རྒྱ་ནག་གཞུང་གིས་རྒྱ་གར་དང་བལ་ཡུལ་སོགས་ནས་ཕྱིར་བོད་དུ་ལོག་པའི་བོད་མི་མང་པོར་ལོ་ཤས་རིང་ཁྱིམ་ཐོ་སྤྲོད་ཀྱི་མེད་པའི་རྐྱེན་གྱིས་ལས་ཀ་མི་རག་པ་དང་ས་གནས་གཞན་དུ་འགྲོ་སྐྱོད་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ནས་བཙན་བྱོལ་དུ་ཕྱིན་པ་རྣམས་རིམ་གྱིས་ཁྱིམ་ཐོ་ནས་མེད་པ་བཟོས་པ་དང་། འབྲོག་ལས་མཉམ་འབྲེལ་གྱི་ལམ་ལུགས་ཟེར་བ་ལག་བསྟར་བྱས་ནས་རྩྭ་སའི་བདག་དབང་ཡང་གཞུང་བཞེས་བཏང་དང་གཏོང་བཞིན་ཡོད་པ་ལྟར། རྒྱ་གར་ནས་སློབ་གཉེར་བྱས་ཏེ་ཕྱིར་བོད་དུ་ལོག་མཁན་ཁག་ཅིག་གིས་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ལ་ཉུང་མཐར་ལོ་གསུམ་ནས་ལོ་དྲུག་ཙམ་བར་ཁྱིམ་ཐོ་བསྐྱར་གསོའམ་ཡང་ན་གསར་དུ་བཟོ་ཆོག་གི་མེད་པར་བརྟེན། ལས་ཀ་འཚོལ་བ་དང་། སྒེར་གྱི་ཚོང་ལས་གཉེར་བ། དེ་བཞིན་ས་གནས་གཞན་དུ་འགྲོ་སྐྱོད་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྐོར་བརྗོད་བྱུང་།
བོད་ཁྱུང་མཆུ་རྫོང་ཁོངས་ནས་ཡིན་པའི་ཕྱིར་བོད་དུ་ལོག་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ཁོང་བོད་དུ་འབྱོར་སྐབས་ཁྱིམ་ཐོའི་ནང་ནས་བཏོན་ཚར་ཡོད་སྟབས། ས་གནས་སྲིད་གཞུང་ལ་འབྲེལ་བ་བྱས་ཏེ་ཁོ་རང་བོད་ནང་གཏན་སྡོད་བྱ་རྒྱུ་ཡིན་པས་ཁྱིམ་ཐོའི་ནང་བསྐྱར་དུ་བཅུག་རོགས་ལབ་སྐབས། ལོ་ ༦ རིང་གཏན་ནས་བཟོ་ཐུབ་ཀྱི་མ་རེད། དེའི་རྗེས་ནས་བཟོ་ཐབས་བྱས་ན་འགྲིག་གི་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང་ཟེར།
ལྷ་སར་གནས་སྡོད་བོད་མི་ཞིག་གིས། ཉེ་ལམ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་ས་གནས་ཁག་ཅིག་ནང་། རྒྱ་གར་གཙོས་ཕྱི་རྒྱལ་ཁག་ནས་ཡོང་བའི་བོད་མི་མང་པོར་ཁྱིམ་ཐོ་སྤྲོད་ཀྱི་མེད་པར་བརྟེན། ས་གནས་གཞན་དང་གཞན་དུ་འགྲོ་བར་དཀའ་ངལ་ཤུགས་ཆེན་འཕྲད་མུས་ཡིན་འདུག་ལ། ཐོབ་ཐང་དཔང་ཡིག་སོགས་མེད་ན་ས་གནས་གཞན་དུ་འགྲོ་དཀའ་བ་མ་ཟད། མཐའ་ན་མགྲོན་ཁང་ཡང་གླ་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་བྱས་བྱུང་།
ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས། སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལ་ཡོད་པའི་བོད་མི་མང་པོ་ཞིག་མིང་ཐོ་ནག་པོའི་ནང་དུ་བཅུག་ཡོད་པ་དང་། མིང་ཐོ་ནག་པོའི་ནང་ཚུད་པའི་བོད་མི་ཞིག་ཡིན་ཚེ། ལོ་ ༥ ནས་ ༦ བར་མིང་ཐོ་ནག་པོའི་ཁོངས་ནས་མར་འདོན་ཐུབ་ཀྱི་མེད་པར་བརྟེན། ལོ་ ༥ ནས ༦ བར་རང་རང་གི་ས་གནས་ས་ཐོག་ཏུ་བསྡད་དེ་ཁྲིམས་འགལ་རིགས་མ་བྱས་པ་དང་། ས་གནས་ལས་ཁུངས་སོགས་སུ་ཐོ་འགོད་ཡག་པོ་བྱས་ཚེ། མིང་ཐོ་ནག་པོ་ནས་མར་འདོན་ཐུབ་ཀྱི་ཡོད་པ་དང་། དེའི་རྗེས་གཞི་ནས་ཐོབ་ཐང་དཔང་ཡིག་དང་། གཞུང་འབྲེལ་ཡིག་ཆ་ཁག་སྟེར་གྱི་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང་།
ཕྱི་ལོ ༢༠༢༠ ཟླ ༨ པའི་ནང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་རྫོང་ཁག་ཚང་མའི་ནང་ཁྱིམ་ཐོ་ཞིབ་བཤེར་བྱས་ཏེ། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གནས་སྡོད་བྱེད་མཁན་བོད་མི་ཚོ་ཁྱིམ་ཐོའི་ཁོངས་ནས་ཕྱིར་འཐེན་དང་ས་ཆའི་བདག་དབང་རྣམས་སྲིད་གཞུང་གིས་ཕྱིར་བསྡུ་བྱས་དང་བྱེད་ཀྱི་ཡོད་འདུག་ལ། དེ་བཞིན་བོད་རྔ་བ་ཁུལ་གྱི་ནང་དུའང་ཁྱིམ་ཐོ་གཙང་བཤེར་ཟེར་བ་བྱས་ཏེ་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་རྣམས་ཁྱིམ་ཐོའི་ནང་ནས་མར་བཏོན་ཡོད་འདུག་ལ། ཕྱི་ལོ་ ༢༠༢༢ ལོར་ལྷ་ས་གྲོང་ཁྱེར་གྲྭ་བཞི་མངགས་གཏོང་ཁང་ཟེར་བས། བོད་ཁུལ་དུ་གནས་སྤོར་བྱས་པའི་རང་ལོ་བཅོ་བརྒྱད་ཡན་གྱི་རྒྱ་རིགས་ཚུད་པའི་ཕྱི་མི་མང་པོ་ཞིག་ལ་གཏན་སྡོད་ལག་ཁྱེར་བཟོ་མགོ་བཙུགས་ཡོད་པ་རེད།
འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱིར་ཕ་ཡུལ་དུ་ལོག་པའི་བོད་མི་རྣམས་ལ་ལོ་ཤས་རིང་ཁྱིམ་ཐོ་སྤྲོད་ཀྱི་ཡོད་ཀྱང་། བོད་ཁུལ་གྱི་ས་གནས་མང་པོའི་ནང་ཁྱིམ་ཐོ་ཚུད་པའི་མི་སྒེར་གྱི་ཐོབ་ཐང་དཔང་ཡིག དེ་བཞིན་གཏན་སྡོད་ལག་ཁྱེར་ཟེར་བ་སོགས་ཀྱི་སྤྲོད་ཕྱོགས་མི་འདྲ་བ་ཡོད་ཀྱང་། སྤྱི་ཡོངས་ནས་རྒྱ་ནག་གཞུང་གིས་ཕྱིར་བོད་དུ་ལོག་པའི་བོད་མི་མང་པོར་ཟླ་ཤས་རིང་འགྲོ་འདུག་ལ་ལྟ་ཞིབ་དང་ས་གནས་སྲིད་གཞུང་གིས་ཡང་ཡང་འབོད་འགུག་བྱས་ཏེ་འདྲི་རྩད་བྱེད་ཀྱི་ཡོད་པ་མ་ཟད། སློབ་གསོ་ཡར་སྐུལ་ཟེར་བ་སོགས་ལ་ཁ་གཡར་ནས་ཆབ་སྲིད་སློབ་སྦྱོང་ཟེར་བའི་ནང་ངེས་པར་དུ་མཉམ་ཞུགས་བྱ་དགོས་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་འདུག
གསར་འགོད་པ། དཔལ་ལྡན།