རྩིས་ལོ་ ༢༠༢༢་་༢༠༢༣ བར་གྱི་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མིའི་དཔྱ་དངུལ་འབུལ་ཆད་རྣམས་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༣༡ བར་བརྒྱ་ཆ་ ༩༠ ཆག་ཡང་གི་ཐོག་ནས་བསྡུ་རུབ་གནང་རྒྱུ་ཡིན་འདུག
དེ་རིང་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བདུན་པའི་ཕྱི་དྲོར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་ནས་བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་ཅིག་བསྣམས་ཕེབས་ཏེ། ཕྱི་ལོ་ ༢༠༠༧ དང་ཕྱི་ལོ་ ༢༠༡༥ ལོར་དཔྱ་དངུལ་བསྡུ་འབུལ་མ་ཐུབ་པ་དང་གསར་དུ་འབུལ་འདོད་ཡོད་རིགས་ལ་འབུལ་འབབ་ཆག་ཡང་བཏང་སྟེ་ཕན་ཐོགས་གང་ལེགས་བྱུང་ཡོད་ཀྱང་། ད་ལྟའི་ཆར་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་མིའི་མི་འབོར་ལྔ་ཁྲི་སྐོར་ཡོད་ཁོངས་ནས་རྩིས་ལོ་ ༢༠༢༡་་་༢༢ ལོར་དཔྱ་དངུལ་འབུལ་མཁན་གྲངས་ ༡༤༠༡༧ ལས་བྱུང་མེད་སྟབས། བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་འབུལ་འབབ་ཀྱི་ཁྲིམས་ཡིག་དོན་ཚན་ ༡༨ པའི་ནང་གསེས་ ༥ པའི་དགོངས་དོན་ ”ཡུལ་དུས་གནས་སྐབས་དམིགས་བསལ་བའི་འོག་སྤྱི་འཐུས་ལྷན་ཚོགས་སམ་རྒྱུན་ལས་ཀྱིས་དགོས་གལ་གཟིགས་ན། དཔྱ་དངུལ་དང་ངེས་ཅན་འབུལ་འབབ་གསར་དུ་འབུལ་འདོད་ཡོད་རིགས་ལ་དུས་བཀག་རྒྱས་བཅད་ཀྱིས་སྔ་མའི་འབུལ་ཆད་ཆག་ཡང་གནང་འཐུས།” ཞེས་གསལ་བ་བཞིན། ཆག་ཡང་དང་གསར་བཟོའི་གོ་སྐབས་ཤིག་སླར་ཡང་གནང་རྒྱུ་སྤྱི་སྒེར་གཉིས་ཀར་དགེ་ཕན་མཐོང་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་པ་སྤྱི་མོས་གཏན་འབེབ་གནང་སོང་།
གྲོས་ཆོད་གྲོས་འཆར་དེའི་ཐོག་སྤྱི་འཐུས་བཅུ་གྲངས་ཤིག་གིས་ཆ་ཤས་བླངས་ཏེ། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཡོངས་ལ་མཚོན་ན། དཔྱ་དངུལ་འབུལ་རྒྱུ་དེ་ནི་དངུལ་ཙམ་གྱི་གནད་དོན་མིན་པར། བོད་གཞིས་བྱེས་གཉིས་ཀྱི་ངོ་བོ་མཚོན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཚན་གནས་ལ་མི་རེ་ངོ་རེ་ངོས་ནས་ཆེ་མཐོང་དང་བརྩི་བཀུར་ཇི་ལྟར་བྱེད་བཞིན་པའི་གནད་དོན་དུ་གྱུར་ཡོད་སྐོར་དང་། དེ་བཞིན་དཔྱ་དངུལ་དེ་ནི་བོད་རྒྱལ་ཁབ་ཀྱི་མི་མང་ཡིན་པའི་རྣམ་པ་མཚོན་ཆེད་དང་། བོད་མི་རིགས་ཡིན་པའི་སྤོབས་པ་སྐྱེ་ཆེད་ཡིན་པར་བརྟེན། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་པ་ཡོངས་ཀྱིས་ཐེངས་འདིའི་དཔྱ་དངུལ་ཆག་ཡང་གི་གོ་སྐབས་ངེས་པར་དུ་དམ་འཛིན་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་སྦྲགས། དཔྱ་དངུལ་འབུལ་ཆད་ཀྱི་ལོ་དུས་ཀྱི་ཚད་དང་བསྡུ་རུབ་ཀྱི་དུས་ཡུན། དེ་བཞིན་རྒྱ་བལ་འབྲུག་གསུམ་ནང་དུའང་དཔྱ་དངུལ་འབུལ་བར་དཀའ་ངལ་འབྱུང་མཁན་ཡོད་པར་བརྟེན། མ་འོངས་པར་མིང་དང་སྐྱེས་ལོ་སྐྱེས་ཚེས་ནོར་བཅོས་དགོས་རིགས་སོགས་ལ་སྔར་ལས་དགོངས་བཞེས་ག་འདྲ་གནང་འཆར་ཡོད་མེད་སོགས་དོགས་འདྲི་གནང་སོང་།
གོང་གསལ་དོགས་འདྲི་ཁག་ལ་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་ནས་ལན་འདེབས་གསལ་བཤད་གནང་སྐབས། ད་ལན་གྱི་ཆག་ཡང་དེ་ག་དུས་ནས་ཆད་ཡོད་ན་དུས་དེ་ནས་བཟུང་རྩིས་ལོ་༢༠༢༢་་་༢༠༢༣ བར་གྱི་འབུལ་ཆད་ཚང་མར་བརྒྱ་ཆ་ ༩༠ ཆག་ཡང་དང་འཕྲོས་བརྒྱ་ཆ་ ༡༠ དོ་བདག་ནས་སྡེབ་འབུལ་ལམ་ཆ་བགོས་ཀྱིས་འབུལ་ཆོག་པ་མ་ཟད། དཔེར་ན། བོད་ནས་ཡོང་སྟེ་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་གང་ཙམ་བྱས་རྗེས། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་སྤོ་ཕྱིན་ཡོད་ཚེ། རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་ཀྱི་དུས་ཡུན་རིང་གི་འབུལ་ཆད་གནས་ཡུལ་དེ་རང་གི་དངུལ་འབབ་ལྟར་སྤྲོད་ཆོག་པ་དང་། དེ་བཞིན་ཕྱི་རྒྱལ་དུ་གནས་སྤོ་ཟིན་རྗེས་ཀྱི་དངུལ་འབབ་དེ་ལོགས་སུ་འབུལ་ཆོག་སྐོར། གཞན་ཡང་། དོ་བདག་ཕྱི་རྒྱལ་དུ་གནས་སྡོད་བྱེད་བཞིན་ཡོད་ཀྱང་རྒྱ་གར་གྱི་དངུལ་འབབ་སྤྲོད་མཁན་ཡོང་གི་ཡོད་པ་དེ་ཁྲིམས་སྒྲིག་དང་འགལ་གྱི་མེད་པར་བརྟེན། མ་འོངས་པར་དེ་རིགས་ཀྱིས་ཕྱི་རྒྱལ་གྱི་དངུལ་འབབ་རང་བྱས་ཏེ་ཧིན་སྒོར་ཕུལ་ན་ཆོག་པ་དང་། མིང་དང་སྐྱེས་ལོ་སྐྱེས་ཚེས་སོགས་བཟོ་བཅོས་དང་། གསར་བཟོ་གང་བྱེད་དགོས་ཀྱང་། དོ་བདག་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་གཞུང་འབྲེལ་ཡིག་ཆ་གཅིག་ཡོད་ཚེ་དེ་གཞིར་བཟུང་བཟོ་ཆོག་པ་སོགས་གསལ་བཤད་གནང་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན།