རྒྱ་ནག་གཞུང་གིས་བོད་རིགས་དཔོན་པོ་ཕུན་ཚོགས་དང་རྡོ་རྗེ་ནོར་བུ། དབང་འདུས་སོགས་བོད་ཁུལ་གྱི་དཔོན་རིགས་ཁག་ཅིག་ལ་ལྐོག་རྔན་བླངས་བ་སོགས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་ཐོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག
ཉེ་ལམ་རྒྱ་ནག་གཞུང་གིས་ཕྱི་ལོ ༢༠༢༣ ལོའི་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི“ལྕགས་ཀྱི་ཁུ་ཚུར”བྱ་སྤྱོད་ཀྱི་ཁྲིམས་འགལ་གྱོད་གཞིའི་ཁུངས་སྣེ་བསྡུ་རུབ་ཅེས་པའི་ཡོངས་ཁྱབ་བརྡ་ཐོ་ཞིག་བཀྲམས་ཏེ། བོད་ཁུལ་དུ་ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་ ༡༠ ཟེར་བ་རྣམས་མཐོང་ཚེ་ཐད་ཀར་ཐེར་འདོན་བྱ་དགོས་སྐོར་བསྒྲགས་པ་ལྟར། ཟླ་འདིའི་ཕྱི་ཚེས ༡༠ ཉིན་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་རིས་ས་ཁུལ་གྱི་མགོ་འཁྲིད་གཞོན་པ་ཕུན་ཚོགས་དང་། བོད་ལྗོངས་མཁའ་ལམ་མ་རྐང་ཚད་ཡོད་ཚོང་གཉེར་ཁང་གི་འགན་འཛིན་གཞོན་པ་རྡོ་རྗེ་ནོར་བུ། ཉིང་ཁྲི་གྲོང་ཁྱེར་གྱི་དམར་ཤོག་དྲུང་གཞོན་ཟུར་པ་དབང་འདུས། དེ་བཞིན། མཚོ་སྔོན་ཞིང་ཆེན་མཚོ་དོན་ཁང་གི་འགན་འཛིན་གཞོན་པ་ཟུར་པ་ལི་ཡན་ཅིང་དང་། མཚོ་སྔོན་ཞིང་ཆེན་གྱི་ཁྲེང་མིང་ཅན་གྱི་མགོ་འཁྲིད་གཞན་ཞིག་བཅས་ཀྱིས། ལྐོག་རྔན་བླངས་བ་དང་། སྒྲིག་ལམ་དང་འགལ་ནས་རྩ་འཛུགས་ལ་སྒེར་གྱི་འབྲེལ་ཡོད་གནས་ཚུལ་དངོས་སྙན་ཞུ་བྱས་མེད་པ། སྤྱོད་གཙང་གི་སྒྲིག་ལམ་དང་འགལ་ཞིང་ལས་གནས་ཀྱི་སྟབས་བདེར་བརྟེན་ནས་ཁེ་གཉེར་བྱེད་སྒོ་སྤེལ་བ་སོགས་ཀྱི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག
དེ་བཞིན། ཉེ་སྔོན་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གི་དུག་འགོག་རུ་ཁག་ཟེར་བས་གྲོང་ཁྱེར་ཡོངས་ཀྱི་བོགས་གཏོང་ཁང་དང་མགྲོན་ཁང་ ༡༨༠ ལྷག་དང་། རོལ་རྩེད་ཁང་ ༦༠ ལྷག་ནང་ཞིབ་བཤེར་བྱས་ཡོད་ལུགས་དང་། དུག་འགོག་ཉེས་དོན་དང་འབྲེལ་བའི་མི་གྲངས་ ༡༣ སྡེབ་གཅིག་ཏུ་འཛིན་བཟུང་བྱས་ཡོད་ལུགས་བརྗོད་འདུག
ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་རྒྱ་ནག་གཞུང་ཕྱོགས་ཀྱི་གསར་ལམ་དུ། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་རྒྱལ་ཡོངས་སུ་ཞིང་ལས་ཁོ་ནའི་ཉེས་དོན་ཚབས་ཆེན་ ༩༠༠ ལྷག་རྩད་ཆོད་དེ་རིན་ཐང་རྒྱ་སྒོར་དུང་ཕྱུར་ ༢༦ ལྷག་ཟིན་ཡོད་པ་དང་། ཉེས་ཅན་ ༡༩༠༠ ལྷག་འཛིན་བཟུང་བྱས་ཡོད་སྐོར་དང་། ཉེས་དོན་རྩད་གཅོད་ཁྲོད་མི་དམངས་ཉེན་རྟོག་པ་ ༣༠༨ ཀྱིས་ཚེ་སྲོག་ཤོར་ཡོད་པ་དང་། དེའི་ནང་བོད་རང་སྐྱོང་ལྗོངས་ཁོངས་ནས་མི་དམངས་ཉེན་རྟོག་པ་བསྟན་འཛིན་ནོར་འཕེལ་དང་། ཐོགས་མེད་དབང་འདུས། ཕུན་ཚོགས་དར་རྒྱས། ཙོའུ་དབྱང་། ཉི་མ་དོན་གྲུབ། ཚེ་རིང་རྒྱ་མཚོ། ཀྲང་ཅིན་ཤིན། ཁྲེན་ཧྭ་ཞན། ཀྲོའུ་ཧྲི་ཅུན་མི་ ༩ ཡོད་ལ། ཁོང་ཚོ་ནི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་མཆོང་བྱེད་མཁན་ཡིན་ལུགས་བརྗོད་འདུག
གཞན་ཡང་། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་གཞོན་པ་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཁང་གི་འགན་འཛིན་ཟུར་པ་ཚུའེ་མའོ་ཧུའུ་ཞེས་པ་ཞིག་དང་། རྒྱ་ནག་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཀང་གི་མགོ་འཁྲིད་གཞོན་པ་ཏུའུ་ཀྲའོ་ཚའེ། ནང་སོག་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ཡོད་པའི་རྒྱ་ནག་དངུལ་ཁང་གི་འགན་འཛིན་གཞོན་པ་ཟུར་པ་ཀའོ་ཙུང་ཧྲེང་ཞེས་པ་སོགས་ལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་སྟབས། ད་ལྟ་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཞིབ་འཇུག་བྱེད་བཞིན་ཡོད་འདུག་ལ། ཉེ་སྔོན་ནས་བཟུང་རྒྱ་ནག་རྒྱལ་ཡོངས་སུ་ཁྲིམས་འགལ་གྱོད་གཞིའི་ཁུངས་སྣེ་བསྡུ་རུབ་ཅེས་པའི་མིང་ཐོག་ནས་དབུས་སའི་དཔོན་རིགས་དང་། ལས་བྱེད་མང་པོར་འཛིན་བཟུང་འདྲི་རྩད་བྱེད་བཞིན་ཡོད་འདུག་ལ། བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ནང་བོད་མི་ཧ་ཅང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་ཁར། གོང་རིམ་གྱི་བཀའ་བཀོད་བཙན་པོ་དང་ལས་འགན་ལྕི་མོ་མ་ཐེག་པར་རྩ་དགོངས་ཞུ་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་འདུག ཉེ་སྔོན་བོད་ནས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་ཡོད་པའི་ཆུ་ཤུར་རྫོང་ཉེན་རྟོག་ཁང་གི་བོད་རིགས་ལས་བྱེད་ཉི་མ་དང་ཀརྨ་མཚོ་མོ་གཉིས་ཀྱིས་རྩ་དགོངས་ཞུས་ཡོད་པ་དང་། དེ་བཞིན་ཆུ་ཤུར་རྫོང་ཡུལ་ཤོག་ ༣ པའི་མགོ་འཁྲིད་དཔལ་གྲགས་དང་། ཁོའི་ལས་རོགས་ཡི་དམ་རྡོ་རྗེ་གཉིས་ཀྱིས་ཀྱང་ཉིན་དེར་ལས་གནས་ནས་རྩ་དགོངས་ཞུས་ཡོད་འདུག
གནད་དོན་དེ་དང་འབྲེལ་བའི་ཐོག་འདི་ལོའི་བཀའ་ཤག་གི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་སུ། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཙོའམ་ཚོགས་གཞོན། ཞིབ་དཔྱོད་ཁང་དང་། ཁྲིམས་ཁང་གི་མགོ་ཁྲིད་གཙོ་བོའམ་གཞོན་པ་རྣམས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་དེའི་སྤྱི་དམངས་ཡིན་དགོས་པ་དང་། རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་དང་། ཁུལ་གཙོ། རྫོང་དཔོན་བཅས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་དེའི་སྤྱི་དམངས་ཡིན་དགོས་པའི་གཏན་འབེབས་བྱས་ཡོད་ནའང་། བོད་རང་སྐྱོང་ལྗོངས་ཟེར་བའི་རྫོང་དང་ས་ཁུལ། ལྗོངས་བཅས་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་ནང་། བོད་རིགས་བརྒྱ་ཆ་ ༤༣ ཙམ་ལས་མེད་པ་དང་། རིམ་པ་སོ་སོའི་ཆབ་སྲིད་གྲོས་མོལ་ཚོགས་འདུ་ལྟ་བུ་གོ་མིང་ཙམ་ལས་དབང་ཆ་མེད་པའི་ལས་ཁུངས་ཁག་གི་བོད་རིགས་མགོ་ཁྲིད་པའི་གྲངས་འབོར་བརྒྱ་ཆ་ ༨༠ ཙམ་ཟིན་པ་དེ་དག་མ་རྩིས་པ་ཡིན་ན། བོད་རིགས་མགོ་ཁྲིད་ལས་བྱེད་པའི་བསྡུར་ཚད་དེ་ལས་ཀྱང་དམའ་བ་ཡོད་ངེས་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་ཡོངས་མགོ་ཁྲིད་ལས་བྱེད་པའི་ཁྲོད་རྒྱ་ནག་ནས་ཐད་ཀར་མངགས་རྫོང་བྱས་པའི་བོད་སྐྱོར་ལས་བྱེད་ཟེར་བའི་གྲངས་འབོར་བརྒྱ་ཆ་ ༡༠ ཙམ་ཟིན་ཡོད་པ་དེས། རྒྱ་གཞུང་གིས་བོད་མི་ཚོར་རང་སྐྱོང་གི་དབང་ཚད་ག་ཚོད་སྤྲོད་ཀྱི་ཡོད་མེད་ལམ་ཙམ་རྟོགས་ཐུབ་ལ། དེ་མཚུངས་སུ་སྔ་ལོ་གཅིག་པུར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་རིགས་ལས་བྱེད་གྲངས་ ༡༣༩ ཙམ་ལ་སྒྲིག་འགལ་དང་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་བཏགས་ཏེ་ཞིབ་བཤེར་དང་། གནས་དབྱུང་བཏང་སྐོར་ཕྱིར་བསྒྲགས་བྱས་འདུག་པ་དེ་དག་བོད་མི་འཇོན་རྩལ་ཅན་འབུར་འཇོམས་ཀྱི་ལམ་སྲོལ་རྒྱུན་འབྱམས་སུ་ཡོད་པའི་ངན་ཇུས་ཡིན་མིན་ལ་བློ་དོགས་བྱེད་མཁན་ཡང་འདུག་ལ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཟེར་བའི་འདས་ལོའི་ལས་བསྡོམས་སུ་བཀོད་པ་ལྟར་ན། ཁྲིམས་བཤེར་དུས་བཀག་ལ་ལྟོས་མེད་ཀྱི་སྒོ་ནས་གྱོད་གཞི་ཁག་ཅིག་དུས་ཚོད་ཕྱིར་བཤིག་གིས་ ༡༩༩༠ ནས་བརྩད་ཞིབ་བྱས་འདུག ཅེས་སོགས་འཁོད་འདུག
གསར་འགོད་པ། དཔལ་ལྡན།