༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ན་གཞོན་གཙོ་འཛིན་སྒྲིག་འཛུགས་ཀྱི་ཚོགས་མི་ ༩༥ ལ་བཀའ་སློབ་བསྩལ།
དེ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་གང་སར་གནས་པའི་ན་གཞོན་གཙོ་འཛིན་གྱི་སྒྲིག་འཛུགས་ (Young Presidents’ Organization) ཀྱི་བྷེང་ལོར་ (Bangalore) དང་ལྡི་ལི་ (Delhi)། ཧྥི་ལི་ཕིན་ (Philippies)། སིངྒ་པོར་ (Singapore)། ལྷོ་ཤར་ཨེ་ཤ་ཡ་ (Southeast Asia) སོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༢ ནས་མི་གྲངས་ ༩༥ ལ་བཀའ་སློབ་སྩལ་བ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་ལེན་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། རྒྱ་གར་དུ་ལོ་ངོ་སྟོང་ཕྲག་སྔོན་ནས་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་ལེན་དར་སྲོལ་བྱུང་ཡོད་སྐོར། ད་དུང་དངུལ་དང་སྟོབས་ཤུགས་ཀྱིས་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་ཉོ་ཐབས་མེད་པར་བྱམས་བརྩེའི་ཉམས་ལེན་དང་འཚེ་མེད་ཞི་བའི་ཐབས་ལམ་ལ་བསྟེན་ནས་ཐོབ་དགོས་སྐོར་སོགས་གསུངས་ཡོད་འདུག
ཡང་༧མགོན་པོ་གང་ཉིད་མཆོག་གིས། ངོས་རང་བོད་བྱང་ཤར་དུ་འཁྲུངས་ཤིང་། སྐུ་ན་གཞོན་པའི་དུས་སུ་འཁྲུངས་ཡུལ་དུ་རྒྱ་ཁ་ཆེའི་ཕྲུ་གུ་མཐོང་རྒྱུ་ཡོད་པ་དང་། ཁོང་ཚོ་དང་མཉམ་དུ་རྩེད་མོར་རོལ་སྐབས་མི་རིགས་དང་ཆོས་ལུགས་ཀྱི་དབྱེ་བ་མེད་སྐོར་དང་། སྐབས་དེར་ཟི་ལིང་ཁུལ་དུ་དབང་བསྒྱུར་མཁན་མཱ་པུའུ་ཧྥང་གིས་སྐུ་ན་གཞོན་པའི་ལྷ་མོ་དོན་གྲུབ་མཆོག་ཕྲུ་གུ་གཞན་དང་མི་འདྲ་བར་སྤྱན་དང་རྣམ་རིག་ཁྱད་པར་བ་ཞིག་ཡོད་པ་མཐོང་སྟེ། དེ་སྐབས་ཀྱི་བོད་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་དུ་རྩད་མ་ཆོད་གོང་ནས་བྱིས་པ་ལྷ་མོ་དོན་གྲུབ་དེ་ཉིད་རྒྱལ་བ་སྐུ་གོང་མའི་ཡང་སྲིད་ཡིན་པ་ཚོད་དཔག་བྱུང་ཡོད་སྐོར་དང་། ཡང་སྲིད་ངོས་འཛིན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཆིབས་བསྒྱུར་བསྐྱངས་ཤིང་། གསན་བསམ་སློབ་གཉེར་གནང་བ་ནས་བཙན་བྱོལ་དུ་ཕེབས་པའི་ལོ་རྒྱུས་སོགས་ལ་དྲན་གསོ་གནང་ཡོད་འདུག
ཡང་༧ཁོང་གིས། བྱིས་པ་ལ་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་པའི་དབྱེ་འབྱེད་མེད་ཀྱང་། དེང་རབས་ཤེས་ཡོན་སྦྱང་པའི་གོ་རིམ་ནང་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་སོགས་ཀྱི་དབྱེ་འབྱེད་མང་པོ་ཡོང་གི་ཡོད་སྐོར་དང་། འགྲོ་བ་མི་ཚང་མར་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་པ། དེ་བཞིན་མི་ཚེ་བདེ་སྐྱིད་ཀྱི་ངང་ཇི་ལྟར་སྡོད་པའི་ངར་འཛིན་ཉུང་དུ་གཏོང་དགོས་སྐོར་དང་། མི་ཚེའི་སྙིང་པོ་ཅི་ཞིག་ཡིན་པ་སོགས་ལ་བཀའ་ལན་སྩལ་བ་དང་། རང་ཤས་ཆེས་དྲགས་ནས་རང་སྲོག་གཅོད་པའང་འབྱུང་སྲིད་པར་བརྟེན། སློབ་སྦྱོང་གི་ཤེས་ཚད་ལེགས་པོ་དང་མཉམ་དུ་གཞན་ཕན་གྱི་བསམ་བློ་དགོས་རྒྱུ་རྒྱུ་གལ་ཆེན་ཡིན་སྐོར། མགོན་པོ་གང་ཉིད་མཆོག་གིས་སྐུ་ཚེ་གང་བོར་གཞན་ཕན་ཆེད་དགོངས་བཞེས་གནང་བར་བརྟེན། དེ་ལ་ཚོར་བ་གང་ཞིག་ཡོད་པ་བཀའ་འདྲི་ཞུས་པར། དཔལ་ནཱ་ལེནྡྲའི་རྗེས་འཇུག་དང་བྱང་ཆུབ་ཀྱི་སེམས་ཉམས་ལེན་གཙོ་བོར་གནང་གི་ཡོད་པ་དང་དེའི་ཉམས་མྱོང་གི་རྨང་གཞི་གང་འཚམས་གཏིང་ཡོད་པ་ཡིན་པས་ས་ལམ་རིམ་གྱིས་བགྲོད་དེ་མཐར་སངས་རྒྱས་ཀྱི་གོ་འཕང་ལ་ཐོབ་རྒྱུ་ཡིན་སྐོར་སོགས་བཀའ་ལན་སྩལ་འདུག
གསར་འགོད་པ་བསྟན་འཛིན་ཕུར་བུས་རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་ནས་བླངས།