད་ལྟ་རང་ལོ་ ༢༣ ཡིན་ཞིང་། ཕ་མིང་ལ་ཕུར་བུ་དང་མ་མིང་ལ་བདེ་ཆེན་མཁའ་འགྲོ་ཟེར་ཀྱི་ཡོད་པ་དང་། ཚེ་དབྱངས་ལྷ་མོར་སྤུན་མཆེད་གཉིས་ཡོད་འདུག
ནན་ཅིན་གྱི་ཆེད་ལས་སློབ་ཆེན་དེ་ཕྱི་ལོ་ ༢༠༠༤ ལོར་རྒྱ་ནག་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་ཅང་ནིན་རྫོང་དུ་བཙུགས་པའི་སྒེར་གཉེར་རང་བཞིན་གྱི་སློབ་ཆེན་ཞིག་ཡིན་འདུག་ལ། སློབ་ཆེན་དེ་གཙོ་བོ་གསར་འགྱུར་རིག་པ་དང་འབྲེལ་ལམ་རིག་པའི་ཐོག་ཆེད་ལས་སློབ་སྦྱོང་བྱེད་ས་ཞིག་ཡིན་འདུག