བལ་ཡུལ་ནང་མི་གྲངས་ ༡༩ རྐྱེན་འདས་དང་མི་གྲངས་ ༤༠༠ ལྷག་ལ་རྨས་སྐྱོན་ཕོག་པ་སོགས་བལ་གཞུང་གིས་མི་མང་ངོ་རྒོལ་བར་དྲག་པོའི་རྒོལ་རྡུང་གཏོང་བཞིན་ཡོད་པས་སྲིད་འགྱུར་སློང་ཉེན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་བཟུང་བལ་ཡུལ་གཞུང་གིས་སྤྱི་ཚོགས་དྲ་གནས་ ༢༦ བཀག་སྡོམ་བྱས་རྐྱེན། ཁ་སང་ཕྱི་ཚེས་ ༨ ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུའི་གྲོས་ཚོགས་ཁང་གི་མདུན་དུ། ཡུལ་དེའི་གཞོན་སྐྱེས་ (GenZ) རྣམས་ཀྱིས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་མགོ་བརྩམས་ཡོད་པ་དང་། སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཉིན་གུང་བར་དུ་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་སྟེ་མི་གྲངས་ ༡༩ རྐྱེན་ལམ་དུ་ཤོར་བ་དང་། ཉེན་རྟོག་པ་ ༢༨ ཚུད་པའི་མི་གྲངས་ ༤༠༠ ལྷག་ལ་རྨས་སྐྱོན་ཕོག་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་པར་བརྟེན། བལ་གཞུང་གིས་སྤྱི་ཚོགས་དྲ་གནས་ ༢༦ བཀག་སྡོམ་བྱས་པའི་ཐག་གཅོད་དེ་མེད་པ་བཟོས་ཡོད་འདུག
དེ་རིང་ཕྱི་ཚེས་ ༩ ཉིན་བལ་ཡུལ་གྱི་ས་གནས་འདྲ་མིན་ནང་གཞོན་སྐྱེས་རྣམས་ཀྱིས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་ཏེ། བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི་ (KP Sharma Oli) ལགས་སྲིད་བློན་གྱིས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་འདོན་པ་ལྟར། དེ་རིང་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི་ལགས་ལས་གནས་ནས་དགོངས་པ་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག གནད་དོན་དཔྱད་ཞིབ་པ་ཚོས་ད་ལན་སྤྱི་ཚོགས་དྲ་གནས་བཀག་སྡོམ་ཙམ་ལ་ངོ་རྒོལ་མ་ཡིན་པར་རིམ་གྱིས་བྷང་ལ་ཌེ་ཤི་ཡི་སྲིད་འགྱུར་ཟིང་འཁྲུག་ལྟ་བུ་ཞིག་ཏུ་འགྱུར་གྱི་ཡོད་སྐོར་རྗོད་ཀྱིན་འདུག
ཁ་སང་བལ་གཞུང་གིས་ཛ་དྲག་གི་ཚོགས་འདུ་བསྐོངས་ཏེ། སྤྱི་ཚོགས་དྲ་གནས་ ༢༦ དེ་བསྐྱར་གསོ་བྱས་ཡོད་འདུག་ལ། ཛ་དྲག་གི་ཚོགས་འདུའི་སྟེང་བལ་ཡུལ་གྱི་ནང་སྲིད་བློན་ཆེན་རཱ་མེ་ཤི་ (Ramesh Lekhak) ལགས་ཀྱིས་བཟང་སྤྱོད་ཀྱི་ཐོག་ནས་ལས་གནས་ནས་དགོངས་པ་ཞུས་ཡོད་པ་དང་། དེ་བཞིན་ཞིང་ལས་བློན་ཆེན་རཱམ་ (Ram Nath Adhikari) ལགས་ཀྱིས་ཀྱང་ལས་གནས་ནས་དགོངས་པ་ཞུས་འདུག
གནད་དོན་དེ་དང་འབྲེལ་ནས་བལ་ཡུལ་གྱི་སྲིད་བློན་ཤར་མ་ (KP Sharma Oli) ལགས་ཀྱིས། རྒྱལ་ནང་དུ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་བ་དེ་དྲག་པོའི་ངོ་བོར་གྱུར་ཏེ་དོན་རྐྱེན་དེ་འདྲ་བྱུང་བར་བློ་ཕམ་ཡོད། ཅེས་དང་། བལ་གཞུང་གི་ངོས་ནས་ཚོགས་ཆུང་ཞིག་བཙུགས་ཏེ་དོན་རྐྱེན་དེའི་ཐོག་ལ་ཞིབ་བཤེར་བྱ་རྒྱུ་དང་། ཉིན་གྲངས་ ༡༥ ནང་ཚུད་དུ་ཞིབ་བཤེར་སྙན་ཐོ་འདོན་རྒྱུ་ཡིན་སྐོར་དང་། རྐྱེན་འདས་སུ་ཕྱིན་པའི་གཞོན་སྐྱེས་དེ་དག་གི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། རྨས་སྐྱོན་ཕོག་པ་རྣམས་ལ་རིན་མེད་ཐོག་སྨན་བཅོས་བྱ་རྒྱུ་ཡིན། ཞེས་བརྗོད་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས། དོན་རྐྱེན་དེའི་ཁྲོད་ངོ་རྒོལ་བར་ཤི་རྨས་ཀྱི་གནད་དོན་བྱུང་བ་ཧང་སངས་དགོས་པ་ཞིག་རེད་ལ། དོན་རྐྱེན་དེ་དང་འབྲེལ་ནས་ཕྱི་གསལ་ནང་གསལ་གྱི་ཐོག་ནས་ཞིབ་བཤེར་ནན་པོ་བྱ་དགོས་པའི་སྐུལ་མ་གནང་བ་དང་། ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་དམག་དཔུང་གིས་དྲག་པོའི་བྱ་སྤྱོད་སྤེལ་བ་དེ་དགོས་མཁོ་མེད་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་འདུག
གནད་དོན་དེ་དང་འབྲེལ་ནས་རང་ལོ་ ༢༤ ཡིན་པའི་སློབ་མ་ཡུ་ཇན་ (Yujan Rajbhandari) གྱིས། ང་ཚོས་ལྐོག་ཟ་རུལ་སུངས་བྱེད་ཀྱི་ཡོད་པའི་བལ་ཡུལ་གྱི་སྒྲིག་འཛུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་ལ། གཞོན་སྐྱེས་སྟོང་ཕྲག་མང་པོས་ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ། སྤྱི་ཚོགས་དྲ་གནས་བཀག་སྡོམ་བྱས་ཏེ་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་བཞིན་པར་ངོ་རྒོལ་དང་། གཞུང་གིས་ལྐོག་ཟ་རུལ་སུངས་ལ་ཁ་གཏད་གཅོག་ཐབས་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་སོགས་ཞན་པོ་ཡོད་པ་ཐེར་འདོན་བྱས་ཡོད་སྐོར་བརྗོད་འདུག
བལ་ཡུལ་གཞུང་གིས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་ནས་བདུན་ཕྲག་གཅིག་ནང་ཚུད་དུ་སྤྱི་ཚོགས་དྲ་གནས་ལས་ཁུངས་ཀྱིས་ཐོ་འགོད་བྱ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་ཀྱང་། ངོ་དེབ་སོགས་སྤྱི་ཚོགས་དྲ་གནས་ ༢༦ གིས་དུས་ཐོག་ཏུ་ཐོ་འགོད་བྱས་མེད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་བཟུང་བལ་ཡུལ་གཞུང་གིས་དངོས་སུ་བཀག་སྡོམ་ལག་བསྟར་བྱས་ཡོད་སྟབས། བལ་ཡུལ་མི་མང་གིས་དེ་ནི་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་བྱས་པ་ཞིག་དང་། བལ་གཞུང་ནང་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱུང་བཞིན་པ་ཐེར་འདོན་བྱེད་པར་འགོག་རྐྱེན་བཟོས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།
དེ་འབྲེལ་གནས་ཚུལ། https://tibettimes.net/2025/09/05/245567/



