ཨ་རིས་རྒྱ་རིགས་ཚོང་པ་ཀོ་ཝན་ཀོའུ་ (Guo Wengui) ཡིས་ཨ་སྒོར་ཐེར་འབུམ་ ༡ ལྷག་གཡོ་ལེན་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཡོད་འདུག
རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་གཞུང་གིས་ཨ་རིའི་ཕོ་བྲང་དཀར་པོའི་ཇུས་འགོད་སློབ་སྟོན་པ་ཟུར་པ་ (Chief Strategist) སི་ཊི་ཝི་བྷ་ནོ་ (Steve Bannon) དང་འབྲེལ་བ་ཡོད་པ་དང་། ཨ་རིར་བྲོས་བྱོལ་དུ་ཡོང་བའི་རྒྱ་རིགས་ཚོང་པ་ཀོ་ཝན་ཀོའུ་ (Guo Wengui) ཡིས་ཁོ་རང་གི་ཚོང་ལས་ལ་མ་འཛུགས་བྱེད་མཁན་ཚོར་དངུལ་འབོར་ཆེན་པོ་ཐོབ་ཀྱི་ཡོད་ལུགས་བཤད་དེ། མི་མང་སྟོང་ཕྲག་ཁ་ཤས་ལ་མགོ་སྐོར་བཏང་སྟེ་ཨ་སྒོར་ཐེར་འབུམ་ ༡ ལྷག་གཡོ་ལེན་བྱས་པའི་ཉེས་ནག་འོག་འཛིན་བཟུང་བྱས་ཡོད་འདུག
དེའི་ཐད་ཨ་རིའི་ཁྲིམས་འཛིན་ལྷན་ཁང་ (Justice Department) ལྟར་ན། རྒྱ་རིགས་ཚོང་པ་ཀོ་ཝན་ཀོའུ་ལ་ (Miles Guo) དང་ (Ho Wan Kwok) ཟེར་བའི་མིང་མི་འདྲ་བ་གསུམ་ཡོད་པ་དང་། ཀོ་ཝན་ཀོའུ་ཡིས་དཔལ་འབྱོར་སློབ་སྟོན་པ་ཀིན་མིང་རྗེ་ (Kin Ming Je) ཡི་རོགས་རམ་བརྒྱུད། དྲ་རྒྱ་དང་དེའི་བདེ་འཇགས་དང་དངུལ་ཁང་སོགས་ལ་མགོ་སྐོར་བཏང་སྟེ་དངུལ་གཡོ་ལེན་བྱས་ཡོད་པར་བརྟེན། ཨ་རིའི་གཞུང་གིས་ཁོའི་ལས་རོགས་ཀིན་མིང་རྗེའང་འཛིན་བཟུང་བྱ་རྒྱུ་ཡིན་པ་དང་། ད་ལྟའི་ཆར་ཁོ་གང་དུ་ཡོད་མེད་འཚོལ་ཞིབ་བྱེད་བཞིན་ཡོད་འདུག ད་དུང་ཁོ་རང་གི་ཚོང་ལས་ལ་མ་འཛུགས་བྱས་ཡོད་པའི་དངུལ་དེ་ནས་ཨ་སྒོར་ས་ཡ་ ༣༧ གྱི་གྲུ་ཆུང་ (Yacht) དང་ཁོ་རང་གི་བུ་ལ་ཨ་སྒོར་ས་ཡ་ ༣།༥ ཡིས་མོ་ཊ་ (Ferrari)། དེ་བཞིན་ཨ་སྒོར་སྟོང་ཕྲག་ ༣༦ གི་གདན་གཉིས་དང་། ཨ་སྒོར་སྟོང་ཕྲག་ ༦༢ ཡི་བརྙན་འཕྲིན། ཕི་ཊི་གྲུ་བཞི་མ་ ༥༠,༠༠༠ ཡི་ཁང་པ་བཅས་ཉོས་འདུག གཞན་ཡང་། འདས་ལོའི་ཕྱི་ཟླ་ ༩ པ་ནས་ད་བར་ཨ་རིའི་གཞུང་གིས་ཨ་སྒོར་ས་ཡ་ ༦༣༤ ཙམ་གཞུང་བཞེས་བཏང་ཡོད་འདུག
ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་དུ་ཀོ་ཝན་ཀོའུ་དང་ཨ་རི་ཕོ་བྲང་དཀར་པོའི་ཇུས་འགོད་སློབ་སྟོན་པ་སི་ཊི་ཝི་བྷོ་ནོན་ (Steve Banon) གཉིས་ཀྱིས་ (G News) དང་ (GTV Media Group) ཟེར་བའི་གསར་ཁང་གཉིས་བཙུགས་པ་དང་། ཕྱི་ལོ་ ༢༠༢༡ ལོར་ཀོ་ཝན་ཀེའུ་ཡིས་ཚོང་དོན་ཆེད་ཁྲིམས་འགལ་གྱི་ཐོག་ནས་མ་དངུལ་མཁོ་སྒྲུབ་བྱས་རྐྱེན་ཨ་སྒོར་ས་ཡ་ ༥༣༩ ཆད་པ་སྤྲོད་དགོས་བྱུང་བ་དང་། ཕྱི་ལོ་ ༢༠༡༤ ལོའི་ལོ་མཇུག་ཏུ་ཀོ་ཝན་ཀོའུ་རྒྱ་ནག་ནས་ཨ་རིར་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་ཀོ་ཝན་ཀེའུ་ཡིས་བཙན་གཡེམ་དང་ལྐོག་རྔན་སྤྲད་པའི་སྐྱོན་འཛུགས་བྱེད་སྐབས། ཁོས་རྒྱ་ནག་གཞུང་གིས་སྐྱོན་འཛུགས་ཁག་ལ་ངོས་ལེན་རྩ་བ་ནས་བྱས་མེད་པ་མ་ཟད། ཁོས་ཞི་ཅིན་ཕིན་གྱི་གཙོས་རྒྱ་ནག་དམར་ཤོག་གཞུང་གི་མགོ་ཁྲིད་ཚོའི་བྱ་སྤྱོད་ངན་པའི་རིགས་ཐེར་འདོན་དང་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་མང་པོ་སྤེལ་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།