དེ་རིང་དང་སང་ཉིན་གཉིས་ལ་ཀོ་རི་ཡའི་སྨན་པ་ཞིག་གིས་བདེ་ལེགས་སྨན་ཁང་དུ་བོད་མི་རྣམས་ལ་སྙིང་ནད་བརྟག་དཔྱད་དང་སྨན་བཅོས་བྱེད་ཀྱི་འདུག
དེ་རིང་ཕྱི་ཚེས་ ༢༧ དང་ ༢༨ བཅས་ཉིན་གྲངས་ཉིན་རིང་བདེ་ལེགས་སྨན་ཁང་དུ་ལྷོ་ཀོ་རི་ཡའི་སྙིང་གི་སྨན་པ་གྲགས་ཅན་སོའུ་ལིའུ་ (Dr. I11 Soo Lee) ཡིས་བོད་མི་རྣམས་ལ་རིན་མེད་སྙིང་ནད་བརྟག་དཔྱད་དང་བཅོས་ཐབས་སོགས་ཀྱི་ལམ་སྟོན་གནང་གི་ཡོད་པ་དང་། སྐབས་དེར་འདི་གའི་གསར་འགོད་པར་སྨན་པ་སོའུ་ལིའུ་ཡིས་བོད་མི་རྣམས་ལ་རིན་མེད་སྨན་བཅོས་ཀྱི་ལས་གཞི་དེ་སྤེལ་དགོས་དོན་སྐོར་ལ་བརྗོད་དོན། ངས་བདེ་ལེགས་སྨན་ཁང་ལ་སྙིང་ནད་བརྟག་དཔྱད་གཏོང་བྱེད་ཀྱི་འཕྲུལ་ཆས་ཤིག་ཕུལ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། རྒྱུ་མཚན་ནི་ང་ལོ་མང་རིང་༧གོང་ས་ཏྰ་ལའི་བླ་མའི་གསུང་ཆོས་ཞུ་བར་དྷ་རམ་ས་ལར་ཡོང་བ་ཡིན་ལ། ༧ཁོང་གི་རླབས་ཆེ་བའི་གསུང་ཆོས་ལས། ངས་ཤེས་རབ་དང་བྱམས་སྙིང་རྗེའི་ཐོག་ནས་ནད་པར་ལྟ་རྟོག་བྱེད་ཀྱིན་ཡོད། ང་ལ་མཚོན་ན་དེ་ཧ་ཅང་གལ་ཆེན་པོ་ཡིན་པས། ང་ཡང་ནས་བསྐྱར་དུ་འདིར་ཡོང་བ་དང་འདིར་གནས་པའི་བོད་མི་རྣམས་ལ་སྨན་བཅོས་བྱ་རྒྱུ་ནི་ངའི་འོས་འགན་རེད། ཀོ་རི་ཡ་དང་རྒྱལ་ཁབ་གཞན་ཚང་མའི་ནང་ཡོད་པའི་ནད་པ་ཚང་མར་སྨན་བཅོས་བྱ་རྒྱུ་གལ་ཆེན་ཡིན། ཞེས་བརྗོད་བྱུང་།
ཡང་ཉིན་གཉིས་རིང་གི་རིན་མེད་སྨན་བཅོས་དེའི་ཐད་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། སྙིང་ནད་བརྟག་དཔྱད་གནང་མཁན་ཁྱད་ལས་པ་ཁོང་ཀོ་རི་ཡ་ནས་རེད། ཁོང་དང་ཀོ་རི་ཡའི་རོགས་པ་ཆོས་ཞུ་བ་ཁག་ཅིག་གཙུག་ལག་ཁང་དུ་ཡང་ཡང་ཕེབས་ཀྱི་ཡོད། ཁོང་ཚོ་སྨན་པ་ཤ་སྟག་ཡིན་སྟབས་ང་ཚོ་དང་མཉམ་དུ་སྨན་སྒར་འཛུགས་ཀྱི་ཡོད། སྨན་པ་སོའུ་ལིའུ་ཡི་ཁྱད་ལས་ནི་སྙིང་ཡིན་པས། ཁོང་གིས་བདེ་ལེགས་སྨན་ཁང་ལ་སྙིང་ནད་བརྟག་དཔྱད་གཏོང་བྱེད་ཀྱི་འཕྲུལ་ཆས་ཤིག་སྦྱིན་རྒྱུ་ཡིན་པའི་ཁས་ལེན་བྱས་པ་རེད། འོན་ཀྱང་། ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་ཚུར་ཕེབས་མ་ཐུབ་པར་ད་བར་ལྷག་པ་རེད། དེ་རིང་འདིར་ཕེབས་པ་དང་འཕྲུལ་ཆས་དེ་ང་ཚོར་གནང་བ་ཙམ་མ་ཟད། ཉིན་གཉིས་རིང་རིན་མེད་སྨན་སྒར་བཙུགས་ཏེ། ཨམ་རྗེ་ཚོར་སྦྱོང་བརྡར་དང་མི་མང་ལ་བརྟག་དཔྱད་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།
སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་པ་ལྟར་ན། སྨན་ཁང་གཞན་གྱི་ནང་དུ་སྙིང་བརྟག་དཔྱད་གཏོང་བར་ཉུང་མཐར་ཧིན་སྒོར་ལྔ་སྟོང་ནས་དྲུག་སྟོང་བར་གནས་ཀྱི་ཡོད་པ་དང་། སྨན་པ་སོའུ་ལིའུ་ཡིས་བདེ་ལེགས་སྨན་ཁང་ལ་ཞལ་འདེབས་ཀྱི་ཚུལ་དུ་ཕུལ་བའི་སྙིང་བརྟག་དཔྱད་ཀྱི་འཕྲུལ་ཆས་དེར་ཧིན་སྒོར་འབུམ་ ༣༦ ཙམ་ཡིན་པ་དང་འཕྲུལ་ཆས་དེར་ན་ཚ་གསུམ་བརྟག་དཔྱད་བྱེད་པའི་ཁྱད་ཆོས་ལྡན་པས་དམིགས་བསལ་འཕྲུལ་ཆས་ཤིག་ཡིན་འདུག་ལ། མ་འོངས་པར་བདེ་ལེགས་སྨན་ཁང་གིས་འཕྲུལ་ཆས་དེ་བརྒྱུད་བོད་མི་རྣམས་དང་ས་གནས་རྒྱ་གར་བ་དག་གི་སྙིང་ནད་བརྟག་དཔྱད་སོགས་ཀྱི་སྨན་བཅོས་བྱ་རྒྱུ་ཡིན་འདུག