སེང་གེ་ཁ་འབབ་དམག་མི་ཟེར་བས་རྒྱ་གར་དུ་འབྲོ་རྩིས་རེད་ཟེར་ནས་བོད་གཞིས་ཀ་རྩེ་ནས་བོད་མི་གསུམ་འཛིན་བཟུང་བྱས་ཏེ་ད་ལྟ་ཀློད་མེད་འདུག
ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གཞིས་ཀ་རྩེ་ནས་ཡིན་པའི་བོད་མི་གསུམ་ལྷོ་ཁ་བརྒྱུད་ནས་འབྲུག་དང་ས་ཐག་ཉེ་སའི་ལྷོ་བྲོ་བ་ལུང་མི་ལ་སྲས་མཁར་མཇལ་བར་འགྲོ་སྐབས། རྒྱ་གཞུང་ཉེན་རྟོག་པས་རྒྱ་གར་དུ་འབྲོ་འཆར་འདུག་ཅེས་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་ཡོད་འདུག
དེ་རིང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་གཞིས་ཀ་རྩེ་ཡི་བོད་མི་གསུམ་ལྷོ་ཁ་བརྒྱུད་མི་ལ་སྲས་མཁར་མཇལ་དུ་སོང་ཡོད་པ་དང་། ཞོར་དུ་བྲོ་བ་ལུང་རྒྱུད་ནས་ཡོང་བའི་སྐབས་སུ་སེང་གེ་ཁ་འབབ་དམག་མིས་འཛིན་བཟུང་བྱས་ཏེ། ད་ལྟ་གཞིས་ཀ་རྩེའི་རྒྱལ་མཚམས་དོ་དམ་སྲུང་སྐྱོབ་ཡན་ཡག་ལས་ཁུངས་ཟེར་བ་རུ་བཀག་ཉར་བྱས་ནས་ཉིན་གྲངས་ ༡༥ འགྲོ་བཞིན་ཡོད།
འདི་གའི་གནས་ཚུལ་འགྲེལ་བརྗོད་པས། བོད་མི་དེ་དག་གིས་རྒྱ་གར་དུ་འགྲོ་འདོད་བྱས་ཡོད་མེད་ཧ་གོ་མ་སོང་ཡང་། འཛིན་བཟུང་བྱས་ནས་ཉིན་ཤས་འགྲོ་ཡི་ཡོད་སྐོར་བརྗོད་བྱུང་།
བོད་མི་དེ་དག་ནི་ལོ་ན་ ༤༠་ཙམ་ཡིན་པའི་དགྲ་འདུལ་དང་བསོད་ནམས་རྒྱ་མཚོ། མགོན་སྐྱབས་བཅས་ཡིན་འདུག་ལ། དགྲ་འདུལ་ལོ་ན་ ༤༠་ཙམ་ཡིན་ཞིང་ཁོང་གི་ཕ་ཆུ་དམར་ལེབ་རྫོང་ནས་ཡིན་པ་དང་། ཨ་མ་ལགས་གཞིས་ཀ་རྩེ་ནས་ཡིན་འདུག ཁོང་གི་ཤུལ་དུ་ལོ་ན་ ༦༠ དང་ ༧༠ ཅན་གྱི་ཕ་མ་གཉིས་དང་བཟའ་ཚང་བཅས་ཡོད་འདུག