མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིའི་རིགས་ཀྱིས་འཇིག་རྟེན་འདི་ལ་དབང་བསྒྱུར་བྱེད་བཞིན་པའི་རྒྱུ་རྐྱེན་ཅི་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༢༣/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ལོ་རྒྱུས་ཀྱི་སློབ་དཔོན་ཆེན་མོ་ཡུ་བལ་ནོ་ཨ་ཧཱ་ར་རི་ཡིས་ཐྲིས་ཌིས་ལྷན་ཚོགས་སུ་༼མིའི་རིགས་ཀྱིས་འཇིག་རྟེན་འདི་ལ་དབང་བསྒྱུར་བྱེད་བཞིན་པའི་རྒྱུ་རྐྱེན་ཅི་ཡིན་ནམ་༽ཞེས་པའི་བརྗོད་གཞིའི་ཐོག་གནང་བའི་གཏམ་བཤད།

ཤིས་སྤྲིན་གྱིས་བོད་བསྒྱུར་བྱས།

མི་ལོ་སྟོང་ཕྲག་བདུན་གྱི་ཡར་སྔོན་དུ་ང་ཚོའི་མེས་པོ་རྣམས་ནི་དམིགས་བསལ་གྱི་ཁྱད་ཆོས་མེད་པའི་སྲོག་ཆགས་ཕལ་བ་ཞིག་ཡིན་པར་བརྟེན། གདོད་མའི་མི་ལ་རྒྱུས་ལོན་བྱེད་དགོས་པའི་གནད་དོན་གལ་ཆེ་ཤོས་ཤིག་ནི་ཁོང་རྣམས་ནི་དམིགས་བསལ་གྱི་ཁྱད་ཆོས་མེད་པའི་སྲོགས་ཆགས་ཕལ་བ་ཞིག་ཡིན་པ་སྟེ། འཇིག་རྟེན་འདིའི་ཐོག་གི་ཁོ་ཚོའི་ཤུགས་རྐྱེན་ནི་ཉ་དང་། སྲིན་འབུ་མེ་ཁྱེར། ཤིང་རྟ་མོ་སོགས་ལས་ཀྱང་ཆེ་བ་མེད། ད་ལྟའི་དུས་སུ་དེ་ལས་ལྡོག་སྟེ་ང་ཚོས་འཇིག་རྟེན་འདི་ལ་དབང་བསྒྱུར་བྱེད་བཞིན་ཡོད། དེའི་ཕྱིར། དྲི་བ་ཞིག་ནི། ང་ཚོ་གནས་དེ་ནས་འདི་རུ་ཇི་ལྟར་ཡོང་བ་ཡིན་ནམ། ཨ་ཧྥི་རི་ཁའི་ལུང་ཁུག་ཅིག་ནས་རང་ཉིད་ཀྱི་བྱ་བར་མགོ་འཁོར་བའི་སྤྲ་རིགས་ཕལ་བ་ཞིག་སའི་གོ་ལར་དབང་བསྒྱུར་བྱེད་མཁན་ཞིག་ཏུ་ཇི་ལྟར་གྱུར་བ་ཡིན་ནམ།

དུས་རྒྱུན་དུ་ང་ཚོས་སྒེར་གྱི་གནས་ཚད་ཅིག་གི་ཐོག་ནས་སྲོག་ཆགས་གཞན་དང་ང་ཚོའི་བར་གྱི་ཁྱད་པར་འཚོལ་ཞིབ་བྱེད་བཞིན་ཡོད། ང་ཚོས་རང་ཉིད་དང་། རང་ཉིད་ཀྱི་གཟུགས་ཕུང། རང་ཉིད་ཀྱི་ཀླད་པ་བཅས་ལ་དམིགས་བསལ་གྱི་ཁྱད་པར་ཞིག་ཡོད་པར་ཡིད་ཆེས་བྱེད་འདོད་ཡོད་ལ། དེ་ལ་བརྟེན་ནས་རང་ཉིད་ནི་ཁྱི་དང་། ཕག ཡང་ན། སྤྲ་ནག་སོགས་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་ཏུ་འགྱུར་དུ་བཅུག་པ་རེད། འོན་ཀྱང་། སྒེར་བའི་གནས་ཚད་ཅིག་གི་ཐོག་ནས་བརྗོད་ན་དོན་དངོས་ནི་ང་དང་སྤྲ་ནག་གཉིས་འདྲ་མཚུངས་ཡིན་པས་ངོ་ཚ་དགོས་པ་ཞིག་སྟེ། གལ་ཏེ་ཁྱོད་ཀྱིས་ང་དང་སྤྲ་ནག་གཉིས་ཁྲིད་ནས་གླིང་ཕྲན་ཆུང་ཆུང་ཞིག་གི་ནང་དུ་གཅིག་པུར་བཞག་སྟེ། ངེད་གཉིས་ཀྱིས་རང་གི་འཚོ་གནས་ཀྱི་ཆེད་དུ་ཧུར་བརྩོན་བྱས་ཏེ་འཚོ་བ་ལེགས་པར་རོལ་མཁན་དེ་སུ་ཡིན་མིན་ལ་བལྟ་རྒྱུ་ཡིན་ན། ངས་ཐེ་ཚོམ་མེད་པར་སྤྲ་ནག་གི་ཐོག་ཏུ་རྒྱན་འཇོག་རྒྱུ་ལས་རང་ཉིད་ཀྱི་ཐོག་ཏུ་རྒྱན་འཇོག་རྒྱུ་མིན། འོན་ཀྱང་། འདི་ནི་ང་རང་སྒེར་ངོས་ཀྱི་ནོར་འཁྲུལ་ཞིག་མ་ཡིན། ངས་ཚོད་དཔག་ཅིག་བྱས་ན། གལ་ཏེ་ཁོ་ཚོས་ཕལ་ཆེར་ཁྱེད་ཚོའི་ཁྲོད་ནས་མི་ཞིག་ཁྲིད་ནས་གླིང་ཕྲན་ཞིག་ཏུ་སྤྲ་ནག་ཅིག་དང་ལྷན་དུ་གཅིག་པུར་བཞག་པ་ཡིན་ན། སྤྲ་ནག་གིས་མི་དེ་ལས་ཀྱང་འཚོ་བ་ལེགས་པར་རོལ་ཐུབ།

མིའི་རིགས་དང་སྲོག་ཆགས་གཞན་བར་གྱི་ཁྱད་པར་ངོ་མ་དེ་སྒེར་གྱི་གནས་ཚད་ཅིག་གི་ཐོག་ནས་མིན་པར་ཐུན་མོང་གི་གནས་ཚད་ཅིག་གི་ཐོག་ནས་ཡིན་ཏེ། མིའི་རིགས་ནི་མི་ཚོགས་ཆེན་པོའི་ཐོག་ནས་སྟབས་བསྟུན་གྱིས་མཉམ་འབྲེལ་བྱེད་ཐུབ་མཁན་གྱི་སྲོགས་ཆགས་ཁོ་ན་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་སའི་གོ་ལར་དབང་བསྒྱུར་བྱེད་བཞིན་ཡོད། ད་ལྟ་ཚོགས་པ་ཧ་ཅང་ཆེན་པོའི་ཐོག་ནས་མཉམ་འབྲེལ་བྱེད་ཐུབ་མཁན་གྱི་སྦྲང་མ་དང་། གྲོག་མ་སོགས་འབུ་སྲིན་གྱི་ཚོགས་ལྟ་བུའི་སྲོག་ཆགས་གཞན་ཡང་ཡོད། འོན་ཀྱང་། དེ་དག་གིས་སྟབས་བསྟུན་གྱི་ཐོག་ནས་དེ་ལྟར་བྱེད་མི་ཐུབ་སྟེ། ཁོ་ཚོའི་མཉམ་འབྲེལ་ནི་ཧ་ཅང་དམ་པོ་ཡོད་མོད། གཞི་རྩའི་ཆ་ནས་སྦྲང་མའི་བྱེད་ལས་མངོན་ཐུབ་པའི་ཐབས་ཤེས་གཅིག་མ་གཏོགས་མེད། དེར་བརྟེན། གལ་ཏེ་གོ་སྐབས་གསར་བ་དང་ཉེན་ཁ་གསར་བ་ཞིག་དང་འཕྲད་པ་ཡིན་ན་སྦྲང་མས་མཚན་གཅིག་གི་རིང་ལ་སྦྲང་ཚོགས་ཀྱི་ལམ་ལུགས་བཅོས་སྒྲིག་བྱེད་མི་ཐུབ། དཔེར་ན། ཁོ་ཚོས་རྒྱལ་མོའི་ལས་འགན་ལྟ་བུ་བསྒྲུབ་མི་ཐུབ་ལ། སྦྲང་མའི་སྤྱི་མཐུན་རྒྱལ་ཁབ་ཅིག་གམ། ཡང་ན། སྦྲང་མའི་སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་དམར་ཤོག་ཚོགས་པ་ལྟ་བུ་ཞིག་འཛིན་སྐྱོང་བྱེད་མི་ཐུབ།

ད་དུང་འབུ་སྲིན་གྱི་ཚོགས་ལས་ཀྱང་སྟབས་བསྟུན་གྱིས་མཉམ་འབྲེལ་བྱེད་ཐུབ་མཁན་གྱི་སྤྱང་ཀི་དང་། གླང་ཆེན། མཚོ་ཕག སྤྲ་ནག་བཅས་ཏེ། འོ་འཐུང་གི་ཚོགས་ལྟ་བུའི་སྲོག་ཆགས་གཞན་ཡང་ཡོད་མོད། འོན་ཀྱང་། སྤྲ་ནག་གི་མཉམ་འབྲེལ་ནི་ཁོ་ཚོས་གཞན་གཅིག་ལ་ཤེས་བྱ་མཁོ་སྤྲོད་བྱེད་ཐུབ་པའི་འབྲེལ་ལམ་རྨང་གཞི་བྱས་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཁོ་ཚོས་ཚོགས་པ་ཆུང་ངུ་ཁོ་ནར་བརྟེན་ནས་མཉམ་འབྲེལ་བྱེད་ཐུབ་སྟེ། གལ་ཏེ་ང་ནི་སྤྲ་ནག་ཅིག་ཡིན་པ་གང་ཞིག་ལ། ཁྱོད་རང་ཡང་སྤྲ་ནག་ཅིག་ཡིན་པའི་དབང་དུ་བཏང་ན། ངས་ཁྱོད་དང་མཉམ་འབྲེལ་བྱེད་འདོད་ཡོད་པར་བརྟེན། ངས་སྒེར་ངོས་ནས་ཁྱེད་རང་ངོ་ཤེས་དགོས་བ་ཡིན། ཁྱོད་ནི་སྤྲ་ནག་གི་རིགས་གང་ཞིག་ཡིན་ནམ། ཁྱོད་ནི་སྤྲ་ནག་ཡག་པོ་ཞིག་ཡིན་ནམ། ཁྱོད་ནི་སྤྲ་ནག་ངན་པ་ཞིག་ཡིན་ནམ། ད་རུང་ཁྱོད་ནི་ཡིད་ཆེས་བྱེད་རིན་ཡོད་པ་ཞིག་ཡིན་ནམ། གལ་ཏེ་ངས་ཁྱོད་རང་ངོ་མ་ཤེས་ན། ངས་ཁྱོད་དང་མཉམ་འབྲེལ་ཇི་ལྟར་བྱེད་ཐུབ་བམ།

ནུས་པ་གཉིས་ཟུང་འབྲེལ་བྱས་ཏེ་སྟབས་བསྟུན་གྱི་སྒོ་ནས་མཉམ་འབྲེལ་བྱེད་ཐུབ་པར་མ་ཟད། ད་དུང་སྔར་བཞིན་ཚོགས་པ་ཧ་ཅང་ཆེན་པོ་ཞིག་གི་ཐོག་ནས་ཀྱང་དེ་ལྟར་བྱེད་ཐུབ་པའི་སྲོག་ཆགས་གཅིག་པུ་ནི་ང་ཚོ་དཔྱོད་ལྡན་མི་རེད། གཅིག་གི་ཁ་གཏད་དུ་གཅིག་དང་། ཐ་ན་བཅུའི་ཁ་གཏད་དུ་བཅུ་བྱས་བ་ཡིན་ནའང་སྤྲ་ནག་ནི་ང་ཚོ་ལས་སྟོབས་ཆེ་བ་ཡོང་སྲིད་མོད། འོན་ཀྱང་། གལ་ཏེ་ཁྱེད་ཚོ་མི་གཅིག་སྟོང་གིས་སྤྲ་ནག་གཅིག་སྟོང་ལ་ཁ་གཏད་བྱས་བ་ཡིན་ན། མི་ལ་རྒྱལ་ཁ་ཐོབ་སླ་བ་ཡིན། དེའི་རྒྱུ་མཚན་སྟབས་བདེ་ཤོས་ནི། སྤྲ་ནག་གཅིག་སྟོང་གིས་མཉམ་འབྲེལ་གཏན་ནས་བྱེད་མི་ཐུབ་པའི་རྐྱེན་གྱིས་རེད། དེར་བརྟེན། གལ་ཏེ་ད་ལྟ་ཁྱེད་ཚོས་ཐབས་བྱུས་གང་ཡོད་ལ་བརྟེན་ནས་སྤྲ་ནག་འབུམ་གཅིག་ཨོ་སི་ཧྥོར་ཌི་ (Oxford)སྲང་ལམ་མམ། ཡང་ན། ཝེ་མོ་བྷེལ་ (Wembley)ལུས་རྩལ་ར་བ། གནམ་སྡེ་སྒོ་མོའི་ཐང་ཆེན་། ཧྥན་ཐེན་ཡེ་ཤུའི་གདན་ས་གང་ཞིག་ཏུ་ཧམ་འཛུལ་བྱེད་དུ་བཅུག་ཚེ་ཕྱོགས་ཡོངས་ནས་ཟང་ཟིང་ཆེན་པོ་འབྱུང་ངེས། ཁྱོད་ཀྱིས་སྤྲ་ནག་འབུམ་གཅིག་ཡོད་པའི་ཝེ་མོ་བྷེལ་ལུས་རྩལ་ར་བར་བསམ་བློ་ཞིག་ཐོང་ད། ཕྱོགས་ཡོངས་ནས་སྨྱོ་ཟིང་ཆེན་པོ་ཞིག་རེད།

དེ་ལས་ལྡོག་སྟེ་མི་མང་འབུམ་གཅིག་རྒྱུན་ལྡན་ལྟར་མཉམ་གནས་བྱེད་བཞིན་ཡོད། ང་ཚོར་ཡོད་པ་ནི་ཧ་ཅང་ཞིབ་རྒྱས་དང་ནུས་བ་ལྡན་པའི་མཉམ་འབྲེལ་གྱི་འབྲེལ་ཐག་དེ་ཡིན། འགྲོ་བ་མིའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནས་གཏོར་གཟུགས་མཆོད་རྟེན་འཛུགས་བསྐྲུན་བྱས་བའམ། ཡང་ན་ཟླ་བའི་གོ་ལའི་ཐོག་ཏུ་འཕུར་སྐྱོད་བྱས་པའི་གྲུབ་འབྲས་གང་ཞིག་ཡིན་རུང་ཚང་མ་མི་སྒེར་བ་ཞིག་གི་ནུས་བ་ལ་བརྟེན་ནས་གྲུབ་པ་ཞིག་མིན་པར། མི་ཚོགས་ཆེན་པོའི་སྟབས་བསྟུན་མཉམ་འབྲེལ་གྱི་ནུས་བ་ལ་བརྟེན་ནས་གྲུབ་པ་ཞིག་ཡིན།

ཐ་ན་ད་ལྟ་ངས་བཤད་བཞིན་པའི་གཏམ་བཤད་འདི་ལ་བསམ་གཞིག་གནོངས་ད། ང་རང་ད་ལྟ་འདི་ན་མི་སུམ་བརྒྱ་བཞི་བརྒྱ་ཡས་མས་ཤིག་འཛོམས་ཡོད་པའི་ལྟད་མོ་བའི་མདུན་དུ་ལངས་ནས་བསྡད་ཡོད། ཁྱེད་ཚོ་མི་མང་ཆེ་བ་ངས་ངོ་མི་ཤེས་མཁན་ཤ་སྟག་ཡིན། དེ་བཞིན་ངས་ཀྱང་དངོས་གནས་ད་ལྟའི་ལས་རིམ་འདི་བཀོད་བསྒྲིགས་གནང་མཁན་དང་ལས་ཀ་བྱེད་མཁན་གྱི་མི་ཚང་མ་ངོ་མི་ཤེས་པ་མ་ཟད། ཁ་སང་ང་རང་འདིར་ལོན་ཊོན་ལ་ཁྲིད་ཡོང་མཁན་གྱི་གནམ་གྲུའི་ཁ་ལོ་བ་དང་གནམ་གྲུའི་ཐོག་གི་ལས་བྱེད་མི་སྣ་ཡོངས་རྫོགས་ངོ་མི་ཤེས། ངའི་སྐད་ཆ་སྒྲ་འཇུག་བྱེད་བཞིན་པའི་སྐད་སྦུག་འདི་དང་པར་ཆས་འདི་དག་གསར་གཏོད་དང་བཟོ་བསྐྲུན་བྱེད་མཁན་གྱི་མི་སྣ་ངོ་མི་ཤེས། མ་ཟད་ངས་ཐེངས་འདིའི་གླེང་མོལ་ལ་གྲ་སྒྲིག་གི་ཆེད་དུ་ཀློག་མྱོང་བའི་དཔེ་ཆ་དང་རྩོམ་ཡིག་ཚང་མའི་རྩོམ་པ་པོ་དེ་ཚོའང་ངོ་མི་ཤེས་ལ། དྲ་ཐོག་ནས་དང་། བྷེའེ་ནོ་སི་མཁའ་འགྲུལ་ལས་ཁུངས། ཡང་ན་ལྡི་ལིའི་ས་ཆ་གང་ཞིག་ཏུ་གཏམ་བཤད་འདི་ལ་ལྟ་ཉན་བྱེད་སྲིད་པའི་མི་ཚང་མ་ངས་ངོ་མི་ཤེས་པ་ནི་བརྗོད་མ་དགོས་པ་ཞིག་ཡིན།

ང་ཚོས་ཕན་ཚུན་ངོ་མི་ཤེས་པའི་དབང་དུ་བཏང་ནའང་། ང་ཚོས་འཇིག་རྟེན་འཕེལ་འགྱུར་བསྐོར་གྱི་ལྟ་ཚུལ་བསྐྲུན་རྒྱུའི་ཐོག་ལ་མཉམ་རུབ་ཀྱིས་ལས་དོན་བསྒྲུབ་ཐུབ། འདི་ནི་སྤྲ་ནག་གིས་བསྒྲུབ་མི་ཐུབ་པའི་ལས་དོན་ཞིག་རེད། ཁོ་ཚོས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་ཐུབ་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་ནའང་། ཁྱེད་ཀྱིས་ཐག་རིང་ན་གནས་བཅས་པའི་སྤྲ་ནག་གི་ཚོགས་སྡེ་ཁག་ཏུ་ངང་ལག་དང་གླང་ཆེན་སྐོར་རམ། དེ་མིན་ཁོང་ཚོར་སྤྲོ་བ་ཡོད་སྲིད་པའི་གླེང་མོལ་བྱེད་རྒྱུར་འགྲུལ་བཞུད་བྱེད་བཞིན་པའི་སྤྲ་ནག་ཅིག་གཏན་ནས་མཐོང་མི་ཐུབ། ད་ལྟ་མཉམ་འབྲེལ་ནི་དུས་དང་ནམ་པ་ཀུན་ཏུ་ཡག་པོ་ཞིག་ཡིན་པའི་ངེས་བ་མེད་པ་ནི་བརྗོད་མ་དགོས་བ་ཞིག་སྟེ། ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནས་མིའི་རིགས་ཀྱིས་འཇིགས་སུ་རུང་བའི་བྱ་བ་མང་པོ་བསྒྲུབས་མྱོང་ཡོད་པར་མ་ཟད། ང་ཚོས་ཀྱང་འཇིགས་སུ་རུང་བའི་བྱ་བ་ཁ་ཤས་བསྒྲུབས་མྱོང་ཡོད། བྱ་བ་དེ་དག་ཚང་མ་ཡང་གཞི་རྒྱ་ཆེ་བའི་མཉམ་འབྲེལ་ལ་བརྟེན་པ་རེད། བཙོན་ཁང་ནི་མཉམ་འབྲེལ་གྱི་ལམ་ལུགས་ཤིག་ཡིན་ཞིང་། བཤས་ར་ཡང་མཉམ་འབྲེལ་གྱི་ལམ་ལུགས་ཤིག་ཡིན། མ་ཟད་བཙོན་པའི་གསོག་སྒར་ཡང་མཉམ་འབྲེལ་གྱི་ལམ་ལུགས་ཤིག་ཡིན། འོན་ཀྱང་། སྤྲ་ནག་ལ་བཤས་ར་དང། བཙོན་ཁང་། བཙོན་པའི་གསོག་སྒར་སོགས་གང་ཡང་མེད།

ད་ལྟ་ངས་ཁྱོད་ཚོར་གོ་བརྡ་འཕྲོད་ཡོད་པའི་དབང་དུ་བཏང་ན། ང་ཚོས་འཇིག་རྟེན་ལ་དབང་བསྒྱུར་བྱེད་ཐུབ་པའི་རྒྱུ་མཚན་ནི་ང་ཚོས་སྟབས་བསྟུན་གྱི་སྒོ་ནས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་བྱེད་ཐུབ་པའི་རྐྱེན་གྱིས་རེད། ཉན་ཤེས་གནང་མཁན་ཞིག་གི་བསམ་བློའི་ནང་དུ་འཕྲལ་དུ་འཁོར་སྲིད་པའི་དྲི་བ་རྗེས་མ་ནི། ང་ཚོས་ཇི་ལྟར་ཚུལ་དེ་བཞིན་བྱེད་ཐུབ་བམ། ཅི་ཞིག་གིས་ང་ཚོར་སྲོག་ཆགས་ཚང་མ་མཉམ་འབྲེལ་བྱེད་ཐུབ་པའི་མཐུན་རྐྱེན་སྦྱོར་ཡོད་དམ། དྲིས་ལན་ནི་ང་ཚོའི་བསམ་པའི་སྣང་ཚུལ་ཡིན། ང་ཚོས་མི་རྒྱུས་མེད་གྲངས་ལས་འདས་པ་ཞིག་དང་སྟབས་བསྟུན་གྱི་སྒོ་ནས་མཉམ་འབྲེལ་བྱེད་ཐུབ། རྒྱུ་མཚན་གང་ཡིན་ཞེ་ན། ང་ཚོ་མི་ཁོ་ནས་འཇིག་རྟེན་འདིའི་སྟེང་སྲོག་ཆགས་ཚང་མར་རྟོག་སྒྲུང་གསར་རྩོམ་དང་དེ་ལ་ཡིད་ཆེས་གནང་ཐུབ་མཁན་གྱི་སྲོག་ཆགས་ཁོ་ན་ཡིན་པས་ཏེ། མི་ཚང་མས་རྟོག་སྒྲུང་གཅིག་ལ་ཡིད་ཆེས་གནང་བ་ཡིན་ན། ད་གཟོད་མི་ཚང་མས་སྒྲིག་སྲོལ་གཅིག་དང་། ཚད་གཞི་གཅིག རིན་ཐང་གི་ལྟ་བ་གཅིག་ལ་བརྩི་སྲུང་བྱས་ཏེ་རྗེས་སུ་འབྲང་བཞིན་ཡོད།

སྲོག་ཆགས་གཞན་ཚང་མས་རང་ཉིད་ཀྱི་མཉམ་འབྲེལ་ལམ་ལུགས་ལ་བརྟེན་ནས་དོན་དངོས་འགྲེལ་བརྗོད་བྱེད་བཞིན་ཡོད་དེ། སྤྲ་ནག་ཅིག་གིས། ལྟོས་དང་། དེ་ན་སེང་གེ་ཞིག་འདུག། ང་ཚོ་བྲོས་འགྲོ། ཡང་ན། ལྟོས་དང་། དེ་ན་ངང་ལག་གི་སྡོང་བོ་ཞིག་འདུག། ང་ཚོ་སོང་ནས་ངང་ལག་བཏོག་དགོས། ཞེས་བརྗོད་སྲིད། དེ་ལས་ལྡོག་སྟེ་མིའི་རིགས་ཀྱིས་རང་ཉིད་ཀྱི་སྐད་ཆ་བཀོལ་སྤྱོད་བྱས་ནས་དོན་དངོས་འགྲེལ་བརྗོད་བྱེད་པ་ཙམ་མ་ཡིན་པར། དོན་དངོས་ཀྱི་རྟོག་སྒྲུང་གསར་བ་ཞིག་བསྐྲུན་པ་རེད། དཔེར་ན། མི་ཞིག་གིས་ལྟོས་དང་། སྤྲིན་པའི་སྟེང་ན་དཀོན་མཆོག་ཅིག་ཡོད། ཅེས་བརྗོད་ཆོག་པར་མ་ཟད། གལ་ཏེ་ཁྱོད་ཀྱིས་ངའི་ལམ་སྟོན་ལྟར་བྱ་བ་མ་བསྒྲུབ་ན། ཤི་བའི་རྗེས་སུ་དཀོན་མཆོག་གིས་ཁྱོད་ལ་ཆད་པ་གཅད་ནས་དམྱལ་བར་བསྐྱལ་རྒྱུ་རེད། ཅེས་བརྗོད་ཆོག། དེར་བརྟེན། གལ་ཏེ་ངས་གསར་བཟོ་བྱས་པའི་གཏམ་རྒྱུད་འདི་ལ་ཁྱེད་ཚོ་ཚང་མས་ཡིད་ཆེས་བྱས་བ་ཡིན་ན། ད་གཟོད་ཁྱོད་ཀྱིས་རིན་ཐང་གི་ལྟ་བ་གཅིག་དང་། ཚད་གཞི་གཅིག སྒྲིག་ཁྲིམས་གཅིག་གི་རྗེས་སུ་འབྲང་ནས་མཉམ་འབྲེལ་བྱེད་ཆོག་པ་ཡིན། འདི་ནི་མིའི་རིགས་སུ་གྱུར་བ་ཁོ་ནས་མ་གཏོགས་བསྒྲུབ་མི་ཐུབ་པའི་བྱ་བ་ཞིག་ཡིན། ཁྱོད་ཀྱིས་ནམ་ཡང་སྤྲ་ནག་གིས་ཁྱོད་ལ་ངང་ལག་ཅིག་སྤྲོད་རྒྱུའི་ཁས་ལེན་བྱེད་དུ་འཇུག་མི་ཐུབ་སྟེ། ཁྱེད་རང་ཤི་བའི་རྗེས་སུ་རང་ཉིད་སྤྲ་ནག་གི་ལྷ་ཡུལ་དུ་འགྲོ་རྒྱུ་ཡིན། ཞེས་དང་། བྱ་བ་བཟང་པོའི་ཆེད་དུ་ངང་ལག་མང་པོ་མང་པོ་ཞིག་ཐོབ་ངེས་རེད། དེ་བས་ད་ལྟ་ང་ལ་ངང་ལག་འདི་སྟེར་རོགས། ཞེས་བརྗོད་ན། འདི་ལྟ་བུའི་གཏམ་རྒྱུད་ལ་སྤྲ་ནག་གིས་ཡིད་ཆེས་བྱེད་མི་སྲིད་མོད། མིའི་རིགས་སུ་གྱུར་བ་ཁོ་ནས་ད་གཟོད་གཏམ་རྒྱུད་འདིའི་རིགས་ལ་ཡིད་ཆེས་བྱེད་བཞིན་ཡོད། འདི་ནི་ང་ཚོས་འཇིག་རྟེན་ལ་དབང་བསྒྱུར་བྱེད་ཐུབ་པའི་རྒྱུ་རྐྱེན་ཡིན། སྐབས་དེར་སྤྲ་ནག་ནི་གཅན་གཟན་ར་བ་དང་ཞིབ་འཇུག་ཚོད་ལྟ་ཁང་དུ་བཀག་སྡོམ་བྱས་བཞག་ཡོད།

ད་ལྟ་ཁྱེད་ཀྱིས་ཆོས་ལུགས་ཀྱི་ཁྱབ་ཁོངས་ནས་མིའི་རིགས་ཀྱིས་དེ་ལྟ་བུའི་རྟོག་སྒྲུང་ལ་ཡིད་ཆེས་བྱས་བ་ལ་བརྟེན་ནས་མཉམ་འབྲེལ་བྱེད་རྒྱུ་ནི་དང་ལེན་བྱེད་ཐུབ་པ་ཞིག་ཡིན་པ་རྟོགས་ཐུབ་སྟེ། ཡི་ཤུའི་ལྷ་ཁང་ཆེན་མོའམ། ཁ་ཆེའི་ལྷ་ཁང་འཛུགས་བསྐྲུན་བྱེད་རྒྱུ་དང་། ཡང་ན། སེར་དམག་གམ་ཁ་ཆེའི་གཡུལ་འཁྲུག་ཁྲོད་དུ་འཐབ་འཛིང་བྱེད་རྒྱུར་མི་མང་འབུམ་ཕྲག་ཁ་ཤས་མཉམ་འཛོམས་བྱེད་བཞིན་ཡོད། རྒྱུ་མཚན་ནི་ཁོ་ཚོ་ཚང་མས་དཀོན་མཆོག་དང་། ལྷ་ཡུལ། དམྱལ་བ་བཅས་ཀྱི་གཏམ་རྒྱུད་གཅིག་མཚུངས་ལ་ཡིད་ཆེས་བྱེད་བཞིན་ཡོད་པས་རེད། འོན་ཀྱང་། ང་རང་གིས་ནན་བཤད་བྱ་དགོས་པ་ཞིག་ནི། ཕྱོགས་ཡོངས་ནས་གཅིག་མཚུངས་ཡིན་པའི་ཆ་ལག་གྲུབ་ཚུལ་ནི་ཆོས་ལུགས་ཀྱི་ཁྱབ་ཁོངས་ཙམ་མ་ཡིན་པར། མང་ཚོགས་ཀྱིས་མཉམ་འབྲེལ་བྱེད་པའི་རྣམ་པ་གཞན་ཚང་མའི་རྨང་གཞིའི་ཐོག་ནས་གྲུབ་པ་ཞིག་ཡིན།

ཁྲིམས་ཀྱི་ཁྱབ་ཁོངས་ལ་དཔེ་བཞག་ནས་བརྗོད་ན། དེང་སྐབས་འཛམ་གླིང་ཐོག་གི་ཁྲིམས་ཀྱི་ལམ་ལུགས་མང་ཆེ་བ་ནི་འགྲོ་བ་མིའི་ཐོབ་ཐང་ལ་ཡིད་ཆེས་བྱས་པའི་རྨང་གཞིའི་ཐོག་ནས་བཟོས་པ་ཞིག་ཡིན། འོན་ཀྱང་། འགྲོ་བ་མིའི་ཐོབ་ཐང་ནི་ཅི་ཞིག་ཡིན་ནམ། འགྲོ་བ་མིའི་ཐོབ་ཐང་ནི་དཀོན་མཆོག་དང་ལྷ་ཡུལ་བཞིན་དུ་ང་ཚོས་གསར་གཏོད་བྱས་པའི་གཏམ་རྒྱུད་ཅིག་སྟེ། དེ་དག་ནི་ཕྱིའི་ཡུལ་གྱི་དོན་དངོས་ཤིག་མིན་པར་མ་ཟད། དེ་དག་ནི་དཔྱོད་ལྡན་མི་ལ་ཐེབས་བཞིན་པའི་སྐྱེ་དངོས་ཀྱི་ཤུགས་རྐྱེན་ཁག་ཀྱང་མིན། དེ་བས་མི་ཞིག་ཁྲིད་ནས་གཤེག་བཅོས་བྱས་ཏེ་ཁོག་ལ་བལྟས་བ་ཡིན་ན། ཁྱོད་ཀྱིས་སྙིང་དང་། མཁལ་མ། དབང་རྩ། རྨེན་བུའི་སྐུལ་རྒྱུ་བཅས་རྙེད་ངེས་ཡིན་མོད། འོན་ཀྱང་། ཁྱོད་ཀྱིས་ཐོབ་ཐང་གང་ཡང་རྙེད་མི་ཐུབ། ཁྱེད་ཀྱིས་ཐོབ་ཐང་རྙེད་སའི་ས་ཆ་གཅིག་པུ་ནི་ང་ཚོས་ཉེ་བའི་དུས་རབས་འགའི་ནང་གསར་གཏོད་དང་ཁྱབ་སྤེལ་བྱས་པའི་གཏམ་རྒྱུད་དེ་ཡིན་ཞིང་། དེ་དག་ནི་ཧ་ཅང་བཟང་ཕྱོགས་ཀྱི་གཏམ་རྒྱུད་ཡག་པོ་ཞིག་ཡིན་སྲིད་མོད། འོན་ཀྱང་། དེ་དག་ནི་སྔར་བཞིན་ང་ཚོས་གསར་གཏོད་བྱས་པའི་རྟོག་སྒྲུང་གི་ངོ་བོར་གནས་ཡོད།

ཆབ་སྲིད་ཁྱབ་ཁོངས་ཀྱི་དོན་དངོས་ཀྱང་དེ་ལྟར་ཡིན་ཏེ། དེང་གི་ཆབ་སྲིད་ཀྱི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ནི་རྒྱལ་ཁབ་དང་མི་རིགས་ཡིན། འོན་ཀྱང་། རྒྱལ་ཁབ་དང་མི་རིགས་ནི་ཅི་ཞིག་ཡིན་ནམ། རྒྱལ་ཁབ་དང་མི་རིགས་ནི་ཕྱིའི་ཡུལ་གྱི་དོན་དངོས་ཤིག་མ་ཡིན། རི་བོ་ནི་ཕྱིའི་ཡུལ་གྱི་དོན་དངོས་ཤིག་ཡིན་ཏེ། ཁྱོད་ཀྱིས་མཐོང་ཐུབ་པ་དང་། རེག་ཐུབ་པ། ཐ་ན་དྲི་མ་ཡང་ཚོར་ཐུབ། འོན་ཀྱང་། ཨེ་ཟིལ་རལ་དང་། ཨེ་རན། ཧྥ་རན་སི། འཇར་མན་ལྟ་བུའི་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་ནི་ང་ཚོས་གསར་བཟོ་བྱས་ཏེ་ཞེན་ཆགས་ཧ་ཅང་ཆེན་པོ་བྱས་པའི་གཏམ་རྒྱུད་ཅིག་རེད།

དཔལ་འབྱོར་ཁྱབ་ཁོངས་ཀྱི་དོན་དངོས་ཀྱང་དེ་ལྟར་ཡིན་ཏེ། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་ཁྲོད་ཀྱི་ཆེས་གལ་ཆེ་བའི་ལས་བྱེད་མཁན་ནི་ཁེ་ལས་བཟོ་ཚོང་ཁང་དང་ལྷན་ཚོགས་ཡིན། ཁྱེད་ཚོའི་ཁྲོད་ནས་མི་མང་པོ་ཞིག་གིས་རྒོའོ་རྒོལ་དང་། ཁྲོ་ཡོ་ཁྲ། ཡང་ན། མེ་ཁི་སྒྲོ་ནལ་སྒྲེ་ལྟ་བུའི་ཁེ་ལས་བཟོ་ཚོང་ཁང་དུ་ལས་ཀ་གཉེར་བཞིན་ཡོད་སྲིད། དེ་དག་ནི་ཡང་སྙིང་ཅི་ཞིག་ཡིན་ནམ། དེ་དག་ནི་ཁྲིམས་རྩོད་པས་བཤད་པའི་ཁྲིམས་ཀྱི་རྟོག་སྒྲུང་ཙམ་རེད། དེ་དག་ནི་ང་ཚོས་ཁྲིམས་རྩོད་པར་འབོད་པའི་ངན་སྔགས་མཁན་རྣམས་ཀྱིས་གསར་གཏོད་དང་སྲུང་སྐྱོང་བྱས་པའི་གཏམ་རྒྱུད་ཅིག་རེད། དེ་བས་ལྷན་ཚོགས་དེ་དག་གིས་ཉིན་གང་བོར་ལས་དོན་ཅི་ཞིག་སྒྲུབ་བཞིན་ཡོད་དམ། དེ་དག་མང་ཆེ་བས་སྒོར་མོ་གསོག་བསྒྲུབ་བྱེད་བཞིན་ཡོད་མོད། འོན་ཀྱང་། སྒོར་མོ་ནི་ཅི་ཞིག་ཡིན་ནམ། ཡང་ཅིག་བཤད་ན། སྒོར་མོ་ནི་ཕྱིའི་ཡུལ་གྱི་དོན་དངོས་ཤིག་མིན་ལ། དེ་ལ་ཕྱིའི་ཡུལ་གྱི་རིན་ཐང་གང་ཡང་མེད། མདོག་ལྗང་ཁུ་ཡིན་པའི་ཤོག་བུ་འདི་འཛིན་རོགས། འདི་ཨ་སྒོར་རེད། ལྟོས་དང་། འདི་ལ་རིན་ཐང་གང་ཡང་མེད། འདི་ནི་ཁྱེད་ཀྱིས་ཟ་མི་རུང་བ་དང་། འཐུང་མི་རུང་བ། གྱོན་མི་རུང་བ་བཅས་ཡིན། འོན་ཀྱང་། རྗེས་སུ་དངུལ་ཁང་ཆེན་པོའི་བདག་པོ་དང་། དཔལ་འབྱོར་བློན་ཆེན། སྲིད་བློ་ལྟ་བུའི་གཏམ་རྒྱུད་སྨྲ་བ་གཙོ་བོ་དེ་ཚོ་ལ་ཐུག་པ་ཡིན་ཞིང་། ཁོང་ཚོས་ང་ཚོར་བློ་འགུག་གི་ནུས་པ་ཧ་ཅང་ཆེན་པོ་ལྡན་པའི་གཏམ་རྒྱུད་འདི་ལྟར་འཆད་ངེས་ཏེ། ལྟོས་དང་། ཁྱོད་ཀྱིས་ལྗང་མདོག་གི་ཤོག་བུ་འདི་མཐོང་མྱོང་ངམ། དོན་དངོས་སུ་དེ་ནི་ངང་ལག་བཅུ་ཡི་རིན་འབབ་རེད། དེར་བརྟེན། གལ་ཏེ་ང་རང་གིས་དེ་ལ་ཡིད་ཆེས་བྱས་བར་མ་ཟད། ཁྱོད་རང་གིས་ཀྱང་དེ་ལ་ཡིད་ཆེས་བྱས། ད་དུང་མི་ཚང་མས་ཀྱང་དེ་ལ་ཡིད་ཆེས་བྱས་བ་ཡིན་ན་དོན་དངོས་སུ་ནུས་བ་ཐོན་ཐུབ་པ་རེད། ངས་རིན་ཐང་སྤུ་ཙམ་ཡང་མེད་པའི་ཤོག་བུ་འདི་ཁྱེར་ནས་སྣ་འཛོམས་ཚོང་ཁང་དུ་ཕྱིན་ཏེ་སྔར་མཐོང་མ་མྱོང་བའི་མི་ཆ་མེད་ཅིག་ལ་སྤྲད་ཆོག་པ་མ་ཟད། བརྗེ་ལེན་བྱས་ཏེ་དངོས་སུ་ཟ་རུང་བའི་ངང་ལག་ངོ་མ་ཐོབ་ཐུབ་པ་ཡིན། འདི་ནི་ཡ་མཚན་པའི་བྱ་བ་ཞིག་རེད། ཁྱེད་ཀྱིས་ནམ་ཡང་སྤྲ་ནག་དང་མཉམ་དུ་བྱ་བ་འདི་བསྒྲུབ་མི་ཐུབ། སྤྲ་ནག་གི་ཉོ་ཚོང་ནི་ཁྱོད་ཀྱིས་ང་ལ་བེ་ཏའི་འབྲས་བུ་ཞིག་བྱིན་པ་ན། ངས་ཁྱོད་ལ་ངང་ལག་ཅིག་བྱིན། དེ་ལྟར་བྱས་ན་ད་གཟོད་ནུས་བ་ཐོན་པ་ཡིན། འོན་ཀྱང་། ཁྱོད་ཀྱིས་ང་ལ་རིན་ཐང་མེད་པའི་ཤོག་བུ་ཞིག་བྱིན་པ་ཡིན་ན། ངས་ཁྱོད་ལ་ངང་ལག་ཅིག་སྟེར་རྒྱུའི་རེ་བ་བྱེད་རྒྱུ་ཡིན་ནམ། མི་སྲིད། ཁྱོད་ཀྱིས་བསམ་ན་ང་ནི་ཅི་ཞིག་ཡིན་ནམ། མི་ཞིག་ཡིན་ནམ།

དོན་དངོས་སུ་སྒོར་མོ་ནི་མི་ཚང་མས་ཡིད་ཆེས་བྱེད་སའི་གཏམ་རྒྱུད་ཁོ་ན་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་དེ་ནི་མིའི་རིགས་ཀྱིས་གསར་གཏོད་དང་བཤད་མྱོང་བའི་རྒྱལ་ཁའི་གཏམ་རྒྱུད་ཅིག་རེད། མི་ཚང་མས་དཀོན་མཆོག་ལ་ཡིད་ཆེས་མི་བྱེད་ལ། མི་ཚང་མས་འགྲོ་བ་མིའི་ཐོབ་ཐང་ལ་ཡིད་ཆེས་མི་བྱེད། མི་ཚང་མས་མི་རིགས་རིང་ལུགས་ལ་ཡིད་ཆེས་མི་བྱེད། འོན་ཀྱང་། མི་ཚང་མས་སྒོར་མོའམ་ཨ་སྒོར་ལ་ཡིད་ཆེས་བྱེད་བཞིན་ཡོད། ཐ་ན་ཨོ་སཱ་མ་བྷིན་ལ་ཊིན་ལ་མཚོན་ནའང་དེ་བཞིན་ཏེ། ཁོས་ཨ་རིའི་ཆབ་སྲིད་དང་། ཨ་རིའི་ཆོས་ལུགས། ཨ་རིའི་རིག་གཞུང་བཅས་ལ་འཁོན་འཛིན་ཆེན་པོ་བྱེད་བཞིན་ཡོད་མོད། འོན་ཀྱང་། ཁོས་ཨ་སྒོར་ལ་དགག་པ་རྒྱག་མྱོང་མེད་པར་མ་ཟད། ཁོ་རང་དངོས་སུ་ཨ་སྒོར་ལ་ཧ་ཅང་ཡིད་ཆེས་ཡོད།

མཐའ་སྡོམ་དུ་། ང་ཚོ་མིའི་རིགས་ཀྱིས་འཇིག་རྟེན་འདི་ལ་དབང་བསྒྱུར་བྱེད་བཞིན་པའི་རྒྱུ་མཚན་ནི་ང་ཚོ་དོན་དངོས་གཉིས་ལྡན་ཞིག་ཏུ་འཚོ་བ་རོལ་བཞིན་ཡོད་པས་རེད། སྲོག་ཆགས་གཞན་ཚང་མ་ཕྱིའི་ཡུལ་གྱི་དོན་དངོས་སུ་འཚོ་བ་རོལ་བཞིན་ཡོད་ལ། ཁོ་ཚོའི་ཕྱིའི་ཡུལ་གྱི་དོན་དངོས་ནི་གཙང་པོ་དང་། ཤིང་སྡོང་། སེང་གེ། གླང་ཆེན་ལྟ་བུའི་ངོ་བོར་གནས་ཡོད། ང་ཚོ་མིའི་རིགས་ཀྱང་ཕྱིའི་ཡུལ་གྱི་དོན་དངོས་སུ་འཚོ་བ་རོལ་བཞིན་ཡོད། ང་ཚོའི་འཇིག་རྟེན་དུ་ཡང་གཙང་པོ་དང་། ཤིང་སྡོང་། སེང་གེ། གླང་ཆེན་བཅས་ཀྱང་ཡོད་པ་ཡིན། འོན་ཀྱང་། དུས་རབས་འགའི་རིང་ལ་ང་ཚོས་ཕྱིའི་ཡུལ་གྱི་དོན་དངོས་འདིའི་ཡང་རྩེ་ནས་རྒྱལ་ཁབ་དང་། དཀོན་མཆོག དངུལ་སྒོར། ལྷན་ཚོགས་ལྟ་བུའི་རྟོག་བཟོའི་དོན་དངོས་ཤིག་གི་བང་རིམ་གཉིས་པ་ཞིག་བཙུགས་པ་རེད། ཡ་མཚན་དགོས་པ་ཞིག་ནི། ལོ་རྒྱུས་ཀྱི་འཕེལ་རིམ་དང་བསྟུན་ནས་རྟོག་བཟོའི་དོན་དངོས་འདི་ཉི་མ་རེ་རེར་སྟོབས་ལྡན་དུ་གྱུར་མཐར། དེང་སྐབས་འཇིག་རྟེན་འདིའི་ཐོག་ཏུ་ཆེས་སྟོབས་ཤུགས་ཆེ་བ་ནི་རྟོག་བཟོའི་གནས་ལུགས་དུ་གྱུར་བསྡད་ཡོད། ད་ལྟ་གཙང་པོ་དང་། ཤིང་སྡོང་། སེང་གེ། གླང་ཆེན་བཅས་ཀྱི་འཚོ་གནས་ནི་ང་ཚོའི་བསམ་པའི་སྣང་ཚུལ་ཙམ་དུ་གནས་པའི་ཨ་རི་དང། རྒོའོ་རྒོལ། རྒྱལ་སྤྱིའི་དངུལ་ཁང་ལྟ་བུའི་རྟོག་བཟོའི་གནས་ལུགས་ཀྱི་ཐག་གཅོད་དང་འདོད་བློ་ལ་བརྟེན་བསྡད་ཡོད།

མ་རྩོམ་གྱི་འབྲེལ་ཐག https://singjupost.com/why-humans-run-the-world-by-yuval-noah-harari-at-ted-transcript/?singlepage=1

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese