རྫ་ཚེ་རིང་བཀྲིས།
སངས་རྒྱས་ལ་ཕྱག་འཚལ་ལོ། །
༡༽ དོགས་གནས་རྩད་གཅོད་ཀྱི་གལ་གནད།
ལར་བརྡ་དང་ཐ་སྙད་མང་པོ་ཞིག་ནི་ཤེས་པས་མཁས་པར་མི་འགྲོ་རུ་ཆུག་ཀྱང་། མ་ཤེས་ན་སྐབས་དོན་གྱི་གནད་སྟོར་བར་འགྱུར་བ་མང་པོ་ཞིག་ཡོད་ལ། སྲོག་ཆགས་དང་སྐྱེ་དངོས་སོགས་ཀྱི་བརྡ་དོན་འཛོལ་བས་ཀྱང་སྐབས་དོན་མང་པོ་ཞིག་རྟོགས་རྒྱུར་འགོག་རྐྱེན་སྤྲོད་ཀྱི་ཡོད། སྔོན་གྱི་ས་སྐྱ་པཎ་ཆེན་དང་། མཁས་དབང་དགེ་ཆོས་སོགས་ཀྱིས་ཐ་སྙད་ཀྱི་འཇུག་པ་དང་འབྲེལ་བའི་དོགས་གནས་མང་པོ་ཞིག་ལ་གསལ་བཤད་ནན་ཆེར་གནང་བས་ཀྱང་དོན་གནད་འདི་གལ་ཆེན་ཡིན་པ་མཚོན་ཡོད། དེང་སང་ནི་སྔར་དང་མི་འདྲ་བར། རྒྱུ་ཆ་འཚོལ་སྡུད་དང་། དོགས་གནས་རྩད་གཅོད་ཀྱི་རྒྱུད་ལམ་མང་པོ་ཡོད་ལ། ཡུལ་དུས་ཀྱིས་བསྐལ་ནས་ངོས་འཛིན་ཚད་ལྡན་མ་བྱུང་བའམ། མ་དག་རྒྱུན་འབྱམས་སུ་ལུས་པའི་དོན་དག་མང་པོ་ཞིག་གི་ཁུངས་ལུངས་བདེ་བླག་ཏུ་འཚོལ་ཐུབ་པའི་ཡུལ་དུས་ཀྱི་མཐུན་རྐྱེན་སྔ་ན་མེད་པ་ཞིག་ཡོད་པ་འདི་དག་ཞིབ་འཇུག་གི་ཁྱབ་ཁོངས་སུ་བེད་སྤྱོད་ཡག་པོ་གཏོང་དགོས་པ་འདི་སྣང་ཆུང་མི་རུང་བ་ཞིག་ཡིན།
༢ ༽ རྩོམ་ཡིག་འདི་འབྲི་བའི་ལྷན་ཅིག་བྱེད་རྐྱེན།
དེ་ཡང་འདིར་གང་གླེང་བར་འདོད་པ་ནི། ཉེ་བའི་ཆར་མཁས་པའི་དབང་པོ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་མཆོག་གིས་རི་དྭགས་ཀྲིཥྞ་ས་རའི་སྐོར་ལ་གསེད་དཀྲོལ་ཞིབ་ཚགས་གནང་བའི་རྩོམ་ཡིག་《རི་དྭགས་ཀྲིཥྞ་ས་རའམ་ཁྲི་སྙན་ས་ལེའི་སྐོར་གྱི་གླེང་མོལ་ཉུང་ངུ་》ཞེས་པ་ཞིག་ཞིབ་ཏུ་མཇལ་རྒྱུའི་གོ་སྐབས་བྱུང་ལ། རྩོམ་ཡིག་དེར་ཁུངས་དང་རྒྱུ་མཚན་མང་པོ་ཞིག་དང་། ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་པའི་དཔེ་རིས་མང་པོ་ཞིག་དངོས་སུ་སྟོན་གནང་མཛད་དེ་རི་དྭགས་དེ་ཡང་སྙིང་གང་ལ་ངོས་འཛིན་འོས་པ་དང་། དེ་དང་རི་དྭགས་ཆོས་མཉན་ཆོས་འཁོར་གྱི་རི་དྭགས་གཅིག་ཡིན་ཚུལ་སོགས་ཞིབ་ཏུ་གསུངས་འདུག ། ངས་རྩོམ་ཡིག་འདི་འཕྲལ་མར་བྲིས་པའི་ཉེ་བའི་རྒྱུ་རྐྱེན་ཀྱང་ཁོང་གི་རྩོམ་ཡིག་དེའི་ངོས་འཛིན་ལ་མོས་མཐུན་རྒྱབ་སྐྱོར་གྱི་ཚུལ་དུའམ། ཁ་སྣོན་གསལ་བཤད་ཀྱི་ཚུལ་དུ་ཡིན་ཞེས་བརྗོད་ནའང་ཆོག །
༣ ༽ རྩོམ་ཡིག་འདི་འབྲི་བའི་ཉེར་ལེན་གྱི་རྒྱུ་གཞན།
འོན་ཀྱང་། དོགས་གནས་འདི་དང་འབྲེལ་བའི་རྩོམ་ཡིག་ཅིག་འབྲི་རྒྱུའི་བསམ་བློ་ནི་སྔར་ནས་ཡོད་དེ། རི་དྭགས་འདིའི་ངོས་འཛིན་གྱི་ཐད་ལ་ལོ་གཉིས་ཀྱི་གོང་ནས་རང་ཉིད་ཀྱིས་དངོས་སུ་བསམ་བློ་བཏང་ནས་ཞིབ་འཇུག་ཀྱང་གང་འཚམས་ཤིག་བྱས་ཟིན་པ་ཡིན། དེ་ཡང་ཐོག་མར་ཉིས་སྟོང་ཉེར་གཅིག་གི་ལོའི་མཇུག་གི་ཉིན་ཞིག་ངས་《གསར་བྱུང་རྒྱུན་སྐོར་མིང་མཛོད་》དུ་འཁོད་པའི་རི་དྭགས་ ཀྲིཥྞ་ས་ར་སྐད་དོད་ཀྱི་རྒྱ་དབྱིན་མིང་ཚིག་(ད་ལྟ་བསྒྱུར་བཅོས་གནང་ཟིན་མིན་མ་འཚལ)ལ་བལྟས་ཤིང་། མིང་ཚིག་དེ་ཉིད་གཞིར་བཞག་གིས་གཤེར་འཚོལ་བྱས་པའི་གྲུབ་དོན་བཅས་དྲ་རྒྱབ་ཏུ་བཞག་ཅིང་། ཁོང་རྣམ་པས་ངོས་འཛིན་གནང་བ་དེ་ཉིད་ཁུངས་དག་ཡིན་ཤག་བྱས་པ་ཡིན། སྐབས་དེར་དགེ་མང་མཁན་སྤྲུལ་སངས་རྒྱས་དོན་འགྲུབ་མཆོག་གིས་དེའི་སྐོར་གུས་པར་བཀའ་འདྲི་གནང་བྱུང་བས། མིང་མཛོད་དུ་དཔེ་རིས་གང་བཀོད་པ་དེ་ཉིད་ཁོང་ལ་ཕུལ་བར་མ་ཟད། པོ་བསྟོད་ཀྱི། རི་དྭགས་པགས་པས་ནུ་མ་གཡོན་མ་བཀབ་པའོ། །ཞེས་པའི་སྐབས་ཀྱི་རི་དྭགས་དེའང་རི་དྭགས་འདི་རང་ལ་ངོས་འཛིན་དགོས་ཚུལ་གྱི་དཔྱད་གཞིའི་ཡིག་ཆ་འགའ་རེ་ཡང་ཕུལ་བ་ཡིན། ད་དུང་ཡང་ང་ལ་རི་དྭགས་དེའི་ངོས་འཛིན་གྱི་ཐད་ལ་དོགས་པ་ཞུགས་མེད། འོན་ཀྱང་། ཁོང་གིས་ཡང་བསྐྱར་གལ་འགངས་ཆེ་བའི་དཔང་རྟགས་གཞན་ཞིག་དང་བཅས་ཏེ་དོགས་འདྲི་གནང་ནས་འདིའི་ཐད་རྩད་གཅོད་ཞིབ་འཇུག་ཅིག་གནང་རོགས་ཞེས་གསུངས་བྱུང་བས་གཞི་ནས་དོགས་པ་སྐྱེ་མགོ་ཚུགས།
༤༽ ཞིབ་འཇུག་རྒྱུས་ལོན་གྱི་གྲུབ་དོན།
དེ་ནས་ངས་ཀྱང་རྒྱ་ཡིག་དང་དབྱིན་ཡིག་གི་མིང་ཚིག་གཞིར་བཟུང་གིས་འབྲེལ་ཡོད་རྒྱུ་ཆ་བཙལ་འཚོལ་དང་། ཁྱད་པར་དུ་ད་ལྟའི་རྒྱ་གར་གྱི་སྐད་ལ་བྱང་ཆ་ཆེ་བའི་གྲོགས་པོ་མཁས་པ་འགའ་ཞིག་ལ་རྒྱ་གར་གྱི་སྐད་རང་གི་ཐོག་ནས་གང་འདྲ་ངོས་འཛིན་བྱ་བཞིན་ཡོད་པ་སོགས་ལ་རྒྱུས་ལོན་ཅུང་ཙམ་བྱས་པའི་སྤྱི་ཡོངས་ཀྱི་གྲུབ་དོན་དེ་ཡང་མཁན་སྤྲུལ་སངས་རྒྱས་དོན་འགྲུབ་ཀྱིས་མཁོ་སྤྲོད་གནང་བའི་རི་དྭགས་ཀྲིཥྞ་ས་རའི་ངོས་འཛིན་གྱི་དཔང་རྟགས་དག་དང་ཡང་ཡོངས་སུ་གཅིག་གྱུར་བྱུང་སོང་བས། ངས་ཁོང་ལ་རྩ་བའི་ཆ་ནས་ང་རང་ཉིད་ཀྱིས་རྒྱུས་ལོན་བྱས་པའི་གྲུབ་དོན་དེས་ཁྱེད་ཀྱིས་གནང་བའི་དཔང་རྟགས་དེར་བདེན་དཔང་བྱེད་ངེས་ཡིན་པར་ངེས་པ་བསྐྱེད་ཐུབ་པ་ཞིག་བྱུང་མོད། ཞིབ་ཕྲ་རྩོམ་ཡིག་ཏུ་འགོད་འཆར་ཡོད་ཅེས་ཞུས་པ་ཡིན།
ད་དུང་བོད་ནང་གི་འདུལ་བའི་རྣམ་བཞག་དང་ཕྱག་ལེན་ལ་མཁས་པར་གྲགས་པའི་གནས་བརྟན་ཞིག་ལའང་། འདུལ་བའི་ནང་དུ་དགེ་འདུན་པའི་ལས་རྟགས་སུ་འབྱུང་བའི་རི་དྭགས་ཆོས་འཁོར་གྱི་རི་དྭགས་དེ་གང་ལ་ངོས་འཛིན་དགོས་པའི་སྐོར་ལ་ངོས་འཛིན་གང་ཡོད་བཀའ་འདྲི་ཞུས་མོད། ཁོང་གིས་ཀྱང་ད་བར་དེའི་ཐད་བསམ་བློ་མ་འཁོར་གསུངས་པས། སྤྱིར་ནང་པ་དང་དགོས་འདུལ་བའི་སྐབས་ཀྱི་དགེ་འདུན་པའི་མཚོན་རྟགས་སུ་གྱུར་པའི་རི་མོ་གལ་ཆེན་དེ་ལྟ་བུ་ཞིག་གི་ནང་དོན་གང་ཡིན་ལའང་བསམ་བློ་མ་འཁོར་བ་དེས་ང་ལ་ང་ཚོའི་སློབ་གཉེར་བ་ཚོས་དཔེ་ཆེའི་ནང་དོན་དངོས་ལས་འབྲེལ་ཡོད་ཀྱི་ཁྱབ་ཁོངས་མང་པོ་ཞིག་སྣང་མེད་དུ་ལྷག་ཡོད་པ་དང་། དེ་ཡང་དེང་སང་གི་ཞིབ་འཇུག་གི་ངོས་ནས་ཞུས་ན་སྟོང་ཆ་གཞན་ཞིག་ཏུ་གྱུར་ཡོད་པའི་ནམ་རྒྱུན་གྱི་བསམ་ཚུལ་ཞིག་ལའང་དྲན་གསོ་བྱས་བྱུང་།
གང་ལྟར་ཇོ་ནང་ཀུན་མཁྱེན་སྒྲོལ་བའི་མགོན་པོ་སོགས་ཀྱི་གསུང་དུ་མ་ཞིག་ཞིབ་ཏུ་མཇལ་ནས་ཕན་ཚུན་བསྡུར་བས་ནམ་རྒྱུན་གཞལ་ཡས་ཁང་གི་བཀོད་པའི་ཆ་ཤས་རི་དྭགས་ཆོས་ཉན་ཆོས་འཁོར་དེའང་རི་དྭགས་འདི་ཡིན་ཚུལ་གྱི་གསུང་ཁ་གསལ་ཅན་མཇལ་བ་སོགས་ཀྱིས་གཞི་རྩའི་དྲིས་ལན་གསལ་པོ་རྙེད་མོད། ལས་བྲེལ་བའི་དབང་གིས་དཔྱད་འབྲས་ཕྱོགས་སྡོམ་གྱི་རྩོམ་ཡིག་དེ་དངོས་སུ་བྲིས་མ་ཟིན་པར་ད་བར་ལུས།
༥༽ ཆུ་ལ་ཆུ་བཞག་ཏུ་བབས་པ།
ཉེ་ལམ་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་མཆོག་གི་རྩོམ་ཡིག་འདི་མཇལ་བས། ཁོང་གི་གསུང་དེ་ནི་ཞིབ་ཅིང་རྒྱས་པ། གནད་དུ་ཐིངས་པ། མདོ་བསྟན་བཅོས་ཀྱི་གཞུང་། གནའ་རྫས་དང་འབྲེལ་བའི་དཔང་རྟགས་སོགས་ཀྱི་ལམ་ནས་གང་གསུང་དགོས་པ་དག་ཡོངས་སུ་གསུངས་ཟིན་པ་ལྟར་འདུག་ལ། རི་དགས་ཆོས་འཁོར་གཅིག་པུའི་ཐད་དུའང་བོད་ཀྱི་བྲིས་ཆ་རྙིང་ཤོས་མངའ་རིས་གུ་གེའི་ཁུལ་གྱི་དུང་དཀར་ཕུག་པའི་ལྡེབས་རིས་ཤིན་ཏུ་ཡིད་འཕྲོག་པ་ཞིག་དངོས་སུ་དཔེ་མཚོན་དུ་བཀོད་འདུག་པ་དང་། དེ་བཞིན་ཁྲི་སྙན་ལ་གཞོན་པའི་ཧིན་དྷུའི་ཆོས་ལུགས་ཀྱི་རླུང་ལྷ་སོགས་སྔར་རང་གིས་མཐོང་མྱོང་བ་འགའ་ཞིག་ཀྱང་འདུག །མ་ཟད་དེ་དང་དེར་བཀོད་པའི་རི་མོ་ཡོངས་རྫོགས་མཁན་སྤྲུལ་སངས་རྒྱས་དོན་གྲུབ་ཀྱིས་སྔར་ཕྲན་ལ་བསྟན་གནང་བའི་རི་དྭགས་དེའི་དཔེ་མཚོན་དག་དང་ཡང་ཆུ་ལ་ཆུ་བཞག་ཁོ་ནར་འདུག་པས། གསལ་བཤད་མང་པོའི་ངལ་བ་མི་དགོས་པར་བྱས་པ་ཡིན་ནོ། །
༦༽ དཔང་རྟགས་ཤིག་གི་བྱུང་བ།
དེ་རིང་འདིར་གླེང་རྒྱུ་དངོས་ནི། མཁན་སྤྲུལ་སངས་རྒྱས་དོན་གྲུབ་ཀྱིས་གུས་པར་བཤད་པའི་རི་དྭགས་དེའི་ངོས་འཛིན་དང་འབྲེལ་བའི་དངོས་བྱུང་གི་གཏམ་རྒྱུད་ཅིག་ཡིན། གཏམ་རྒྱུད་འདི་ནི་གཙོ་བོ་རི་དྭགས་ཀྲིཥྞ་ས་རའི་རྭ་དུང་ཞིག་གི་སྐོར་ནས་ཡིན་ན་ཡང་། རི་དྭགས་ ཀྲིཥྞ་ས་རའི་ཐུན་མོང་མིན་པའི་རའི་དབྱིབས་རྣམ་འདི་ནི་རི་དྭགས་འདི་ཉིད་འཁྲུལ་མེད་དུ་ངོས་ཟིན་པ་ཞིག་ཡོང་རྒྱུར་གལ་འགང་ཆེ་བའི་གཏན་ཚིགས་སུ་གྱུར་ཡོད།
༧༽ དཔལ་སྤྲུལ་གྱི་ཀྲིཥྞ་ས་རའི་རྭ་དུང་།
དེ་ཡང་མཁན་སྤྲུལ་སངས་རྒྱས་དོན་གྲུབ་མཆོག་གིས་གུས་པར་གསུངས་དོན། “ང་ཆུང་ཆུང་སྐབས་སུ་ཐེངས་མང་པོ་མཇལ་མྱོང་བའི་དགེ་མང་མཁན་ཆེན་རིག་འཛིན་དབང་རྒྱལ་ལམ་མཁན་པོ་དབང་སྡིས་ཚང་གི་རྟེན་སྒམ་དུ་དཔལ་སྤྲུལ་རིན་པོ་ཆེའི་ཆོས་དུང་ཡིན་པར་གསུངས་པའི་རི་དྭགས་ཀྲི་ཎའི་རྭ་དུང་ཞིག་འདུག ། མཁན་པོ་དབང་སྡིས་ཚང་གིས་ཀྱང་། མ་ཎི་འཚོགས་ས་སོགས་སུ་རྭ་དུང་དེ་འབུད་ཀྱི་ཡོད་པ་རེད། དེ་ཡང་ངས་དངོས་སུ་མཇལ་མྱོང་ཡོད། མ་ཟད་ཁོང་གིས། ༼ འདི་རྫ་དཔལ་སྤྲུལ་གྱི་ཆོས་དུང་རེད། རི་དྭགས་ ཀྲིཥྞ་ས་ར་རི་དྭགས་ཤིན་ཏུ་སྙིང་རྗེ་ཅན་ཞིག་ཡིན་པས་རྩྭ་ཟ་སྐབས་ཀྱང་ཐོག་མར་སྣ་ནས་རླུང་བུས་ཏེ་རྩྭའི་ཐོག་ཏུ་ཡོད་པའི་འབུ་སོགས་དཀྲོགས་ནས་རྩྭ་ཁམ་བུ་ཁམ་བུ་བྱས་ནས་ཟ་བ་ཞིག་ཡིན་ནི་རེད་གསུངས་ནས་དུང་དེ་འབུད་གནང་གི་རེད། ༽ ཅེས་གསུངས་ཀྱིན་ཡོད། ཡིན་ན་ཡང་། རྭ་དུང་དེ་རྗེས་མ་ཨོ་རྒྱན་བསྟན་འཛིན་ནོར་བུའི་གདུང་རྟེན་སྐུ་འདྲའི་གཟུངས་གཞུག་ཏུ་ཕུལ་བ་རེད། རྭ་དེ་ནི་ཅུང་ཟད་རིང་ལ་སྒྲིམ་མ་ཞིག་རེད།” ཅེས་དང་།
༨ ༽ མཁན་པོ་པདྨ་དབང་རྒྱལ་གྱི་ཕྱག་ཏུ་བྱུང་བའི་རྭ་དུང་།
ཡང་ཁོང་གིས། “གུས་པར་མཚོན་གཞན་ཡོན་ཏན་ཆེན་པོ་གང་ཡང་མེད་ན་ཡང་། ལས་འཕྲོ་དང་བསོད་ནམས་ཀྱི་དབང་གིས་བླ་མ་བཀའ་དྲིན་ཅན་ཁྱབ་བདག་དགེ་མང་པ་མཁན་པོ་པདྨ་དབང་རྒྱལ་གྱི་མདུན་དུ་ཡུན་རིང་འདུག་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད། དུས་ཕྱིས་ཤིག་ལ་བླ་མ་བཀའ་དྲིན་ཅན་གྱིས་ལྷ་ས་ནས་རི་དྭགས་ ཀྲིཥྞ་ས་རའི་རྭ་ཆ་མ་ཞིག་ཉོས་གནང་འདུག །དེ་ཡང་དངུལ་ཤན་མ་ཞིག་རེད། དེ་བཞིན་མཁན་པོ་དོན་ཉི་ཚང་སོགས་ཀྱི་ཕྱག་ཏུ་བརྒྱུད་པའི་རི་དྭགས་ཀྲི་ཎའི་རྭ་དེ་འདྲ་འདུག་ལ། དེ་དག་ཀྱང་སྒྲིམ་མ་དེ་འདྲ་ཞིག་རེད། མ་ཟད་དཔལ་སྤྲུལ་ཚང་གི་རྭ་དུང་དང་གཅིག་པ་གཅིག་རྐྱང་རེད། ང་ལ་ཕྱི་རྒྱལ་ཞིག་ནས་རྭ་དེ་འདྲ་ཞིག་ལག་ཏུ་འབྱོར་བྱུང་། དེའང་གོང་གི་དེ་དང་གཅིག་པ་གཅིག་རྐྱང་རེད། ” ཅེས་གསུངས་ཏེ། བཀའ་མོལ་འདི་ནི་སྤྱི་ལོ་༢༠༢༡ ཟླ་ ༧ ཚེས་༨ གླེང་མོལ་བྱུང་བ་ཞིག་ཡིན།
ད་དུང་ཁ་སང་སྟེ། སྤྱི་ལོ་ ༢༠༢༣ ཟླ་ ༢ ཚེས་༢༨ དགུང་མོ་ཡང་བསྐྱར་ཁོང་གིས་གུས་པའི་རྩོམ་ཡིག་འདིའི་ནང་གི་མཁན་རིན་པོ་ཆེ་རིག་འཛིན་དབང་རྒྱལ་གྱི་གཅེས་མིང་གི་མཚན་འབོད་སྟངས་ལ་འབྲི་ནོར་ཤོར་འདུག་པར་ནོར་བཅོས་དང་འབྲེལ། སྲིད་ན་དཀོན་པའི་དཔལ་སྤྲུལ་རིན་པོ་ཆེའི་རྭ་དུང་གི་སྐུ་པར་དངོས་ཤིག་དང་། མཁན་ཆེན་པདྨ་དབང་རྒྱལ་གྱིས་ཁོང་ཉིད་ཀྱིས་ར་དུང་ཕྱག་ཏུ་བསྣམས་པའི་སྐུ་པར་རྩ་ཆེན་གཉིས་མཁོ་སྤྲོད་གནང་བ་དང་། ད་དུང་ཁོང་གིས། གསལ་བཤད་ཀྱི་ཚུལ་དུ། དཔལ་སྤྲུལ་རིན་པོ་ཆེའི་ཆོས་དུང་དེ་ཉིད་སྡེ་དགེའི་བཙུན་མོ་ཞིག་གིས་ཕུལ་བ་ཡིན་ཚུལ་མཁན་ཆེན་དབང་སྡིས་དང་མཁན་ཆེན་པདྨ་དབང་རྒྱལ་སོགས་ཀྱི་ཞལ་རྒྱུན་ཡིན་གསུངས།
༩ ༽ ལོ་རྒྱུས་འདི་ཡི་གེར་བཀོད་པའི་དགོས་པ།
ལོ་རྒྱུས་འདི་ནི་རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་དངོས་སུ་འབྲེལ་བ་ཞིག་ཡིན་པས་ཀྱང་། ཡིག་ཐོག་ཏུ་འཇུག་རྒྱུ་ནི་གནད་འགག་ཅིག་ཏུ་གྱུར་ཡོད་ལ། དགེ་མང་མཁན་པོ་རྣམ་པ་ནི་དཔལ་སྤྲུལ་རིན་པོ་ཆེ་དང་ཉེ་ཤོས་དང་ཆ་རྒྱུས་ཆེ་ཤོས་ཀྱི་སློབ་མ་དང་ཡང་སློབ་ཡིན་པ་དང་། མཁན་པོ་རིག་འཛིན་དབང་རྒྱལ་ནི་ཤིན་ཏུ་ཡིད་རྟོན་རུང་བའི་དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པས་ཀྱང་བཀའ་མོལ་དེ་ནི་ཅིས་ཀྱང་ཡིད་རྟོན་རུང་བ་ཞིག་ཡིན་པའི་ངོས་འཛིན་ཞུ་བཞིན་ཡོད།
རྨེ་སྤྲུལ་རིན་པོ་ཆེས་ཀྱང་། འཕགས་ཡུལ་གྱི་ཛོ་ཀི་དག་གིས་སྤྱོད་བཞིན་པའི་ཁྲི་སྙན་ས་ལེའི་རྭ་དུང་དང་། གུང་ཐང་བསྟན་པའི་སྒྲོན་མེ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་ཀྱི་རྣམ་ཐར་དྲངས་ནས་འཕགས་བོད་གཉིས་ཆར་དུ་ཁྲི་སྙན་ས་ལེའི་རྭ་དུང་བཟོ་བའི་སྲོལ་ཡོད་ཚུལ་བཅས་ཞིབ་ཙམ་བཀོད་ཡོད་ན་ཡང་། དཔལ་སྤྲུལ་རིན་པོ་ཆེའི་རྭ་དུང་འདིའི་སྐོར་ཕལ་ཆེར་ད་སྔོན་མཁྱེན་རྟོགས་བྱུང་མེད་པ་ལྟར་འདུག་པས་ཀྱང་ལྷན་ཐབས་ཀྱི་ཁ་སྐོང་ལྟ་བུ་ཞིག་ཏུ་འགྱུར་ངེས་སྙམ་ནས་ཡི་གེར་བཀོད་པ་ཡིན་ནོ། །
༡༠༽ ཕངས་སེམས་དང་འབྲེལ་བའི་འབོད་སྐུལ།
ཞོར་དུ་ཚོར་སྣང་བྱུང་བ་ཞིག་ནི། སྐྱེས་ཆེན་དམ་པའི་ཕྱག་རྩོམ་གྱི་མ་དཔེ་དང་། གཏེར་སྟོན་གྱི་ཤོག་སེར་སོགས་ལོ་རྒྱུས་ཀྱི་ངོས་ནས་ཧ་ཅང་རིན་ཐང་ཡོད་པའི་རིག་དངོས་ཀྱི་རྣམ་གྲངས་མང་པོ་ཞིག་ཀྱང་། སྐུ་གསུང་ཐུགས་རྟེན་གྱི་གཟུངས་བཞུག་སོགས་སུ་ཕུལ་ནས་གཏན་དུ་མི་མངོན་པར་རྒྱས་བཏབ་པ་དང་། དེ་ཡང་ཁ་བྱང་བཏབ་པ་སོགས་ཉུང་བས་མི་རབས་བརྗེས་པའམ། སྐུ་སོགས་དངོས་པོ་དེ་དག་རྐྱེན་དབང་གིས་གཞན་གྱི་ལག་ཏུ་ཤོར་རྗེས། དེའི་ནང་དུ་ཡོད་པའི་རྩ་ཆེ་བའི་དངོས་པོ་དེ་དག་ཀྱང་ངོ་ཤེས་མཁན་མེད་པར་འགྱུར་བ་སོགས་ཀྱང་འབྱུང་ཉེན་ཧ་ཅང་ཆེ་སྟེ། བྱིན་རླབས་ཀྱི་ངོས་ནས་ནི་གང་ལྟར་ཡང་ཁྱད་པར་ཆེར་མེད་སྲིད་ན་ཡང་། རྩ་ཆེ་བའི་རིག་དངོས་ཤིག་གི་ངོས་ནས་ནི་མཐོང་ནས་མེད་པར་འགྱུར་བ་དེའང་དེ་ཙམ་བློས་ཐོངས་པ་ཞིག་མི་འདུག་པས། དཔལ་སྤྲུལ་རིན་པོ་ཆེའི་རྭ་དུང་དེའང་དེ་ལྟར་སྐུ་བརྙན་གྱི་གཟུངས་བཞུག་ཏུ་ཕུལ་བ་ལའང་ཕངས་སེམས་ཕྲན་བུ་བྱུང་བས། ད་ནས་བླ་མ་གོང་མ་དག་གི་ཕྱག་རྫས་དང་ཉེར་སྤྱད་སོགས་རྩ་ཆེ་བའི་དངོས་པོ་དག་མུ་མཐུད་ནས་སྐྱེ་འགྲོ་རྣམས་ཀྱི་མཐོང་ཡུལ་ནས་མ་བརླགས་པ་ཞིག་གི་ཐོག་ནས་དད་པའི་རྟེན་དུ་ཉར་སྟངས་གཞན་རེ་ལའང་ཐུགས་བསམ་བཞེས་དགོས་པ་མིན་ནམ་སྙམ་པའང་ཞར་ལ་ཐལ་ལོ། །
རྫོགས་སོ།།
ཡོལ་བུའི་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བརྒྱད་ལ་རི་སྔོན་པོ་ནས་བྲིས་པ་ལས་ཚེས་དགུའི་ཉིན་མོ་ཅུང་ཟད་བཅོས་དེ་གཏན་ལ་ཕབ་པའོ།།