མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་སྐད་ཆ་ཞིག་ཡོད།

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

——ང་ལ་སྐད་ཆ་ཞིག་ཡོད། (ཉེ་དུས་ཀྱི་གསར་འགྱུར་དང་འབྲེལ་བ)

རྫ་ཚེ་རིང་བཀྲ་ཤིས།

(གསལ་བཤད། རྩོམ་ཡིག་འདི་རིང་དྲགས་པ་ཤེས་ཀྱི་ཡོད། མ་ཟད་དད་གུས་རྩེ་གཅིག་ཏུ་ཡོད་པ་ཚོར་གསལ་བཤད་འདི་མི་དགོས་ཤིང་། ལོག་འགྲེལ་བྱེད་མཁན་ཚོར་གསལ་བཤད་འདི་མི་འགྲོ་བས་རྩོམ་ཡིག་འདིར་དགོས་མེད་ལྟ་བུར་སྣང་ན་ཡང་། གང་ལྟར་ང་ལ་འདི་ལས་ལྷག་པའི་རང་གི་བསམ་ཚུལ་གསལ་སྟོན་བྱེད་པའི་ཐབས་ལམ་ཞིག་མེད་པ་ལྟར་སྣང་། མ་ཟད་དང་ཡི་གེ་འདི་འདྲ་ཞིག་བྲིས་པའང་རང་ངོས་ནས་དགོས་ངེས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། འདི་ནི་ངས་གང་བཤད་འདོད་པ་དེ་བཤད་པ་ཙམ་ཞིག་ཏུ་བརྩི་རོགས། ཡི་གེ་འདི་རྒྱ་ཡིག་ཏུ་བསྒྱུར་བཞིན་ཡོད་ལ། དབྱིན་ཡིག་ཏུ་བསྒྱུར་རྒྱུའི་རིན་ཐང་ཡོད་མེད་དྲ་གྲོགས་ཚོས་ཀྱང་དགོངས་ཚུལ་རེ་གསུངས་ནའང་ཆོག་གོ ། )

དེང་སང་ང་ནི་གློ་བུར་དུ་ཁང་པ་སྤོ་དགོས་ཐུག་པ་དང་། ཅ་ལག་བསྡུ་གསོག་དགོས་པ་སོགས་ཀྱི་སྒེར་གྱི་བྲེལ་ཟིང་གི་ངང་དུ་ཡོད། ཡིན་ན་ཡང ། ཉིན་འདི་གར་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་གིས་ཕྲུ་གུ་ཞིག་ལ་མཇལ་ཁ་གནང་སྐབས་ཀྱི་བརྙན་ཐུང་ཞིག་གི་ཐོག་གསར་ལམ་ཁག་གིས་གླེང་སློང་དང་། དྲ་འབངས་དག་གི་བསམ་ཚུལ་སྣ་ཚོགས་བྱུང་ཡོད་པ་དེའི་ཐད་ངས་ཀྱང་  ༧སྐྱབས་མགོན་རིན་པོ་ཆེ་ཉིད་སོ་སོའི་བླ་མ་ཡིན་པ་དང་། བོད་ཀྱི་བླ་ན་མེད་པའི་བསམ་བློའི་དབུ་ཁྲིད་ཡིན་པ་ཙམ་གྱི་ངོས་ནས། གསར་ལམ་ཁག་གི་སྐད་ཆས་རང་ཉིད་ལ་མ་བདེ་བའི་སེམས་ཚོར་སྤྲད་པ་དང་། དྲ་མཆན་རྒྱག་མཁན་མང་པོས་སེམས་ལ་གཟན་པའི་མཆན་ཐུང་བྲིས་པའི་ངོ་གདོང་ཙམ་ལ་ལྟས་ནས་ཁོང་ཁྲོ་དང་བློ་ཕམ་བྱེད་པ་ཙམ་མིན་པར། གནས་ཚུལ་ཁྱོན་ཡོངས་ལ་ལྟ་ཐུབ་རྒྱུར་འབད་བརྩོན་ཞུ་བཞིན་ཡོད།

དུས་རབས་འདིར་གསར་ལམ་ནི་དམངས་གཙོ་དང་རང་དབང་གི་མགྲིན་ཚབ་པ་ཞིག་དང་། སྤྱི་ཚོགས་ཁྱོན་ཡོངས་ལ་བཟང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་སྡིངས་ཆ་ཞིག་ཡིན་པར་སྙམ་གྱི་ཡོད། ང་ཡང་ཐོག་མར་རང་དབང་ལུང་པ་རྒྱ་གར་དུ་འབྱོར་དུས། རྡ་རམ་ས་ལར་མཚོན་ན། མི་ཚང་མས་གསར་འགྱུར་ལས་ཁུངས་ལ་མང་གཙོའི་ཀ་བ་བཞི་པ་ཞེས་འབོད་ཀྱི་འདུག །རྒྱ་གར་གྱི་དུས་བབ་དང་། དབྱིན་ཇིའི་བྷི་བྷིའི་སི་སོགས་ནི་རང་དབང་དང་དྲང་བདེན་གྱི་ཕོ་ཉ་ལྟ་བུ་ཞིག་ཡིན་པའི་དད་མོས་བྱེད་བཞིན་འདུག །༧གོང་ས་མཆོག་གིས་ཀྱང་གསར་ལམ་གྱི་རང་དབང་གལ་ཆེན་ཡིན་པ་དང་། དྲང་བདེན་གྱི་གསར་འགོད་པར་ཡང་དག་པའི་སྲུང་སྐྱོབས་དགོས་པའི་བཀའ་སློབ་ཡང་ཡང་གནང་བཞིན་འདུག །ཡིན་ན་ཡང་། ད་ཐེངས་བདེན་རྫུན་དང་ལས་འབྲས་ལས་གོ་ལྡོག་པའི་གསར་འགྱུར་འགོད་སྟངས་དེས་མི་ཚེ་གང་པོར་གསར་ལམ་གྱི་ཁེ་དབང་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན། མི་ཚང་མ་ལ་གཅིག་མཚུངས་ཀྱི་ལྷད་མེད་པའི་བརྩེ་བ་འཆང་མཁན། ཕྲུ་གུ་དང་ཉམ་ཆུང་ལ་ལྷག་ཏུ་བརྩེ་མཁན། མི་ཚེ་གང་བོར་ཆགས་སྲེད་སོགས་འབྲེལ་བའི་རྙོགས་གླེང་གཏན་ནས་མེད་པའི་ཤིན་ཏུ་བཙུན་པའི་ནང་པའི་དགེ་སློང་རྒན་པོ་ལོ་དགུ་བཅུར་ཉེ་བ་ཞིག་ལ་ཆགས་སྲེད་དང་འབྲེལ་བའི་ཉེས་འཛུགས་བྱས་པ་དེ་ནི་ཧ་ཅང་གིས་ལས་འབྲས་གོ་ལྡོག་ཅིག་ཆགས་ཡོད།

༧གོང་ས་མཆོག་ཀྱང་མི་ཞིག་རེད། མ་ཟད་རྒྱ་ནག་ཀུང་ཁྲན་གཞུང་ལ་མཚོན་ན། ༧རྒྱལ་བ་རིན་པོ་ཆེར་རྟག་པར་ལུག་ལྤགས་གྱོན་མཁན་གྱི་སྤྱང་གི་ཞེས་འབོད་ཀྱི་ཡོད། རྒྱ་ནག་གི་སྲོལ་རྒྱུན་ནང་པའི་སྤྱི་ཚོགས་ཀྱི་མི་མང་གི་སེམས་སུ་ནང་པའི་གྲྭ་པ་ཞིག་ཆགས་སྲེད་ཀྱི་གནད་དོན་གང་ཞིག་དང་འབྲེལ་བ་བྱུང་བ་ནི་ཀུན་སྤྱོད་ཀྱི་གནད་དོན་ཚབས་ཆེ་ཤོས་སུ་འཛིན་གྱི་ཡོད། དེའི་དབང་གི་ཆབ་སྲིད་མི་སྣ་དག་གིས་ཀྱང་གལ་ཏེ་སྤྱི་ཚོགས་ཐོག་ཤུགས་རྐྱེན་དང་ནུས་པ་ཆེན་པོ་ཡོད་པའི་གྲྭ་པ་ཞིག་གི་སྣང་བརྙན་མེད་པ་བཟོ་དགོས་ན། ཆགས་སྲེད་དང་འབྲེལ་བའི་སྐྱོན་འཛུགས་བྱ་རྒྱུ་ནི་ཆེས་སྟོབས་ལྡན་གྱི་ལག་ཆ་ཞིག་ཡིན།

དཔེར་ན། སྤྱི་ལོ་ ༢༠༡༤ ལོར་༧གོང་ས་མཆོག་གིས་ལ་དྭགས་སུ་དུས་འཁོར་དབང་ཆེན་གསུང་སྐབས་རྒྱ་ནག་ཞིན་ཧྭ་གསར་ཁང་གིས་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ་ནས་༧གོང་ས་མཆོག་གི་དུས་འཁོར་དབང་ཆེན་གནང་བ་དེ་ཆོས་དང་མཐུན་གྱི་མེད་ཚུལ་གྱི་སྐྱོན་བརྗོད་ཅིག་བྱ་ཐབས་བྱས་ཡོད། ཡིན་ན་ཡང་། རྩོམ་ཡིག་ཧྲིལ་པོའི་ནང་དུ་རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་ཚིག་གཅིག་ཀྱང་མི་འདུག་པས་སྐབས་དེར་ང་ས་སྟོང་ནས་གད་མོ་ཤོར་མྱོང་།

གང་ལྟར་དེ་ལྟ་བུའི་གནས་བབ་ཅིག་གི་འོག་ཏུ་ཡང་། ༧ཁོང་ལ་དར་མའི་དུས་ནས་ད་ལྟའི་བར་གྱི་འདས་པའི་ལོ་ངོ་བདུན་ཅུ་ལྷག་གི་རིང་གསར་ལམ་སུ་ཞིག་གིས་ཀྱང་ཆགས་སྲེད་དང་འབྲེལ་བའི་ཚུལ་མིན་གྱི་སྐྱོན་བརྗོད་ཞུ་སའི་གཞི་རྩ་ཞིག་ལག་ཏུ་ཐོབ་མེད།འཛམ་གླིང་གི་གསར་འགྱུར་ཕལ་མོ་ཆེའང་རང་གི་ལྟ་ཀློག་གི་གྲངས་ཚད་ཀྱི་ཆེད་དུ་ཆུ་ཚོད་ཉི་ཤུ་རྩ་བཞིར་གཞན་འཚང་བསྔོག་རྒྱུར་བྲེལ་ནས་བསྡད་ཡོད་ལ། རྒྱ་ནག་གཞུང་གི་ངོས་ནས་༧གོང་ས་མཆོག་གི་སྐྱོན་འཚང་ཞིག་འཚོལ་ཐུབ་རྒྱུའི་ཆེད་དུ་དངོས་ཤུགས་བརྒྱུད་གསུམ་ནས་ཐབས་ལམ་ཡོད་ཚད་བཏོན་ནས་ལོ་ངོ་དྲུག་ཅུ་ལྷག་ལ་འཇབ་སྒུག་བྱས་ནས་བསྡད་ཡོད་པ་ལྟ་བུ་ཞིག་རེད།

ང་ཚོ་རང་ཉིད་ཀྱི་ཐོག་ལ་ཚུར་དྲན་པ་བསྐོར་ནས་བསམ་བློ་ཞིག་བཏང་ན། ཁོང་ལྟ་བུ་མཚན་དང་སྙན་གྲགས་ཕོ་སྒོ་དང་བཟོ་ལྟ་སོགས་གང་དགོས་ཡོད་མཁན་གྱི་མི་ཞིག་གིས་རང་ཉིད་གྱི་འདས་པའི་མི་ལོ་དགུ་བཅུར་ཉེ་བའི་མི་ཚེའི་ནང་ཕྱི་གཙང་ནང་གཙང་པདྨའི་སྦུབས་ལྟ་བུ་བྱས་ནས་བཞུགས་ཐུབ་པ་ནི་ལས་སླ་པོ་ཞིག་ག་ལ་ཡིན། ཡིན་ན་ཡང་། ད་ཐེངས་ཁོང་ཚོ་ཁོང་གི་ཞལ་རྩེད་ཀྱི་གསུང་སྟངས་ཕྲན་བུ་ཞིག་ཁྱོན་ཡོངས་ནས་ཆགས་སྲེད་དང་འབྲེལ་བའི་གནད་དོན་ཞིག་ཏུ་བསམ་བློ་འཁོར་ནས་ཁོང་ཁྲོ་ལངས་པ་རེད། འདི་ནི་བསམ་བློ་ཞིབ་ཏུ་བཏང་ན་གད་མོ་ཤོར་དགོས་པ་ལྟ་བུ་ཞིག་རེད།

དོན་དངོས་ཐོག་འདི་ནི་ང་ཚོ་རང་ཉིད་དོན་དངོས་ཐོག་ཆགས་སྲེད་དང་འབྲེལ་བའི་ཚུལ་མིན་ཡིད་བྱེད་ཀྱི་རྫབ་དོང་ཞིག་ཏུ་འཕག་ཚག་རྒྱག་བཞིན་ཡོད་པའི་རང་རྟགས་བསྟན་པ་རང་རེད། ཡང་བསྐྱར་བསམ་གཞིག་ཅིག་བྱས་ན་རང་ཉིད་ལ་རང་ཉིད་ངོ་གནོང་བ་ཞིག་ཡོང་སྲིད། གང་ལྟར་ཐེངས་འདིར་གསར་ལམ་མང་པོ་ཞིག་གིས་ལྟ་ཀློག་མཁན་གྱི་གྲངས་ཚད་དང་དེ་ལས་བྱུང་བའི་ཁེ་ཕན་གྱི་ཆེད་དུ་གནས་ཚུལ་གྱི་རྒྱབ་ལྗོངས་ཆ་ཚང་ལ་ཤེས་རྟོགས་མེད་བཞིན། ཁ་བྱང་ལ་བསྟེན་ནས་མི་གཞན་གྱི་དོ་སྣང་འདྲེན་ཐབས་བྱེད་པའི་ཕྱོགས་ལྷུང་གི་སྒྱུ་ཐབས་སྤྱད་པས་མི་ཚང་མས་དོ་སྣང་བྱ་ཡུལ་གྱི་གསར་འགྱུར་ཞིག་ཏུ་གྱུར་པ་རེད།

ཕྱོགས་གཞན་ཞིག་ནས་དངོས་གནས་ནོར་འཁྲུལ་ཚབས་ཆེན་ཞིག་བསགས་ཟིན་པ་ཡིན་ན་༧གོང་ས་མཆོག་གི་རྗེས་འཇུག་ཚོས་དང་ལེན་ཐུབ་མིན་ལ་མ་ལྟོས་པར་འགོད་སྤེལ་ལོས་དགོས། དྲང་ལྡོག་གཉིས་ཆར་གྱི་གསར་འགྱུར་འགོད་སྤེལ་བྱེད་པའི་གསར་ལམ་གྱི་རྩ་དོན་རེད། ཡེ་ཤུའི་ཆོས་ལུགས་ཀྱི་རྒྱབ་ལྗོངས་ཤུགས་ཆེན་ཡོད་པའི་སྤྱི་ཚོགས་ཀྱི་ཆོས་དཔོན་སོགས་དང་འབྲེལ་བའི་གསར་འགྱུར་སྡུག་པོ་དག་ཀྱང་དུས་ནས་དུས་སུ་འགོད་བཞིན་ཡོད་ན། ང་ཚོའི་བླ་མ་ཡིན་པ་དང་། ངའི་ཆོས་ལུགས་ཀྱི་དབུ་ཁྲིད་ཡིན་པས་ཁྱེད་ཚོས་མ་འགོད་ལབ་ས་ག་ལ་ཡོད། གནས་ལུགས་དེ་ཙམ་ངས་ཀྱང་ཤེས། ཡིན་ན་ཡང་། ད་ཐེངས་དེ་འདྲ་ཞིག་མ་རེད།

ངས་རང་ཉིད་ནང་ཆོས་ཀྱི་ངོས་ནས་༧གོང་ས་མཆོག་གི་སློབ་མ་ཞིག་ཡིན་པའི་འགྲོ་སྟངས་ཟུར་དུ་བཞག་ནས། མི་དཀྱུས་མ་ཞིག་གམ། ཡང་ན་བོད་པའི་རིག་གཞུང་དང་༧གོང་ས་མཆོག་གི་མཛད་སྤྱོད་ཐུགས་གཤིས་སོགས་ལ་ཆ་རྒྱུས་མེད་པ་ཞིག་གི་སར་བསྡད་ནས་བལྟས་ན།  ༧གོང་ས་མཆོག་ཉིད་སྤྱི་ཚོགས་ཀྱི་གྲགས་ཅན་མི་སྣ་དང་། འཛམ་གླིང་གི་རིག་གཞུང་མི་འདྲ་བའི་མི་ཚང་མའི་མིག་གིས་ལྟ་ས་ཞིག་ཡིན་པའི་ཆ་ནས་གཞན་གྱིས་གོ་ནོར་ཐེབས་སྲིད་པའི་མཛད་སྤྱོད་དེ་འདྲ་གནང་ཐལ་ཤོར་བ་དེ་དགོངས་པ་གཏིང་ཟབ་མ་བཞེས་ནས་སྣང་མེད་དུ་ཤོར་བའི་ནོར་འཁྲུལ་ཞིག་རེད་ཅེས་བསམ་སྲིད། དེའི་ཆ་ནས་སྐབས་དེའི་ཁོང་གི་གནང་ཕྱོགས་དེས་རིག་གཞུང་གི་རྒྱབ་ལྗོངས་མི་འདྲ་བའི་མི་འགའ་རེའི་སེམས་ལ་ཚོར་བ་མ་སྐྱིད་པ་བྱུང་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན་ཞེས་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་ནས་གསུངས་ཟིན་པ་དེ་རེད། འོན་ཀྱང་། དེ་ནི་ཁོང་གི་ངོས་ནས་མི་མང་ལ་འགན་ཁུར་བ་དང་། བརྒྱུད་ལམ་ལ་རྩི་བཀུར་ཞུས་པ་ཙམ་ཞིག་ལས། གནང་སྟངས་དེས་༧གོང་ས་མཆོག་གིས་ཀུན་སློང་ཡོད་པའི་ཐོག་ནས་ནོར་འཁྲུལ་ཞིག་བཟོས་ཡོད་པ་མཚོན་གྱི་མེད། འདིའི་སྐོར་འོག་ཏུ་རེ་རེ་ནས་ཞུ་རྒྱུ་ཡིན།

ངས་འདིར་ནན་བརྗོད་འདོད་པ་ཞིག་ནི། ༧གོང་ས་མཆོག་ལ་བསམ་བཞིན་སྐུར་འདེབས་ཞུ་མཁན་དང་། གསར་འགྱུར་ཆེན་པོ་བཟོས་ནས་རང་གི་ཁེ་སང་རགས་ཐབས་བྱེད་མཁན། མི་སྒེར་གྱི་བརྒྱུད་ལམ་ལ་དོ་སྣང་ཡོང་ཆེད་བསམ་བཞིན་སྐྱོན་བརྗོད་བྱེད་མཁན་བཅས་ལ་ངས་གཙོ་བོ་སྐད་ཆ་འདི་བཤད་ཀྱི་མེད། དེ་ཚོས་ཅིག་བྱས་ན་ང་ལས་ཀྱང་ལྷག་པ་ཞིག་དོན་དངོས་ཤེས་བཞིན་ཡོད་སྲིད། ཡིན་ན་ཡང་། སྙན་གྲགས་དང་སྒོར་མོའི་ཆེད་དུ་དེ་ལྟར་བྱེད་ཀྱིན་ཡོད་པ་རེད།

མདོར་ན། ངས་འདིར་རྩོམ་ཡིག་འདི་འདྲ་ཞིག་འབྲི་དགོས་པའི་དམིགས་ཡུལ་ནི། སྒེར་གྱི་དམིགས་ངན་པ་གང་ཡང་མེད་ན་ཡང་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱེད་པའི་ནུས་པ་མེད་པ་དང་། བསམ་བློ་ཞིབ་ཚགས་པོ་མི་འཁོར་མཁན། ནམ་རྒྱུན་༧གོང་ས་མཆོག་དང་བོད་ཀྱི་རིག་གཞུང་། བྱམས་བརྩེ་དང་བཅོས་མིན་གྱི་རྣམ་འགྱུར་བཅས་ཀྱི་ཐད་ཆ་རྒྱུས་གང་ཡང་མེད་པར། གནས་ཚུལ་ཚང་མར་ངོས་གཅིག་གི་ལྟ་སྟངས་འཛིན་མཁན་དང་། ངོས་གཅིག་ཁོ་ནའི་བཤད་སྟངས་ལ་ཡིད་ཆེས་བྱེད་མཁན་དག་ལ་བསམ་གཞིག་གི་ཁུངས་སྣེ་གཞན་ཞིག་མཁོ་སྤྲོད་བྱེད་འདོད་པ་ཙམ་ཡིན།

འགའ་ཞིག་ལ་ཕར་ལྟ་སར་མཐོང་མ་བདེ་བ་ལྟ་བུའི་སྣང་བ་བྱུང་ཡོད་པ་དངོས་ཡོད་དུ་གྱུར་ཡོད་ན་ཡང་། སྐབས་དེའི་ཡུལ་ངོས་དང་འབྲེལ་བའི་གནས་སྟངས་དང་རྒྱབ་ལྗོངས་ཧྲིལ་པོར་ཞིབ་ཚགས་པོས་བལྟས་ན་གནས་ཚུལ་ཡོངས་རྫོགས་ཧ་ཅང་རྒྱུན་ལྡན་གྱི་ཁྱབ་ཁོངས་ལས་བརྒལ་མེད། འདི་ནི་གནད་འགག་ཆེན་པོ་རེད། བཤད་རེས་འདི་དག་ངོས་འཛིན་གྱི་དམག་འཐབ་ལྟ་བུ་ཞིག་ཏུ་སྣང་སྲིད་མོད། ངས་གང་བཤད་པ་དེ་ནི་ཡུལ་དངོས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གནས་སྟངས་དངོས་དང་། སྤྱིར་བཏང་འཇིག་རྟེན་ཡོངས་ཁྱབ་ཀྱིས་གང་ལ་ཚད་འཛིན་བྱེད་པའི་ལམ་དང་ལུགས་སྲོལ། ཁྲིམས་དང་སྒྲིག་གཞིའི་ལྟ་གྲུབ་ཀྱི་རྨང་གཞིའི་ཐོག་ཏུ་འགྲེངས་ནས་བཤད་ཀྱི་ཡོད། འདིའི་ཐད་ངའི་བསམ་བློ་དྲང་ཕྱོགས་སུ་གནས་བཞིན་ཡོད། ཡི་གེ་འདི་འབྲི་བཞིན་པའི་ད་ལྟའི་སྐད་ཅིག་མ་འདིར་ཡང་ངས་རང་གི་དྲང་ཕྱོགས་ཀྱི་བསམ་བློ་རྒྱུན་སྐྱོང་ཡོང་རྒྱུར་དྲན་ཤེས་མུ་མཐུད་བསྟེན་མུས་ཡིན།

ཐོག་མར་ངས་དཔེ་མཚོན་འགའ་ཞིག་ཞུ་རྒྱུ་ཡིན། ཉེ་ཆར་ངས་དྲ་ལམ་ནས་བརྙན་ཐུང་ཞིག་མཐོང་བྱུང་། བརྙན་ཐུང་དེའི་ནང་དུ་ཁྱོ་ག་ཞིག་གིས་མི་གཞན་ཞིག་ལ་ཁ་པར་གཏོང་བཞིན་ཡོད། ཕྱི་ལོག་ཐག་རིང་དུ་ཐོན་གྲབ་ཡོད་པའི་གཟའ་ཟླས་གློ་བུར་དུ་ཁ་པར་ནང་དུ་ཁྱོ་གས་མི་གཞན་ཞིག་ལ། དོ་ནུབ་ང་གཅིག་པུ་ཡིན། ཁྱོད་རང་འདིར་ཡོང་ནས་ངའི་མཉམ་དུ་དུས་ཚོད་སྐྱེལ་རོགས་ཞེས་ལབ་བཞིན་ཡོད་པ་ཐོས། ཁྱོས་གས་དངོས་འབྲེལ་སྐད་ཆ་དེ་ག་རང་ལབ་ཡོད། མོས་ཀྱང་དེ་ག་རང་གསལ་པོར་གོ་ཡོད། དེ་མ་ཐག་མོས་ཁྱོ་གའི་ལག་ནས་ཁ་པར་འཕྲོག་པར་མ་ཟད། ཁོང་ཁྲོ་གཏིང་ནས་ལངས་བཞིན་ཁ་པར་ཡང་ས་ལ་བསྡབས་ཟིན། འོན་ཀྱང་། ཁྱོ་གས་ཁ་པར་གཏོང་ས་ངོ་མ་དེ་སུ་རེད་ཅེ་ན། མོ་རང་གི་ཕ་རྒན་རེད། དཔེ་མཚོན་འདི་རིགས་ང་ཚོར་མང་ནས་གོམས་དྲགས་པ་ལྟ་བུ་ཞིག་ཡོད་ན་ཡང་། དོན་ལ་འདིས་ཀྱང་ང་ཚོའི་སེམས་ཁམས་ཀྱི་གནས་སྟངས་དང་ནོར་འཁྲུལ་མང་པོ་ཞིག་གི་ལྟེ་བའི་རྒྱུ་རྐྱེན་གསལ་བཤད་བྱས་ཡོད།

ཡང་ཉེ་ཆར་ང་ལ་རྒྱ་རིགས་གྲོགས་པོ་ཞིག་གིས། བོད་ནང་དུ་བུ་དང་བུ་ལག་པ་སྦྲེལ་ནས་འགྲོ་བ་དང་། གཅིག་གིས་གཅིག་གི་སྐེ་དང་ཕྲག་ཐོག་ལ་ལག་པ་བཞག་ནས་འགྲོ་བ་སོགས་རྒྱུན་ལྡན་རེད། ལུས་ཀྱི་སྐད་བརྡ་དང་འབྲེལ་བའི་གོ་བ་ལེན་སྟངས་བོད་པ་དང་ནུབ་ཕྱོགས་པ་ཧ་ཅང་མི་འདྲ །རྒྱ་ནག་ཁྲིན་ཏུ་སོགས་སུའང་སྔར་ཡིན་ན་བུ་དང་བུ་མཉམ་དུ་ལུས་པོ་ཐག་ཉེ་བོར་གཅར་བ་སོགས་ནི་ཧ་ཅང་གི་རྒྱུན་ལྡན་ཡིན། ད་ལྟ་ཚང་མས་དེ་ལྟར་བྱེད་རྒྱུར་འཛེམས་ཟོན་བྱེད་ཀྱི་འདུག་ཟེར།

དེ་ནི་དེང་སང་གི་དུས་སུ་ང་ཚོའི་སེམས་ལ་མཚན་མཐུན་ཞེས་པའི་རྣམ་རྟོག་གཞན་ཞིག་བསླེབས་ཟིན་པས་རེད། འདི་ལ་འཕྲུལ་རིག་གི་བརྡ་ཆད་ཅིག་སྤྱད་ནས་ཞུས་ན། ང་ཚོའི་ཀླད་པའི་རྩིས་འཕྲུལ་གྱི་དབང་རྩའི་མ་ལག་ཏུ་ནད་འབུ་གསར་པ་ཞིག་འཛུལ་ཟིན་པ་རེད། མདོར་ན། ང་ཚོའི་ཁོར་ཡུག་ནི་རྣམ་རྟོག་གི་དབང་གིས་རྒྱུན་ལྡན་མང་པོ་ཞིག་རྒྱུན་ལྡན་མ་ཡིན་པའི་ཕྱོགས་སུ་གོ་བ་ལེན་བཞིན་ཡོད། སེམས་ཁམས་རིག་པའི་ངོས་ནས་བཤད་ན། འདི་ནི་དུས་རབས་འདིའི་མི་རྣམས་ཀྱི་བསམ་བློའི་ན་ཚ་ཞིག་རེད།

༧གོང་ས་མཆོག་གི་ཞལ་རྩེད་དེ་དང་འབྲེལ་བའི་གསར་འགྱུར་གྱི་འོག་ཏུ་མཆན་རྒྱག་མཁན་མང་པོ་ཞིག་བཤད་སྟངས་དེ། ༧གོང་ས་མཆོག་གི་གནང་སྟངས་དེ་མཐོང་སྣང་ལ་མཛེས་པོ་མེད་པ་དང་། ལན་པོ་མེད་པ་ཞིག་རེད་སྙམ་པའི་མཐོང་ཚུལ་གསལ་སྟོན་བྱས་པ་ཙམ་མ་རེད། མང་པོ་ཞིག་གིས་བརྙན་ཐུང་དུམ་བུ་དེ་ཁོ་ནའི་རྣམ་པ་རང་ལ་དམིགས་པ་བཏད་ནས་གཞན་རྒྱབ་ལྗོངས་ངོ་མ་དེ་ཚོ་སྣང་མེད་དུ་བསྐྱུར་ཡོད། གསར་འགྱུར་འདིར་དཔལ་འབྱོར་གྱི་རིན་ཐང་ཡོད་པ་ཞིག་ཏུ་མཐོང་ནས་བསམ་བཞིན་ལོག་འགྲེལ་ཞུ་མཁན་དག་ལ་དམིགས་བསལ་གང་ཡང་ཞུ་རྒྱུ་མེད་མོད། བྷི་བྷི་སི་དང་། སི་ཨེན་ཨེན། ཡང་ན་རྒྱ་གར་གྱི་གསར་ལམ་གང་ཞིག་ཡིན་ཡང་། དོན་དངོས་བཤད་པའི་འདུན་པ་ཡོད་པའི་དབང་དུ་བཏང་ན་གནས་ཚུལ་ཧྲིལ་པོའི་རྒྱབ་ལྗོངས་ལ་ཞིབ་འཇུག་ངེས་པར་དུ་ཐུབ་དགོས།

གནས་ཚུལ་གང་ཡིན་ཡང་། ཀུན་སློང་ངན་པ་ཡོད་པ་དང་། བྱ་བ་སྡུག་ཅག་ཡིན་པ། བརྒྱུད་རིམ་ཁ་གསལ་ཡོད་པ། མཇུག་འབྲས་ངན་པ་ཐོན་པ་སོགས་ནི་ཁྲིམས་ཐོག་ནས་བྱ་བ་དེ་སྡུག་ཅག་ཅིག་ཡིན་པར་ཐག་གཅོད་བྱེད་པའི་གཞི་རྩ་རེད། མ་གཞི་ཉིན་དེའི་མཛད་རིམ་ཧྲིལ་པོ་བརྙན་དུ་བླངས་ཡོད། ཕྲུ་གུའི་ཨ་མ་ཡང་༧གོང་ས་མཆོག་གི་འགྲམ་དེ་གར་ཁ་མར་འཁོར་ནས་བསྡད་ཡོད། དེ་ལས་གལ་ཆེ་བ་ཞིག་ནི་མཛད་སྒོ་གྲོལ་མ་ཐག་ཕོ་བྲང་སྒོ་འགྲམ་གྱི་ནོར་ཝེ་གསར་ཁང་སོགས་ཀྱིས་འཆར་ཅན་ལྟར་༧གོང་ས་མཆོག་འཐམ་འཁྱུད་ཞུ་མཁན་གྱི་ཕྲུ་གུ་དང་། ཕྲུ་གུའི་ཨ་མ་གཉིས་ཆར་ལ་སྐུ་མདུན་དང་མཇལ་བཅར་ཞུས་པའི་མྱོང་ཚོར་བཅར་འདྲི་ཞུས་ཡོད། དེ་ནི་ཧ་ཅང་གལ་འགང་ཆེ་བའི་རྒྱུ་ཆ་ཞིག་རེད། གནས་ཚུལ་གང་བྱུང་བ་དེས་འབྲེལ་ཡོད་དོ་བདག་དང་དེའི་ནང་མའི་སེམས་ཁམས་ལ་ཕོག་ཐུག་གམ་གནོད་འཚེ་བཟོས་ཡོད་མེད་ནི་མ་གཞི་ནས་ནང་བསམ་བློ་དང་འབྲེལ་བའི་གནོད་འཚེར་སྙད་པའི་སྐྱོན་འཛུགས་དག་གི་ཞིབ་འཇུག་གི་གཞི་རྩ་གལ་ཆེ་ཤོས་ཡིན།

གནས་ཚུལ་དེ་ཁྲིམས་འགལ་ཞིག་ཡིན་པའི་དབང་དུ་བཏང་ན། ཁྲིམས་ཁང་གི་ཐག་གཅོད་ཀྱི་གཞི་འཛིན་ས་དང་། གསར་འགྱུར་ཞིག་ཡིན་པའི་ངོས་ནས་གནས་ཚུལ་འདིའི་ངོ་བོ་དྲང་ལྡོག་གང་ཡིན་ཐག་གཅོད་པའི་གཞི་འཛིན་ས་གཙོ་བོ་ཞིག་ནི་དོ་བདག་དང་དེའི་འབྲེལ་ཡོད་ཀྱི་མྱོང་ཚོར་དངོས་ལ་རྟོག་ཞིབ་བྱེད་པ་དེ་ཡིན། བཅར་འདྲི་འདི་བོད་སྐད་དང་བོད་ཡིག་རང་གི་ཐོག་ནས་ཡིན་ན་གསར་འགྱུར་ཆེ་ཁག་དེ་ཚོས་རྒྱུས་ལོན་བྱ་རྒྱུར་དཀའ་ཁག་འཕྲད་སྲིད་མོད། ཕྲུ་གུ་དང་ཁོང་གི་ཨ་མ་གཉིས་ཆར་གྱིས་དབྱིན་ཇི་དང་རྒྱ་གར་གྱི་སྐད་རང་གིས་ལན་བཏབ་ཡོད། བློ་ཕམ་པ་ཞིག་ལ། ལྡོག་ཕྱོགས་ནས་འགྲེལ་བཤད་རྒྱག་མཁན་ཚོས་བརྒྱུད་རིམ་དངོས་གནས་འདི་དག་རྦད་དེ་སྣང་མེད་བཏང་ཡོད།

གལ་ཏེ། ང་ཕྲུ་གུ་དེ་ཡིན་པའི་དབང་དུ་བཏང་ན། ང་ལ་གནོད་འཚེ་ཆེ་ཤོས་གཏོང་མཁན་ཐུ་ཤོས་དེ་ང་དང་ངའི་ནང་མིའི་མི་ཚེའི་ནང་གི་སྤོབས་པ་དང་འོད་སྣང་དུ་གྱུར་པའི་ཉིན་མོ་དེ་ངོ་བོ་གཞན་ཞིག་ཏུ་བསྒྱུར་ཐབས་བྱས་པ་དེ་རེད་ཅེས་བརྗོད་པར་འདོད། །
ད་དུང་ངས། གསར་འགྱུར་འགོད་མཁན་ཁྱེད་ཚོས་༧གོང་ས་མཆོག་དང་འབྲེལ་བའི་དོན་དངོས་ལ་སྣང་མེད་བཟོ་མིན་ཁྱེད་རང་ཚོའི་ལས་ཀ་ཡིན་པའི་དབང་དུ་བཏང་ཡང་། ང་དང་ངའི་ནང་མིའི་དོན་དངོས་ཀྱི་ཚོར་བ་དང་དངོས་ཡོད་གནས་ཚུལ་ལ་ཡོངས་སུ་རྩིས་མེད་བྱས་པ་དེས་ང་ལ་བློ་ཕམ་མ་སྐྱིད་པའི་ཚོར་བ་སྤྲད་བྱུང་ཞེས་སྨྲ་ས་རེད། ངས་གོང་དུ་བཤད་པ་འདི་དག་བློས་བསླངས་བྱས་ནས་བཤད་པ་ཞིག་མིན། འདི་ནས་ང་ཚོས་མཉམ་དུ་ཡིག་ཐོག་ནས་སྐབས་དེའི་ཡུལ་ངོས་ཀྱི་བྱུང་བ་དངོས་ཀྱི་བརྒྱུད་རིམ་དང་། དེ་དང་འབྲེལ་བའི་ཕྲུ་གུ་མ་བུ་གཉིས་ཀྱི་བཅར་འདྲི་ལ་ཞིབ་ལྟ་ཞིག་བྱེད།

ལར་ཡུལ་ངོས་དེ་ནི་སློབ་མ་ཚོ་གཅིག་གིས་༧གོང་ས་མཆོག་གིས་དབུ་བཞུགས་གནང་བའི་ཐོག་ནས་སློབ་ཐོན་མཛད་སྒོ་བསྐྱངས་པ་ཞིག་རེད། སྐབས་དེར་སྟོད་ཐུང་སེར་པོ་གྱོན་པའི་ཕྲུ་གུ་དེས་༧གོང་ས་མཆོག་ལ། ངས་ཁྱོད་ལ་འཐམ་འཁྱུད་ཅིག་བྱས་ན་འགྲིག་གམ་ཞེས་དྲིས་པར། ༧གོང་ས་མཆོག་གིས་དང་ལེན་གྱི་ཕྱག་བརྡ་གནང་ཞིང་། ནམ་རྒྱུན་སྐུའི་བདེ་འཇགས་ཆེད་དོ་དམ་ནན་མོ་བྱེད་མཁན་གྱི་སྐུ་སྲུང་བས་ཀྱང་བཀག་འགོག་གང་ཡང་བྱས་མེད། དེ་ནི་དོན་དངོས་ཐོག་དང་གཙང་སླད་མེད་མ་བཅོས་པའི་མིའི་རང་གཤིས་ཀྱི་མཛའ་བརྩེ་ལ་ཡིད་ཆེས་བྱས་པ་ཞིག་རེད། དེ་མིན་སློབ་མ་ཚོས་བླ་མར་འཐམ་འཁྱུད་བྱེད་པའི་དགོས་འདུན་འདོན་པ་ནི་གུས་མེད་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཆོག་ལ། སྐུ་སྲུང་བ་ཚོས་ཀྱང་བདེ་འཇགས་ལ་ཉེན་ཁ་བཟོ་བའི་བྱ་སྤྱོད་ཅིག་རེད་ཅེས་འགོག་ཆག །ཡིན་ན་ཡང་། ཁོང་ཚོས་དེ་ལྟར་བྱས་མེད། སྐབས་དེའི་ཡུལ་ངོས་ནི་མཛའ་བརྩེ་དང་ཞི་ལྷོད། བག་ཕེབས་དང་ཡིད་ཆེས་ཀྱིས་ཁེངས་ཞིང་། མི་དང་མིའི་བར་གྱི་མཛའ་བརྩེ་དང་ཡིད་ཆེས་ཀྱི་སེམས་ཁམས་ཞིག་གིས་མཁའ་དབུགས་ཡོངས་རྫོགས་ཁྱབ་པ་ལྟར་སྣང་། འོན་ཀྱང་། བློ་ཕམ་པ་ཞིག་ལ་དངོས་ཡོད་ཀྱི་སྤྱི་ཚོགས་ནི་དེ་འདྲ་ཞིག་མ་རེད་ཨང་།

སྐབས་དེར་ཕྲུ་གུ་དེ་ཁོའི་ཨ་མ་དང་༧གོང་ས་མཆོག་གི་སྐུ་དྲུང་ན་འགྲེངས་བཞིན་འདུག །ཕྲུ་གུ་དེ་ཡར་སྐུ་དྲུང་དུ་བསླེབས་དུས་༧གོང་ས་མཆོག་གིས་ཀུ་རེ་དང་བསྒྲགས་ནས་ལྗགས་བསྐྱངས་ནས་ཞལ་རྩེད་གནང་ཡོད་པ་དངོས་ཡོད་ཡིན་ན་ཡང་། དབུ་ཐོད་དངོས་སུ་བཏུགས་བཞིན་ཕྲུ་གུས་ལྕེ་སྐྱོང་སྐབས་ཀུ་རེ་ཡིན་པའི་རྣམ་འགྱུར་བཅོས་མིན་དང་བཅས་༧གོང་ས་མཆོག་གིས་ལྗགས་ཕྲུ་གུའི་ལྕེར་གཏན་ནས་ཐུག་མེད་ལ། དངོས་སུ་དེ་ལྟར་གཏུགས་རྒྱུའི་དགོངས་པ་ཡང་གཏན་ནས་བཞེས་མེད། གང་རེད་ཅེ་ན། ༧གོང་ས་མཆོག་གི་ངོས་ནས་དེ་ནི་ཕྲུག་གུ་ལ་ཀུ་རེ་བརྩེས་པ་རང་རེད།

ཉེན་རྟོག་པ་དང་ཁྲིམས་རྩོད་པས་ཁྲིམས་ཀྱི་བདེན་དཔང་འཚོལ་བའི་བྱ་ཐབས་ཀྱི་ཐོག་ནས་ཞིབ་ཚགས་པོས་བརྙན་ལ་དཔྱོད་དགོས་པའི་དབང་དུ་བཏང་ན། སྐབས་དེར་ཕྲུ་གུ་དེས་གཟུགས་པོ་ཚུར་འགྲམ་དུ་བཅར་བའི་སྐབས་སུ་༧གོང་ས་མཆོག་གིས་རྩེད་མོ་ཡིན་པའི་རྣམ་འགྱུར་གསལ་པོས་ཕྲུ་གུའི་ཕྲག་པར་ཕྱག་གིས་བཞུས་ནས་བཞད་མོ་བཞད་པ་དང་། དེ་མ་ཐག་ཞལ་ཅུང་ཟད་རྒྱང་དུ་བཀྱེད་དེ་ཕྲུ་གུའི་གདོང་ལ་གཟིགས་བཞིན་ཤིན་ཏུ་བརྩེ་བའི་ཞལ་འཛུམས་མཛད་པ་མཇལ་ཐུབ།

དེ་ནས་ཡང་བསྐྱར་ཕྲུ་གུའི་ལག་པ་གཡས་པ་ནས་བཟུང་སྟེ་ཁོང་གི་འགྲམ་པ་ལ་གཏུགས་བཞིན་མུ་མཐུད་སྙིང་རྗེའི་ཐུགས་དགོངས་ཟབ་མོའི་ཀློང་དུ་ཡོངས་སུ་འཇམ་བཀླས་པ་ལྟར་ཡུད་ཙམ་བཞུགས་ཡོད། འདི་ནི་རང་ཉིད་གཙོས་པའི་༧གོང་ས་མཆོག་གི་ཉེ་སར་གཅར་མྱོང་མཁན་མཆོག་དམན་འབྲིང་གསུམ་ཚང་མར་ཆེས་ཐུན་མོང་དང་ཆེས་ཟབ་ཤོས་སུ་བཞག་པའི་བག་ཆགས་ཅིག་ཡིན། དེ་ནི་༧གོང་ས་མཆོག་གི་ངོས་ནས་བཅོས་མ་མིན་པའི་བྱམས་བརྩེ་དེ་ང་ཚོར་གསལ་སྟོན་གནང་བར་བྱེད་པའི་ལུས་ཀྱི་བརྡ་ཐབས་ཤིག་ཡིན། འདི་ལ་དེང་སང་གི་སྐད་དུ་གཟུགས་པོའི་སྐད་ཡིག་ལབ་ཆོག །མུ་མཐུད་སྐར་ཆ་སྐར་ཆ་དྲུག་བདུན་ཙམ་གྱི་རིང་ཕྲུ་གུ་དེའི་ཕྱག་འགྲམ་པར་སྦྱར་ནས་ཐུགས་བསྐྱེད་དང་བརྩེ་བ་གཏིང་ཟབ་པོའི་ཀློང་ནས་བཀའ་མོལ་གནང་བྱུང་།

དེ་ཡང་༧གོང་ས་མཆོག་ནི་ན་ལེནྡྲའི་སློབ་དཔོན་ཆེན་པོ་རྒྱལ་སྲས་ཞི་བ་ལྷའི་རྗེས་འབྲང་དང་སྤྱོད་འཇུག་ཉམས་སུ་ལེན་མཁན་ཞིག་རེད། ཁོང་གིས་ཉིན་རྟག་པར་ཡར་བཞེངས་དུས་སྤྱོད་འཇུག་གི་ཚིགས་བཅད་གང་རུང་རེ་སྐྱོར་ནས་ཉིན་དེའི་བྱམས་བརྩེའི་ཉམས་ལེན་དབུ་འཛུགས་གནང་བཞིན་ཡོད་ཚུལ་ཡང་ཡང་གསུངས་མྱོང་། མ་ཟད་ཁོང་གིས་གཞུང་ཕྱོགས་དྲ་རྒྱའི་ཐོག་ཏུའང་སྤྱོད་འཇུག་གི་ཚིགས་སུ་བཅད་པ།
ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ཅིང་། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །
ཅེས་པའི་ཚིགས་བཅད་དེ་བྲིས་ཡོད། དེ་ནི་ཁོང་གི་མཛད་པ་ཡོངས་རྫོགས་ཀྱི་དགོངས་པ་བཞེས་སའི་ལྟེ་བ་ལྟ་བུ་རེད།
ད་དུང་ཁོང་གིས་རྟག་པར་རྒྱལ་སྲས་ཞི་བ་ལྷས་གསུངས་པའི། མིག་གིས་སེམས་ཅན་ལྟ་ན་ཡང་། །འདི་དག་ཉིད་ལ་བརྟེན་ནས་བདག །སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་གྱིས་ལྟ། །ཞེས་པའི་ཚིགས་བཅད་དེའི་ནང་དོན་ཕྱག་ལེན་དུ་བསྟར་བཞིན་ཡོད། ལར་ཁྱེད་ཚོའི་ངོས་ནས་ངས་འདིར་སྤྱོད་འཇུག་གི་ལུང་འདྲེན་ཁུར་ནས་དྲ་འབུ་ཚོར་ཁ་བརྡ་བྱེད་པ་ནི་ཧ་ཅང་གི་གླེན་ལས་ཤིག་རེད་དགོངས་སྲིད་ན་ཡང་། ༧གོང་ས་མཆོག་གི་ཐུགས་དགོངས་དང་གནང་ཕྱོགས་ལ་དོན་དངོས་དང་མཐུན་པའི་གོ་བ་ཞིག་ལེན་དགོས་ན། ཁོང་གི་ཉིན་རེའི་བསམ་བློ་དང་ཉམས་ལེན་གྱི་རྒྱབ་ལྗོངས་སུ་གྱུར་པའི་ལྟ་གྲུབ་དང་སློབ་གསོ་སོགས་ཀྱི་ཁོར་ཡུག་ལ་རྒྱུས་ལོན་ཞིབ་ཚགས་པོ་ཞིག་ཡོང་དགོས་པ་ནི་ཧ་ཅང་ཚན་རིག་དང་མཐུན་པ་ཞིག་ཡིན།

ད་དུང་ཁོང་གིས་འགྲོ་བ་སེམས་ཅན་ཚང་མ་མི་གཅིག་པ་ཡིན་པའི་འདུ་ཤེས་གཏིང་ཟབ་པོ་ཞིག་གིས་གཞན་དང་འབྲེལ་ལམ་འཛིན་གྱི་ཡོད་ཅིང་། འདི་ནི་གོང་ས་མཆོག་གི་ཆེས་བླ་ན་མེད་པའི་དགོངས་པ་བཞེས་སྟངས་ཤིག་རེད། ཨ་རིའི་སྲིད་འཛིན་ནས་སྤྱིར་བཏང་གི་གྲྭ་ཆུང་དཀྱུས་མ་སུ་འདྲ་ཞིག་ལ་ཐུག་ཀྱང་། ཚང་མ་མི་གཅིག་པ་ཡིན་པ་དང་། གོ་ལ་སྔོ་རིལ་འདིའི་ཐོག་ཏུ་མཉམ་འཛོམས་བྱུང་བའི་ནང་མི་གཅིག་མཚུངས་ཡིན་པའི་བཀའ་མོལ་གནང་བཞིན་ཡོད།

དེ་ནི་དུས་རབས་འདིའི་༧གོང་ས་མཆོག་གིས་སའི་གོ་ལའི་ཐོག་གི་མི་རྣམས་ལ་བཞག་པའི་བག་ཆགས་ཟབ་ཤོས་དེ་ཡིན་པར་བརྗོད་ན་ཐལ་ཆ་གང་ཡང་མེད། ཡིད་མ་ཆེས་ན་ད་བར་༧གོང་ས་མཆོག་དང་དངོས་སུ་མཇལ་བའི་མི་ཚེའི་མྱོང་ཚོར་བྲིས་པའི་ཡི་གེ་མང་པོ་ཞིག་གིས་བདེན་དཔང་བྱེད་ངེས་ཡིན། ད་དུང་བརྙན་དེར་མུ་མཐུད་མཇལ་སྐབས་ཡང་བསྐྱར་༧གོང་ས་མཆོག་གིས་ཕྲུ་གུའི་ལག་པ་དལ་གྱིས་ཀློད་དེ་བསྐྱར་དུ་བརྩེ་བའི་སྤྱན་ཟུང་གིས་ཕྲུ་གུར་གཟིགས་བཞིན། ང་ཚོ་ཚང་མ་འགྲོ་བ་མིའི་རིགས་ཀྱིས་ཕུ་ནུ་མིང་སྲིང་གཅིག་པ་རེད་ཨང་། ཅེས་གསུངས་ཞོར་ཕྲུ་གུ་ལ་ཕྱག་གི་འཁྱུད་ཀྱིན་ཕྲུ་གུའི་མགོ་ལྟག་ལ་ཞལ་འགྲམ་སྦྱར་ནས་ཡང་བསྐྱར་བརྩེ་བ་དང་སྙིང་རྗེ་རྦ་རླབས་ལ་ཐུགས་གཏད་དེ་སྐར་ཆ་བཅུ་ཙམ་ཞིག་གི་རིང་དེ་མུར་དགོངས་པ་གཏད་ནས་བཞུགས་བཞིན་འདུག །

སྐབས་དེར་ཚོགས་ཁང་ཡོངས་རྫོགས་དལ་ཅག་གེར་ཡོད་ཅིང་། ཁོང་གི་ངོས་ནས་ཕྲུ་གུ་འདི་ནི། མ་སྨིན་པ། ཉམ་ཆུང་། ནུས་པ་མེད་པ། ལོ་ན་མ་སོན་པ། བསམ་བློ་གཏོང་མི་ཤེས་པ་སོགས་ང་ཚོའི་ནམ་རྒྱུན་གྱི་ལྡོག་ཕྱོགས་ཀྱི་བསམ་ཚུལ་གྲངས་མེད་ཅིག་གཡོག་བཞིན་ཡོད་པའི་ཕྲུ་གུའི་སྣང་བརྙན་དེ་མིན་པར། ཚོགས་ཁང་དེའི་ཆ་ཤས་ཤིག་ཡིན་པ། ཐ་ན་ཚོགས་ཁང་དེའི་ཆེས་བླ་ན་མེད་པའི་མ་འོངས་པའི་ཚབ་མཚོན་ལྟ་བུ་ཞིག་ཡིན་པར་གཟིགས་བཞིན་ཡོད་དེ། དེའི་དབང་གིས་སྐབས་དེའི་ཚོགས་ཁང་ཡོངས་རྫོགས་ཕྲུ་གུ་དེར་དབང་བ་ལྟ་བུ་ཞིག་ཏུ་གྱུར་ཡོད།

དེང་སང་གི་སྐད་ཆ་བཤད་སྟངས་ལྟར་གུའི་ཆེ་མཐོང་དང་ཐོབ་སྟངས་ཀྱི་ངོས་ནས་བཤད་ན། འདི་ལས་ལྷག་པའི་ཆེ་མཐོང་ཞིག་མེད་པ་ལྟ་བུའི་ཚད་དུ་བསླེབས་ཡོད། དུས་རྒྱུན་བླ་ཆེན་དཔོན་ཆེན་ཚོས་མི་དཀྱུས་མ་ཚོར་ལྟ་སྟངས་འཛིན་སྟངས་དང་། དཀྱུས་མ་ཚོ་དྲུང་དུ་བསླེབས་སྐབས་གྱི་རྣམ་འགྱུར་དང་བཀའ་མོལ་གནང་སྟངས་ནི་ང་ཚོར་རྒྱུས་ཡོད་ཅིག་ཡིན་ན་ཡང་། ༧གོང་ས་མཆོག་ནི་མི་མཆོག་དམན་ཚང་མ་ལ་རྣམ་པར་དག་པའི་ལྷག་བསམ་ཁོ་ནས་བཀའ་མོལ་གནང་མཁན་ཞིག་ཡིན་པ་བཞིན། སྐབས་དེར་ཡང་ཆེས་རྒྱུན་ལྡན་ཡིན་ལ་ཆེས་དམིགས་བསལ་ཡིན་པའི་གནང་སྟངས་དེ་གས་ཕྲུ་གུ་དེར་དང་ལེན་གནང་ཡོད།

མཚམས་འདིར་བསླེབས་དུས། ངས་རྒྱལ་གྱི་སྲིད་བློན་གཞོན་པ་ཟུར་པ་ཨེལ་ཀེ་ཨ་ཌི་ཝ་ནི་ (Lal Krishna Advani) མཆོག་གིས་བཀའ་མོལ་ཞིག་དྲན་བྱུང་། ཁོང་གིས།  “༧གོང་ས་མཆོག་སྔར་ཞིག་ལ་ར་ཤི་གྷེ་ཤིའི་ཡེ་ཤུའི་དུས་སྟོན་ཞིག་ལ་ཕེབས་སྐབས། ཡེ་ཤུའི་ཆོས་ལུགས་གསར་མ་དང་རྙིང་མའི་ཆོས་དཔོན་རྒན་རབས་གཉིས་འདུག །སྐབས་དེར་༧གོང་ས་མཆོག་གིས་ཁོ་གཉིས་ལ་འཐམ་གནང་སྟེ། མཉམ་འཛོམས་བྱེད་བཅུགས་ནས་ཁོང་གིས་ཁོ་གཉིས་ཀྱི་ཨོག་ཚོམ་ནས་འཐེན་པ་གནང་སོང་བས་གཉིས་ཀ་དགའ་པོ་བྱུང་སོང་། ངས་དེ་ནི་ཁོང་གིས་སུ་གཅིག་ལའང་གནོད་འཚེ་བྱ་རྒྱུའི་ཀུན་སློང་རྩ་བ་ནས་མ་འཆང་བས་ཡིན་པ་ངོས་ཟིན་བྱུང་།” ཞེས་བརྗོད་ཡོད། དེ་ནི་༧གོང་ས་མཆོག་གི་ལྷད་མེད་ཀྱི་མཛའ་བརྩེས་སྐྱེ་བོ་རྣམས་ལ་བཞག་པའི་བག་ཆགས་ཁྲི་ཁྲི་འབུམ་འབུམ་གྱི་ནང་ནས་རྒྱ་མཚོའི་ནང་གི་ཆུ་ཐིག་གཅིག་ཙམ་རེད།

ད་དུང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་སཏྱར་ཐི་ (Kailash Satyarthi) མཆོག་གིས་ཡིད་སེམས་འགུལ་བའི་བཀའ་མོལ་འདི་འདྲ་ཞིག་གནང་མྱོང་སྟེ། ཁོང་གིས་གསུངས་དོན། “ཐེངས་ཤིག་ང་འཇར་མན་རྒྱལ་ས་བྷར་ལན་གྱི་དུས་སྟོན་ཞིག་ལ་སྐད་ཆ་བཤད་པར་སྐད་བཏང་བྱུང་། སྐབས་དེར་༧གོང་ས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་འདུག་ལ། སྟབས་ལེགས་ནས་ངེད་གཉིས་སྡོད་ས་མཉམ་དུ་འཁེལ་འདུག །ཁོང་གིས་ང་ལ་ལག་པ་འཆང་བྱུང་བས་ངའི་སེམས་སུ་ཆོས་ཀྱི་གསོན་ཤུགས་ཤིག་རྒྱས་སོང་། ངས་ཉིན་ཤས་རིང་ལག་པ་འཁྲུ་རྒྱུ་མིན་བསམ་པའི་ཀུན་སློང་ཞིག་འཁོར་བྱུང་། ༧གོང་ས་མཆོག་གིས་སུ་དང་ཐུག་འཕྲད་གནང་ཡང་དབུ་ཐུག་གནང་གི་ཡོད་པ་ལྟར། ང་ལའང་སྐབས་དེར་དབུ་ཐུག་གནང་བྱུང་བས། ངས་ཉིན་ཤས་རིང་མགོ་ཡང་འཁྲུ་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཡིན། ངས་དངོས་གནས་ཉིན་ཤས་རིང་མགོ་དང་ལག་པ་འཁྲུས་མེད།” ཅེས་བཤད་ཡོད།

དེ་ཡང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ལ་དྭགས་པའི་མཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་ཁ་སང་རང་གི་གཏམ་བཤད་དུ། ༸ ང་རང་ཚོ་ལ་དྭགས་པ་ཡོངས་ལ་རྒྱུས་མངའ་ཡོད་པ་ཡང་ཁ་ཆེའི་ཆོས་ལུགས་པའི་མི་སྣར་མཇལ་ཁ་སྩལ་སྐབས་ཁོང་ཚོའི་སྨ་ར་འཐེན་པ་དང་། ཡང་མགོར་སྐྲ་སྤུ་མེད་མཁན་དག་ལ་ཐལ་ལྕག་ཞུ་བ། གཞོན་ནུ་ལ་སྐུ་རྩེད་གནམང་བ་སོགས་ཀྱི་མཛད་པ་ནི་སྐུ་མདུན་གྱི་བྱམས་བརྩེ་ངོ་མ་དེའི་མཚོན་བྱེད་ཡིན། སུ་ཞིག་ལའང་ཀུན་སློང་ངན་པས་དམའ་འབེབས་བྱེད་པའི་ཐུགས་བཞེད་དང་། མ་རུང་བའི་སྤྱོད་པ་ཕྲ་མོ་ཚུན་ཆད་ཅིག་གི་དྲི་མ་ཙམ་ཡང་སྐུ་མདུན་ལ་འགོས་མེད་པ་དེར། ལ་དྭགས་པ་ཡོངས་དཔང་པོ་ཡིན། ཞེས་བཤད་པ་ལྟར། ༧གོང་ས་མཆོག་གིས་སྐུ་རྩེད་གང་འདྲ་བྱས་ཀྱང་དེ་ལ་སུས་ཀྱང་༧གོང་ས་མཆོག་གིས་ང་ལ་གུས་ཞབས་མེད་པ་བྱས་སོང་བསམ་གྱི་མེད་དེ། རྒྱུ་མཚན་ནི། ཁོང་ཚོས་གོང་ས་མཆོག་གི་ཞལ་ཞེ་གཉིས་མེད་ཀྱི་བརྩེ་བ་དེ་སེམས་ཐོག་ནས་ཚོར་གྱི་ཡོད་པས་ཡིན།

འདི་ལ་དགོས་ནས། སངས་རྒྱས་ཀྱི་གསུང་གྲགས་ཅན་ཚིགས་སུ་བཅད་པའི་མཛོད་དུ། བསམ་པ་ནང་ན་ཡོད་པ་ཀུན། ཕྱི་རོལ་དུ་ནི་ཉེ་བར་དམིགས། ། ཞེས་གསུངས་ཡོད།

བརྙན་གྱི་ནང་དུ་ཕྲུ་གུ་དེ་དལ་བུས་སྐུ་དྲུང་ནས་ཕར་ཐོན་གྲབ་བྱེད་སྐབས་ཡང་བསྐྱར་༧གོང་ས་མཆོག་གིས་ཐུགས་ཚོར་ཆེན་པོས་ཕྲུ་གུ་དེར་ཐུགས་རྗེ་ཆེ་ཞེས་གསུངས་ནས། ཁྱོད་ཀྱིས་ཞི་བདེ་དང་བདེ་སྐྱིད་ལ་བརྩོན་པའི་མི་བཟང་བོ་དེ་ཚོ་མིག་དཔེར་འཛིན་དགོས། མ་རབས་ངན་པ་དེ་ཚོ་ལ་སློབ་སྦྱོང་མ་བྱེད། མི་མ་རབས་ཀྱི་རྗེས་སུ་མ་འགྲོ །ཞེས་ཕྱག་འཛུབ་གེར་ནས་ཐུགས་ཤིན་ཏུ་བསྒམ་པའི་རྣམ་འགྱུར་གྱི་བཀའ་ལན་གནང་སོང་། ཕྱུག་བདག་ཚོས་སྒོར་མོ་ཁོ་ནའི་ཆེད་དུ་དེང་རབས་ཀྱི་རོལ་རྩེད་སྣ་ཚོགས་བཟོས་ནས་ཕྲུ་གུ་ས་ཡ་མང་པོའི་བདེ་ཐང་དང་མི་ཚེ་ལ་ཤུགས་རྐྱེན་ངན་པ་སྤྲོད་མཁན་ཚོར་ཁོང་ཁྲོ་མི་ཟ་བར། བླ་ན་མེད་པའི་བྱམས་བརྩེས་མི་ཚེའི་ལམ་སྟོན་གནང་མཁན་གྱི་དགེ་སློང་བགྲེས་པོ་ཞིག་ལ་ཕྲུ་གུའི་དཔུང་གཉེན་ཡིན་འདོག་གིས་ཉེས་འཛུགས་བྱེད་པ་ནི་དྲིན་ལན་ལོག་མཇལ་ཞིག་རེད། ཡིན་ན་ཡང་། ང་ལ་དེའི་ཐད་ཁྱེད་ཚོར་ཁོང་ཁྲོ་ཟ་བཞིན་པ་དེ་འདྲ་མིན། འདི་ནི་ཐུན་མོང་གིས་གདོང་ལེན་དགོས་པའི་ང་ཚོའི་མི་རབས་འདིའི་སེམས་ཁམས་ཀྱི་ན་ཚ་དང་ཀུན་སྤྱོད་ཀྱི་ཉམས་ཆག་རེད།

མུ་མཐུད་ང་ཚོས་སྐབས་དེའི་བརྙན་ལ་བལྟས་ན། ཕྲུ་གུ་དེས་ཀྱང་ཡིད་ལ་ངེས་པའི་རྣམ་འགྱུར་གྱིས་མགོ་ལྕོགས་ལྡེམ་ལྡེམ་བྱས་པ་མཇལ་དུ་ཡོད། སྐབས་དེར་གོང་ས་མཆོག་གི་བཀའ་མོལ་ནི་འཛམ་གླིང་གི་མི་ཆེན་པོ་དང་། ཚོགས་སྡེ་དང་མི་སྒེར་གང་འདྲ་ཞིག་ལའང་གསུང་སྲིད་པའི་གལ་ཆེ་བའི་མི་ཚེའི་བསླབ་བྱ་ཞིག་རེད། ང་ཚོར་ཁ་ཡོད་ལག་ཡོད་ཀྱི་དགོས་པ་དེའང་རེད། སྐབས་དེར་ཁོང་གི་མདུན་ན་ཡོད་པའི་ཕྲུ་གུ་དེ་ནི་ང་ཚོའི་བསམ་པ་ནང་བཞིན་གྱི་བསམ་མེད་ཅིག་མིན་པར། འོད་དུ་མཚེར་བའི་མིའི་རིགས་ཀྱི་མ་འོངས་པའི་བདག་པོར་བཞེངས་རྒྱུའི་ནུ་བོ་ཞིག་རེད། ༧གོང་ས་མཆོག་ཐུགས་ཀྱི་གཏིང་ནས་དེ་ལྟར་དགོངས་ཀྱི་ཡོད་པ་ངས་གཏིང་ཟབ་པོས་ཚོར་ཐུབ་ཀྱི་འདུག །

དེ་མུར་གོང་ས་མཆོག་གིས་ཡང་བསྐྱར་ཕྲུ་གུ་དེ་སྐུ་གམ་དུ་བླངས་ནས་དམ་པོར་འཁྱུད་གནང་ཞིང་། ཕྲུ་གུས་ཀྱང་འཛེམས་དོགས་དང་འཇིགས་སྣང་། དོགས་མ་བདེ་བ་སྤུ་ཙམ་མེད་པར་ཕྲུ་གུ་ཞིག་རང་གི་ཨ་མྱེའི་འགྲམ་དུ་ཡོད་པ་བཞིན་གྱིས་༧གོང་ས་མཆོག་ལ་ཐ་མའི་འཐམ་འཁྱུད་དེ་ཞུས་ཡོད། སྐབས་དེར་༧གོང་ས་མཆོག་གིས་ཕྲུ་གུ་དེ་དང་མཉམ་དུ་མཛའ་བརྩེའི་བཀའ་ལན་གནང་སྟངས་ནི་སྤྱིར་བཏང་༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་བྷུ་ཤི་དང་། ཨ་ཧྥི་རི་ཀའི་ཆོས་དཔོན་ཀྲུ་ཀྲུ། དེང་རབས་ཀྱི་གླུ་མ་སྐད་གྲགས་ཅན་ལེ་ཀྲི་སྒ་སྒ་ནས་དགོན་པ་དང་གྲོང་གསེབ་པ་དཀྱུས་མ། དེ་བཞིན་རི་བོ་ཧི་མ་ལ་ཡའི་གངས་རིའི་མུ་ཁྱུད་བརྒལ་ནས་སྲོག་བསྡོས་ཀྱིས་གསེར་ཞལ་མཇལ་དུ་ཡོང་མཁན་གྱི་གསར་འབྱོར། ཕེབས་ལམ་གཡས་གཡོན་དུ་བང་བསྒྲིགས་བཞིན་པའི་འགྲུལ་པ་དག་ལ་གནང་བའི་མཛའ་བརྩེའི་ཕྱུག་པའི་བཅོས་མིན་གྱི་རྣམ་འགྱུར་དེ་རང་རེད།

འདིའི་ཐད་ཁོ་བོས་ཀྱང་ཐེངས་མང་པོར་༧གོང་ས་མཆོག་མཇལ་སྐབས། བླ་མ་ཁོང་གི་སྤྱན་འོག་ཏུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ཡང་ན་མི་ཚང་མ་དམིགས་བསལ་ཡིན་པའི་བརྗོད་པར་དཀའ་བའི་ཚོར་བ་དེ་དག་ནམ་ཡང་བརྗེད་དུ་མེད་པ་ཞིག་ཡིན། ཁོང་གི་ཕྱག་འོག་ཏུ་བསླེབས་པའི་སྐབས་ཀྱི་དྲོད་ཁོལ་དེ་ནི་སྨྲ་བསམ་བརྗོད་ལས་འདས་པའི་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་དྲོད་ཁང་དུ་བསླེབས་པ་ཞིག་ཡིན་ཞིང་། དེང་སང་གི་བཤད་སྟངས་ལྟར་བཤད་ན་འཇིག་རྟེན་གྱི་ཚད་རིམ་གཞན་ཞིག་ཏུ་བསླེབས་པ་ལྟ་བུ་ཞིག་ཡོད།

དེ་ལྟར་བརྒྱུད་རིམ་རེ་རེ་བཞིན་ཞིབ་ཏུ་མཇལ་སྐབས་ང་ལ་སེམས་ཚོར་དེ་ལས་ཀྱང་ཆེ་བ་ཞིག་བྱུང་། ༧གོང་ས་མཆོག་ནི་འཛམ་གླིང་རང་བཞིན་གྱི་མི་སྣ་ཆེན་པོ་ཞིག་རེད། ཉིན་དེའི་སྐུ་མགྲོན་གཙོ་བོ་ཡིན་པ་ཨ་ཅང་ཅང་། ད་དུང་གཡས་གཡོན་དུ་གལ་ཆེན་གྱི་མི་སྣ་ཧ་ཅང་མང་པོ་འཛོམས་ཡོད། དུས་ཚོད་དང་མཛད་བྲེལ། ཡང་ན་དགོང་ནའི་བབས་སོགས་མང་པོ་ཞིག་ལ་བཀའ་ལན་སོགས་གནང་རྒྱུར་དཀའ་སྣང་དང་ཉོབ་སྣང་ཡོང་སྲིད་པ་སོགས་ནི་ཧ་ཅང་བསམ་ཤེས་ཐུབ་པ་ཞིག་རེད། ༧གོང་ས་མཆོག་གི་མཚན་སྙན་དབང་ཐང་གི་བརྒྱ་ཆ་གཅིག་ཙམ་ཡོད་པ་ཞིག་ཡིན་ན་ཡང་། སྤྱིར་བཏང་གི་ཕྲུ་གུ་ཞིག་གི་སྐད་ཆ་ལ་བདག་སྤྲོད་དང་ཆེ་མཐོང་། ལྷད་མེད་ཀྱི་བྱམས་པོ་དེ་འདྲ་གནང་མཁན་གྱི་བག་ཡངས་དང་བཅོས་མིན་གྱི་ངང་རྒྱུད་ནི་ཧ་ཅང་མཐོང་དཀོན་པོ་ཞིག་རེད།

ཡང་དེ་ཡོད་ཚད་ཁྱོད་སྒེར་གྱི་མཐོང་སྣང་རེད། ཕྲུ་གུ་དང་ཕྲུ་གུའི་ནང་མིར་ཚོར་བ་མ་སྐྱིད་པ་བྱུང་ཡོད་སྲིད་སྙམ་ན། དྲི་བ་འདི་ཧ་ཅང་གལ་ཆེན་རེད་ལ། འདི་ནི་ང་ཚོའི་གནས་ཚུལ་འདིའི་ངོ་བོ་བཟང་ངན་གང་གི་ཕྱོགས་སུ་ཡོད་པ་མཇལ་བྱེད་ཀྱི་ཐིག་ཤིང་ལྟ་བུ་ཞིག་རེད། དེས་ན་ང་དྲི་བ་འདི་ལ་ཧ་ཅང་དགའ། གནས་ཚུལ་འདི་ཕྲུ་གུའི་ཨ་མའི་མིག་གི་མཐོང་ས་ནས་ཕྲུ་གུ་ལུས་ཐོག་ཏུ་བྱུང་བ་ཞིག་ཡིན་སྟབས། འདིའི་ཐད་ཁོང་གཉིས་དང་འདྲ་བའི་སྐད་ཆ་བཤད་རྒྱུའི་ཐོབ་ཐང་ཡོད་མཁན་གཞན་ཞིག་འཇིག་རྟེན་འདིར་གཞན་སུ་ཡང་མེད་པ་སྟེ། དེ་ནི་འགྲོ་བ་མིའི་སྤྱིར་བཏང་གི་བསམ་བློ་དང་། ཡང་ན་ཁྲིམས་དང་ལམ་ལུགས་ཀྱི་ངོས་གཉིས་ཆར་གཞི་གྲུབ་པ་ཞིག་ཡིན།
གཤམ་དུ་ང་ཚོའི་ཁོང་མ་སྨད་གཉིས་ཀྱིས་སྐབས་ཐོག་དེ་ག་རང་དུ་བཤད་པའི་གསར་ལམ་གྱི་དྲིས་ལན་ལ་མཉམ་དུ་ལྟའོ། །

ཐོག་མར་ངས་གསལ་བཤད་ཞུ་འདོད་པ་ཞིག་ལ། གཤམ་གྱི་དྲིས་ལན་དེ་ནི་གནས་ཚུལ་འདི་བྱུང་བའི་རྗེས་ཀྱི་དུས་ཚོད་གཞན་ཞིག་གམ། གནས་ཚུལ་འདི་གསར་ལམ་དུ་ཁྱབ་རྗེས་༧གོང་ས་མཆོག་གི་ཕྱོགས་ནས་སྒྱུ་ཐབས་ཀྱིས་བཅར་འདྲི་ཞུས་པ་ལྟ་བུ་ཞིག་མ་རེད། འདི་ནི་ནོར་ཝེ་རླུང་འཕྲིན་གྱི་གསར་འགོད་པས་སྐབས་ཐོག་དེ་ཀ་རང་དུ་མཇལ་བཅར་བ་ཚོར་བཅར་འདྲི་ཞུ་བཞིན་པའི་ཉིན་རེའི་བྱེད་སྒོའི་ཆ་ཤས་རེད། ཐོག་མར་དེ་སེམས་ལ་ངེས་དགོས། དེ་ཡང་ཕྲུ་གུས་བཤད་དོན།  ༧གོང་ས་མཆོག་མཇལ་བ་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན་ཙང་། ངས་གོང་ས་མཆོག་མཇལ་ཐུབ་པ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོ་བྱུང་། ངས་ཁོང་གི་མདུན་ནས་མཆོག་ཏུ་གྱུར་པའི་བྱིན་རླབས་ཐོབ་སོང་། གལ་ཏེ་ང་ཚོས་བྱིན་རླབས་དེ་འདྲ་ཞིག་ཐོབ་པ་ཡིན་ན། ཁྱེད་རང་སྔར་ལས་བདེ་སྐྱིད་དང་ལྡན་པ་དང་། སྔར་ལས་ཀྱང་འཛུམ་མདངས་སྟོན་མཁན་ཞིག་ཏུ་འགྱུར་གྱི་རེད། ང་སྒེར་ལ་མཚོན་ན་འདི་ཆེས་མཛེས་སྡུག་ལྡན་པའི་ཉམས་མྱོང་ཞིག་ཡིན། ཞེས་ལན་བཏབ་ཡོད། ལན་འདི་དབྱིན་སྐད་ཀྱི་ཐོག་ནས་བཏབ་ཡོད་ཅིང་། ལན་འདེབས་སའང་༧གོང་ས་མཆོག་དང་མཇལ་ཁ་ཞུ་སའི་ས་གནས་དེ་ག་རང་རེད་འདུག ༧གོང་ས་མཆོག་གི་འཛུམ་མདངས་ཀྱི་རིན་ཐང་དང་། དེས་ཁོང་རང་ཉིད་ཐེ་བའི་ང་ཚོའི་མི་ཚེར་ཤུགས་རྐྱེན་འདྲ་ཞིག་སྤྲོད་ཐུབ་ཀྱི་ཡོད་པའི་ཐད་ཕྲུ་གུ་ཁོའི་དྲིས་ལན་གྱི་གོ་སྟོབས་ནི་ང་ཚོ་དྲ་འབངས་ཧ་ཅང་མང་པོ་ཞིག་ལས་ལྷག་པའི་ཚད་དུ་ཐོན་འདུག །དེ་ཡང་གཙོ་བོ་ཕྲུ་གུའི་སེམས་ཁམས་ལྷད་མེད་ཡིན་པས་ལོས་ཡིན།

བུ་མོའི་ཨ་མས་ཀྱང་། ངའི་མིང་ལ་ཕ་ཡཱལ་ཁན་ནོ་སྒྲི་ཡ་ཟེར་གྱི་ཡོད། ང་འབུམ་རམས་པ་ཞིག་ཡིན། ང་ལ་ལོ་སྔ་མ་ནས་༧གོང་ས་མཆོག་གི་མཇལ་ཁ་ཐོབ་མྱོང་། དེ་རིང་ཡང་གོ་སྐབས་བཟང་པོ་འདི་འདྲ་ཞིག་ཐོབ་བྱུང་། ཁྱད་པར་དུ་། ངའི་ནང་མི་ཚོ་དང་།  ང་ཚོའི་impower གྱི་སློབ་ཐོན་པ་བཅས་མཉམ་དུ་རྩ་ཆེ་བའི་དུས་ཚོད་འདི་འདྲ་ཞིག་མཉམ་སྤྱོད་ཐུབ་པ་དེར་དགའ་སྤོབས་ཆེན་པོ་བྱུང་། ང་ཚོར་༧གོང་ས་མཆོག་གིས་བྱིན་གྱིས་བརླབས་བྱུང་། ཁོང་གིས་ང་ཚོར་འཛམ་གླིང་གི་ཞི་བདེ་ཡོད་ཚད་མི་རེ་ངོ་རེ་ནས་ཕན་ཚུན་སྤུན་ཟླ་མིང་སྲིང་གི་འདུ་ཤེས་འཛིན་པ་ཞིག་བྱུང་བ་ལས་ཡོང་དགོས་པ་ཞིག་ཡིན་པ་གསུངས་བྱུང་། དེ་ལྟ་བུའི་སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་ཚོར་སྣང་དེ་ཚོ་ནི་ཚིག་གིས་མཚོན་ཐུབ་པ་ཞིག་མ་རེད། ཅེས་ལན་བཏབ་ཡོད།

གོང་གི་སྐད་ཆ་ནི་ད་ལྟའང་མཐོང་དུ་ཡོད་པའི་བརྙན་ལམ་གྱི་ཚིག་ཅི་བཞིན་དུ་བསྒྱུར་བ་ཞིག་ཡིན། ཁོང་མ་བུ་གཉིས་ཀྱི་མི་ཚེའི་ནང་དུ་ཆེས་ཐོབ་པར་དཀའ་བའི་བདེ་སྐྱིད་དང་མཐའ་མེད་པའི་བྱིན་རླབས་ཀྱི་ཉམས་མྱོང་ཟབ་མོ་དེ། འགའ་ཞིག་ལ་ཅིའི་ཕྱིར་ཁོང་ཁྲོ་དང་མ་བདེ་བའི་ངོ་བོར་གྱུར་པ་རེད། འདི་ནི་ལྷའི་བདུད་རྩི་ཡི་དྭགས་ལ་རྣག་ཁྲག་ཏུ་སྣང་བའི་དཔེ་དང་ཅི་འདྲའི་འདྲ་བ་ལ་ཨང་།

དེས་ན་འདིའི་ཐད་ང་ཚོས་ཀྱང་སོ་སོ་ལ་དྲི་བ་རེ་འདྲི་དགོས་པ་འདུག །
དེ་ཡང་ང་ཚོ་ལ་གནས་ཚུལ་དེ་ཁོང་མ་བུ་གཉིས་ལས་གསལ་ཆ་ཆེ་བ་རེད་དམ།
ང་ཚོ་ལ་གནས་ཚུལ་དེའི་ཐད་ཁོང་མ་བུ་གཉིས་ལས་མྱོང་ཚོར་ཟབ་པ་རེད་དམ།
ང་ཚོར་གནས་ཚུལ་དེའི་ཐད་ཁོང་མ་བུ་གཉིས་ལས་འགན་འཁྲི་ཆེ་བ་རེད་དམ།
དོན་ངོ་མར་གང་ཡང་མ་རེད།

ང་ཚོའི་རང་ཉིད་ཀྱི་དོགས་པ་རྣམ་རྟོག་དང་། སེམས་ཀྱི་གཏིང་རུམ་དུ་ཡོད་པའི་ན་ཚ་ཞིག་ཕྱིར་མངོན་པ་རེད། ང་ཚོ་ནམ་རྒྱུན་གྱི་ཚོར་བ་མང་ཆེ་བ་འདི་འདྲ་རེད། དཔེར་ན། དེ་རིང་ཁྱོད་རང་མི་ཞིག་གི་ཐོག་ཏུ་སྤྲོ་ལངས་པའམ། གང་ལྟར་སེམས་པ་མ་སྐྱིད་པར་ཡོད་སྐབས། མཐོང་སྣང་མང་པོ་ཞིག་ཁྱོད་རང་ལ་ཁ་གཏད་ནས་ཡོད་པ་དང་། སྐྱོན་ཅན་དུ་མཐོང་གིན་ཡོད་པ་རེད། འདི་ཚང་མའི་རྩ་བ་དེ་ནམ་རྒྱུན་གྱི་ད་ལྟའི་ང་ཚོའི་འཚོ་བའི་ཁྲོད་ཀྱི་ནང་སེམས་ཀྱི་དཀའ་ངལ་དང་འབྲེལ་བ་ཡོད། འདི་ལ་སྲོལ་རྒྱུན་གྱི་སྐད་ཆའི་ནང་དུ། འཁྲིས་ནད་ཅན་གྱིས་གངས་རི་སེར་པོར་མཐོང་ཞེས་ཟེར་གྱི་ཡོད།

དེང་སང་རྒྱུག་ཆེ་བའི་ཐ་སྙད་དྲ་རྒྱའི་གནོད་འཚེའི་སྟོབས་ཤུགས་ཅེས་པ་ཞིག་ཡོད། དེས་མི་མང་པོ་ཞིག་ལ་ཧ་ཅང་གི་སེམས་ཀྱི་དཀའ་ངལ་སྤྲོད་ཀྱི་ཡོད། མི་ཚེའི་རེ་བ་ཡོངས་རྫོགས་བརླག་ཏུ་འཇུག་བཞིན་ཡོད། མང་པོ་ཞིག་རང་ཤི་རྒྱག་ཏུ་འཇུག་གིན་ཡོད། འདི་དོན་དངོས་ཐོག་དཀའ་ངལ་ཆེན་པོ་ཞེ་དྲག་རེད། དྲ་ཐོག་ནས་མི་གཞན་ལ་དམའ་འབེབས་དང་འཇིགས་སྐུལ་སོགས་ཀྱི་ཞབས་མཆན་འབྲི་མཁན་མང་ཆེ་བ་ནི་གཞན་གྱི་གནས་སྟངས་ལ་རྒྱུས་ལོན་གཏན་ནས་མེད་བཞིན་ཐད་ཀའི་ཚོར་སྣང་རང་གིས་སྐད་ཆ་ཤོད་པ་དང་། དེ་ཡང་སྡུག་ས་ཁོ་ན་ནས་བསམ་བློ་གཏོང་མཁན་གྱི་རིགས་ཡིན། དེ་ཡང་ནང་སེམས་ཀྱི་ཟབ་སར་ཡོད་པའི་སྡང་སེམས་དེ་སུ་ལ་ཐུག་ན་དེ་ལ་ཁ་གཏད་ནས་ཕྱིར་སྟོན་ཐབས་བྱེད་ཀྱི་ཡོད།

དེ་ནི་དོགས་འཚེར་ནད་པའི་མངོན་རྟགས་དང་འདྲ་བར་རྒྱུ་མེད་རྐྱེན་མེད་དུ་སྣང་བ་དགྲ་རུ་ལངས་པའི་ནད་རྟགས་ཤིག་ཡིན། དེ་ཉིད་ད་ལྟའི་དུས་རབས་འདིའི་ང་ཚོའི་ཐུན་མོང་གི་སེམས་ཁམས་ཀྱི་ན་ཚ་རུ་གྱུར་ཟིན། ཡང་བསམ་བཞིན་དུ་གཞུང་དང་ཚོགས་པ་དེ་འདྲས་དྲ་དམག་སྤྱད་ནས་གནས་ཚུལ་ཆེ་རུ་གཏོང་བ་དང་། མཆན་སྡུག་རུ་སྡུག་ཚད་རྒྱག་པ་དེ་ཚོ་ནི་སྐད་ཆ་ཁ་ཁ་ཞིག་རེད། གང་ལྟར་གནས་སྟངས་དེས་ཀྱང་ད་ཐེངས་ཀྱི་གསར་འགྱུར་འདིར་ནུས་པ་མང་པོ་བཏོན་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ངས་རང་གི་རྩོམ་ཡིག་འདིས་༧གོང་ས་མཆོག་དཀར་འདོན་བྱེད་པ་དང་། རྒྱལ་སྤྱིའི་གསར་ལམ་ཁག་གི་ཁ་གཏད་དུ་ལངས་ནས་གནས་ཚུལ་འདིར་གོ་བ་ལེན་སྟངས་ཀྱི་ཁ་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་རེ་སྟོང་བཅངས་མེད།

ལར་ངའི་སྐད་ཆ་འདི་གསར་ལམ་ཆེན་པོ་དེ་དག་གི་རྣ་ལམ་དུ་ཐོས་པའམ། ཁོང་ཚོས་དོན་དངོས་འདི་ཅི་བཞིན་ཤེས་ན་ཡང་ཁོང་ཚོས་གང་བཤད་ཟིན་པ་དེར་འགན་ཁུར་ལྡན་པའི་གསལ་བཤད་བྱེད་པ། བསྐྱར་དུ་ནོར་འཁྲུལ་ཡོ་བསྲངས་བྱེད་པ། དོན་དངོས་ཀྱི་གནས་ཚུལ་གསལ་བཤད་བྱེད་པ་སོགས་ནི་མི་སྲིད་པ་ལྟ་བུ་ཞིག་རེད།

འདིའི་ཐད་ང་ལ་ཉམས་མྱོང་གཏིང་ཟབ་ཡོད། ང་ཐའེ་ཝན་དུ་ཡུན་རིང་སྡོད་མྱོང་ཡོད། སྤྱིར་བཏང་ཐའེ་ཝན་གྱི་གསར་འགྱུར་ལ་ལྟ་རྒྱུར་དགའ་པོ་ཡོད། ཐའེ་ཝན་གྱི་གསར་འགྱུར་རང་དབང་ནི་ཧ་ཅང་ཚད་མཐོན་པོ་རེད། ཡིན་ན་ཡང་། གསར་ལམ་ཕལ་མོ་ཆེས་མི་ཞིག་ལ་མ་འགྲིགས་པ་ཞིག་བྱུང་བ་དང་། གསར་འགྱུར་ངན་པ་ཞིག་ཐོན་ན་དེ་ཁོ་ན་ཡང་དང་ཡང་དུ་འགོད་ཅིང་། མི་དེ་གཏན་ནས་ཡར་ལངས་ས་མེད་ཞིག་གི་ཚད་དུ་མ་བསྐྱལ་གྱི་བར་དུ་མི་རབས་ཚ་བརྒྱུད་དང་བཅས་པ་ཚུར་དྲུད་ནས་སྐྱོན་འཚང་ཡོད་ཚད་བརྔོགས་ངེས་ཡིན།

དེ་ཡང་ཀུན་སློང་ནི་བརྒྱ་ཆ་དགུ་བཅུ་གཞན་གྱིས་གཞན་གྱི་ལུས་ཐོག་ཏུ་བྱུང་བའི་སྡུག་བསྔལ་དང་བཀྲ་མ་ཤིས་པ་གནས་ཚུལ་དེ་རང་སྤྱད་ནས་རང་གི་བརྒྱུད་ལམ་གྱི་ཁྱབ་ཚད་དང་། ཡོང་འབབ་མཐོར་འདེགས་ཡོང་བར་བྱེད་པ་ཞིག་རེད། མཐར་གཏུགས་ན་ཕྱི་གསལ་ནང་གསལ་དང་ཁྲིམས་མཐུན་གྱི་ཐོག་ནས་གཞན་ལ་གནོད་འཚེ་གཏོང་བའི་བྱ་ཐབས་ཀྱི་ཐོག་ནས་རང་གི་མངོན་འདོད་བསྒྲུབས་པའི་ཐབས་ལམ་ཞིག་རེད། ཕ་རོལ་པོ་དེས་ཚབས་ཆེ་བའི་ནོར་འཁྲུལ་ཞིག་བཟོས་ཡོད་ན་དེ་ལྟར་ཡིན་དུ་ཆུག་མོད། སྐབས་མང་པོ་ཞིག་ལ་བདེན་རྫུན་མ་ངེས་པའི་གསར་འགྱུར་ཞིག་ཐོན་མ་ཐག །དེ་ཉིད་ཡང་དང་ཡང་དུ་སྒྲོགས་སྤེལ་བྱེད་ཅིང་། ཐོག་མ་ནས་ཧ་ལམ་མི་དེ་དང་དེའི་འབྲེལ་ཡོད་ཚང་མ་མིའི་མཐོང་ཡུལ་དུ་ཡོང་ས་མེད་པ་ལྟ་བུ་ཞིག་བཟོས་ཟིན་པ་དང་།  དེ་ནས་གནས་ཚུལ་དེ་མ་ཉེས་ཁ་ཡོག་ཡིན་པ་ར་འཕྲོད་པ་སོགས་བྱུང་བ་དེ་ཙ་ན་གསར་ལམ་དག་གིས་མི་དེ་ལ་དྲང་བདེན་ཡོད་པ་ངོས་ལེན་བྱེད་པའི་གསར་འགྱུར་ཙམ་ཡང་མི་འགོད། རང་གིས་སྔར་བཀོད་ཟིན་པའི་འབྲེལ་ཡོད་གསར་འགྱུར་དེ་ཚོ་བདེན་པ་མིན་པ་ར་འཕྲོད་ཀྱང་ད་དུང་དྲ་ཐོག་ནས་བསུབ་པ་ཙམ་ཡང་མི་བྱེད། དེ་དང་དེ་ལྟ་བུའི་བྱེད་བབས་མང་པོ་ཞིག་གིས་གསར་ལམ་དག་གིས་རང་དབང་སྤྱད་ནས་གཞན་གྱི་ཁེ་དབང་ལ་བསམ་ཡུལ་ལས་འདས་པའི་དོ་ཕོགས་གཏོང་བཞིན་པ་ངས་མཐོང་ཡོད། ཁོང་ཚོར་བཟང་ཕྱོགས་ཀྱི་ཡོན་ཏན་དང་བྱས་རྗེས་མེད་པའང་ག་ལ་ཡིན་མོད། གང་ལྟར་ང་ལ་མཚོན་ན་གསར་ལམ་ནི་རེ་བ་དང་ཡིད་ཆེས་བྱ་ཡུལ་ཞིག་ཡིན་མིན་ཐད་དོགས་པ་ཆེན་པོ་བསླེབས་ཟིན།

ཁོང་ཚོ་གསར་འགྱུར་གྱི་ཁ་བྱང་འབྲི་བར་ཧ་ཅང་མཁས་པོ་ཡོད། རང་གི་ལངས་ཕྱོགས་ཡིན་པར་ཁ་གསལ་མི་གཏོད་ཅིང་། ཁ་བྱང་ལ་བལྟས་པ་ཙམ་གྱི་གནས་ཚུལ་ཛ་དྲག་ཡིན་པ་དང་། དོན་དངོས་ངེས་བརྟན་མེད་པའི་ཚིག་བརྗོད་འབྲི་ཤེས། ཁྲིམས་ཀྱི་གསལ་ཁ་མེད་པའི་མག་མོག་གི་ལམ་ཁ་དང་། ཡི་གེའི་རོལ་རྩེད་ཀྱིས་གཞན་ལ་གནོད་འཚེ་གཏོང་བའི་ཐབས་ལམ་ལ་བྱང་ཆ་ལྡན། དེའི་ཕྱིར་ངས་ཁོང་ཚོར་བཅངས་པའི་ཡིད་ཆེས་དེར་སྔར་ནས་གས་ཆག་ཤོར་ཟིན།

སྐབས་འདིར་ཉེ་ཆར་གུས་པས་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་དང་མཉམ་དུ་གླེང་མོལ་ཞུས་པ་ཞིག་ཏུ་རིན་པོ་ཆེས། སྔར་ཡིན་ན་ནིའི་ཡོག་དུས་བབ་དང་བྷི་བྷི་སི་སོགས་ནི་དྲང་བདེན་གྱི་ཚད་ཐིག་ཏུ་བསམ་མྱོང་ཡོད་ལ་རྗེས་འབྲངས་པ་རྣལ་མ་ཞིག་ཡིན། ད་ཆ་ཡིད་ཆེས་དེ་དག་ཡོངས་སུ་བརླགས་ཟིན་པ་དང་། ཁོང་ཚོ་ནི་རྐྱག་རྫུན་ལ་བྱང་ཆ་ཆེ་ཤོས་ཤིག་རེད། ཅེས་གསུངས་པ་དྲན་བྱུང་། མདོར་ན། གསར་ལམ་ཁག་མང་པོ་ཞིག་ནི་རྐྱག་རྫུན་གྱི་སྒྱུ་རྩལ་བ་ཞིག་ཡིན་པར་མ་ཟད། གཞན་ལ་གཟུགས་མེད་ཀྱི་གནོད་འཚེ་གཏོང་མཁན་གཏེ་བོ་ཞིག་རེད། བོད་ཀྱི་གཏམ་དཔེ་ཞིག་ལ། གཏམ་ལ་མདའ་མཚོན་མེད་ཀྱང་མི་སྙིང་ཚལ་བར་འབིགས་ཅེས་པ་ཞིག་ཡོད། དེ་ནི་གསར་ཁང་དེ་ཚོའི་ཆེད་ལས་རེད།

ངས་འདིར་བཤད་འདོད་པ་ནི་གཙོ་བོ་ཁོང་ཚོར་སྐྱོན་བརྗོད་བྱ་རྒྱུ་དེ་མིན་པར། ང་ཚོ་བར་མ་དོ་ན་ཡོད་པའི་མི་དཀྱུས་མ་ཚོས་གསར་ལམ་གྱི་གླེང་ཕྱོགས་ལ་ཚད་ལས་བརྒལ་བའི་ཡིད་ཆེས་བྱ་མི་རུང་ཞེས་གསལ་འདེབས་ཤིག་ཞུ་བ་ཙམ་ཡིན། མ་མཐའ་ཡང་གསར་ལམ་གྱི་གླེང་ཕྱོགས་ཀྱིས་རང་གི་ཚོར་བ་འཕར་ནས་རྟོག་དཔྱོད་ཀྱི་བསམ་བློ་ལ་འགོག་རྐྱེན་བཟོ་མི་འོས། འདི་ཧ་ཅང་གལ་ཆེན་པོ་ཞིག་རེད།

ཡང་རྒྱ་གར་ནི་བོད་ཀྱི་མི་རྣམས་ཀྱིས་རྟག་ཏུ་འཕགས་ཡུལ་ཞེས་འབོད་ས་དེ་ཡིན་ཞིང་། ༧གོང་ས་མཆོག་གིས་ང་ནི་རྒྱ་གར་གྱི་བུ་ཕྲུག་ཅིག་ཡིན་གསུངས་ཡོད། མ་ཟད་༧གོང་ས་མཆོག་གི་རྒྱ་གར་སྲོལ་རྒྱུན་རིག་གཞུང་ཉམས་གསོའི་རླབས་ཆེན་གྱི་དགོངས་བཞེད་ནི་རྒྱ་གར་གྱི་གཅེས་ནོར་རེད། འདི་ངས་བཤད་བཞག་པ་ཞིག་མ་རེད། དེ་ཡང་༢༠༡༦ ལོའི་ཟླ་དང་པོའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལའི་ཨོ་བྷེ་རོ་ཡི་གསོལ་མགྲོན་ཁང་དུ་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གྱ་སྟོན་གྱི་མཛད་སྒོར་རྒྱ་གར་གྱི་སྲིད་བློན་ཟུར་བ་མན་མཱ་ཧན་སིང(Dr.Manmohan Singh) ་གིས། “ཁྱེད་ཀྱིས་ང་ཚོའི་རྒྱལ་ཁབ་འདི་ཞི་བདེ་དང་འཆམ་མཐུན། བཟོད་སྒོམ་ཅན་ཞིག་ཏུ་འགྱུར་རྒྱུར་བྱིན་རླབས་སྩོལ་རོགས། ཁྱེད་རང་རྒྱ་གར་མི་མང་ལ་བཀའ་དྲིན་ཆེན་པོ་ཡིན། ཁྱེད་ཀྱིས་ང་ཚོའི་རྒྱལ་ཁབ་འདིའི་ཕུགས་བསམ་འགྲུབ་རྒྱུར་ལམ་སྟོན་གནང་རོགས་ཞུ་བཞིན་ཡོད།” ཅེས་ཞུས།

ཡང་རྒྱ་གར་གྱི་ཁྲིམས་འཛིན་བློན་ཆེན་ཟུར་བ་རམ་ཇི་ཐ་མ་ལ་ནི་ (Ram Jethamalani) ལགས་ཀྱིས་ཀྱང་། “ང་ཚོ་རྒྱ་གར་བས་འབྲས་བུ་བཟང་པོ་བསགས་ཡོད་སྟབས་ད་ལྟ་ང་ཚོར་ལས་བཟང་གི་འབྲས་བུ་ལོངས་སུ་སྤྱོད་རྒྱུ་རག་ཡོད། ང་ཚོར་ཁྱེད་ཀྱི་བྱིན་རླབས་དགོས། རྒྱ་གར་བས་ཁྱེད་ཀྱི་བཀའ་དྲིན་སྙིང་བཅངས་ཞུ་བཞིན་ཡོད།” ཅེས་གསོལ་བ་བཏབ་ཡོད། དེ་ནི་༧གོང་ས་མཆོག་གིས་རྒྱ་གར་གྱི་ས་གཞི་ཆེན་པོ་དེར་གནང་བཞིན་པའི་མཛད་པའི་ཆ་ཤས་ལ་དྲང་བདེན་གྱི་ངོས་འཛིན་བྱས་པ་ཞིག་རེད། ཡིན་ན་ཡང་། ཐེངས་འདིར་གསར་ལམ་དང་མི་སྒེར་ཅི་རིགས་པ་ཞིག་གིས་འགན་ཁུར་མེད་པའི་གཏམ་སྤྱོད་དེ་རིགས་ཀྱིས་༧གོང་ས་མཆོག་གི་ལྷག་བསམ་རྣམ་དག་ལ་ལོག་སྒྲུབ་བྱས་ཡོད་ཅིང་། དེས་སྤྱིར་འཛམ་གླིང་དང་། དགོས་རྒྱ་གར་གྱི་རང་དབང་སྲོལ་རྒྱུན་རིག་གནས་བསྐྱར་དར་གྱི་རླབས་ཆེའི་དྲང་སྲོང་ཞིག་གི་རྩ་ཆེ་བའི་རིན་ཐང་ལ་དོ་ཕོག་གཏོང་བའི་སྦྱོར་བ་བརྩམས་པ་ཞིག་ཡིན་པའི་ངོས་འཛིན་དགོས་ངེས་སུ་གྱུར་ཡོད།

ཡང་འགའ་ཞིག་གིས། ལྕེ་སྣར་བ་ནི་བོད་པའི་རིག་གཞུང་ཡིན་ཚུལ་གྱི་འགྲེལ་བཤད་རྒྱག་གིན་འདུག །དེ་ཡང་རྒྱུ་མཚན་མེད་པ་ཞིག་མ་རེད། འབྲོག་པ་མང་ཆེ་བས་ཕོར་བ་ཡང་ལྕེས་ལྡག་པ་དང་། གནའ་སྔ་མོ་འོག་མས་གོང་མར་གུས་ཞབས་ཀྱི་བརྡར་ངེས་པར་དུ་ལྕེ་སྐྱོང་དགོས་པ་སོགས་ནི་རྒྱུན་ལྡན་རེད། ཡིན་ན་ཡང་། ངའི་ངོས་ནས་༧གོང་ས་མཆོག་གི་གནང་སྟངས་དེ་ནི་གུས་ལུགས་ཀྱི་སྒྲོམ་གཞི་བྱེ་བྲག་པ་ཞིག་གི་སྐད་ཆ་ཡིན་པའི་ངོས་འཛིན་བྱ་བཞིན་མེད།  དེ་ཡང་འདི་ངའི་རིག་གནས་ཤིག་ཡིན་ཟེར་བ་དང་། ཁྱོད་ཀྱི་དེ་ལམ་ལུགས་སྲོལ་ཞིག་ཡིན་དགོས་ཟེར་བ་ཚང་མ་ཕྱི་ཚུལ་རང་ལུགས་ཀྱི་གཟུགས་བརྙན་ཙམ་གྱིས་འགྲེལ་བ་རྒྱག་སྟངས་ཤིག་རེད། དེས་ན་རིག་གནས་གོམས་གཤིས་ཁོ་ནས་འགྲེལ་བཤད་རྒྱག་འདོད་ཀྱི་འདུན་པ་དེ་ང་ལ་མེད།

གལ་ཏེ་ཀུན་སློང་མ་དག་པ་ཞིག་ཡོད་ན། རིག་གནས་གོམས་སྲོལ་ལ་ཁ་གཡར་ནས་ཀྱང་གུས་མེད་ཀྱི་ལས་ཀ་ལས་ཆོག །དེ་འདྲའི་སྣང་ཚུལ་ཉི་མ་རྟག་པར་ཡོང་གིན་ཡོད། ཀུན་སློང་ལ་སྐྱོན་མེད་ན་འགའ་རེའི་མིག་ལ་མི་བདེ་ཙམ་ཡོང་སྲིད་ཀྱང་དེ་སྐྱོན་ཆེན་པོ་ཞིག་ཡིན་པའི་ངེས་པ་ཁྱོན་ནས་མེད། མཐར་ཐུག་ས་གཙོ་བོ་ནི་ཀུན་སློང་དང་བྱུང་རིམ་དངོས་ཀྱི་སྦྱོར་དངོས་མཇུག་གསམ་གྱི་གནས་སྟངས་ལས་ཐག་གཅོད་དགོས། དེ་དང་མཉམ་དུ་མི་རིགས་སོ་སོར་སོ་སོའི་རིག་གནས་རྒྱབ་ལྗོངས་དང་འབྲེལ་བའི་སྐད་ཆ་དང་ཐ་སྙད་ཀྱིས་ཚོར་བ་སྤྲོད་སྟངས་ཧ་ཅང་མ་འདྲ་བ་ཞིག་ཡོད་པ་སོགས་ཀྱང་ངེས་པར་ཤེས་དགོས། སྐད་ཆ་དང་ཐ་སྙད་རེ་རེ་མེ་ཏོག་རྐང་རེ་རེ་ཡིན་པའི་དབང་དུ་བཏང་ན། སྐད་ཆ་དང་ཐ་སྙད་དེ་དག་རེ་རེ་ལ་སྐྱེ་ཁམས་ཀྱི་ཁོར་ཡུག་ཁ་ཁ་རེ་ཡོད་པ་འདིར་རྩི་བཀུར་ནུས་པ་ཞིག་དགོས། ཕྱོགས་གཅིག་ཁོ་ནའི་ལྟ་ཚུལ་སྤྱད་ནས་བཤད་ན་ཚང་མ་ལ་དཀའ་ངལ་གཅིག་མཚུངས་སུ་ཡོད།

ང་ལོ་ཉི་ཤུ་རྩ་གྲངས་སྔོན་ཐོག་མར་ཟི་ལང་གྲོང་ཁྱེར་དུ་བསླེབས་སྐབས་སྲང་ལམ་ནས་བརླ་ཤ་རྗེན་པར་མངོན་པའི་བུད་མེད་རིག་ན་ངོ་ཚ་ནས་ཐད་ཀར་ལྟ་མི་ཕོད། སྲོལ་རྒྱུན་གོམས་སྲོལ་གྱི་ངོས་ནས་དེ་ནི་ཆགས་སྲེད་ཀྱི་རྣམ་འགྱུར་ཞིག་རེད། ནམ་རྒྱུན་དེང་རབས་གསར་ལམ་གྱི་མདོ་འཛིན་པ་དང་གཙོ་སྐྱོང་བ་དེ་ཚོ་སྤོབས་པ་ཆེན་པོའི་སྒོ་ནས་བརླ་དང་ནུ་མ་ཕྱེད་ཙམ་མངོན་པའི་གོས་སྲབ་མོ་ཤ་མི་སྒྲིབ་ལ་མི་སྒྲིབ་ཙམ་རེ་གོན། ནུ་མ་རས་ཁུག་དང་ཐག་པས་བསྡམས་ནས་ཆེད་དུ་འབུར་དུ་གཏོད། ཐ་ན་མཚན་མ་ཡང་འབུར་དོད་དུ་མཐོང་ལ་ཁད་པ་ཞིག་བྱས་ནས་སྡོད་སྐབས། ཆོས་ལུགས་ཀྱི་ངོས་ནས་སམ། ཁྱེད་ཅག་གི་རིག་གནས་ཀྱི་རྒྱབ་ལྗོངས་མི་ཤེས་པ་ང་ལྟ་བུའི་ངོས་ནས་དེ་ནི་ཧ་ཅང་མི་འོས་པའི་མཐར་ཐུག་ཏུ་ཡོད་པ་ཞིག་རེད། དེ་ཁྱོད་ཀྱིས་བསམ་བློར་འཁོར་མྱོང་ཡོད་རྒྱུ་མ་རེད། གང་རེད་ཟེར་ན། མང་པོ་ཞིག་གིས་རང་གི་རིག་གནས་ཀྱི་ལྟ་ཚུལ་ཁོ་ན་རིག་གནས་ཐམས་ཅད་ལ་བཙན་འགེལ་བྱེད་བཞིན་ཡོད་པ་རེད། དོན་ལ་ང་ཚོ་མི་ཚང་མ་རང་རང་གི་འཇིག་རྟེན་ཞིག་ཏུ་འཚོ་བཞིན་ཡོད།

ང་དང་ང་ལྟ་བུའི་འཛམ་གླིང་གི་སྣེ་གསུམ་པའི་མི་ཚོས་ཀྱང་དེ་ནི་ནུབ་ཕྱོགས་ཀྱི་རིག་གཞུང་རེད། དེང་རབས་ཀྱི་དར་སྲོལ་རེད་སྙམ་ནས་རྒྱབ་ལྗོངས་ལ་བསམ་ཤེས་ཀྱིས་དང་ལེན་གང་ཐུབ་ཞུ་བཞིན་ཡོད་ན་ཡང་། ཁྱེད་ཚོ་མང་པོ་ཞིག་དེ་ལས་ལྡོག་སྟེ་སློབ་སྦྱོང་དང་མཐོང་རྒྱ་ཡོད་བཞིན་རང་གི་ལྟ་ཚུལ་ཁོ་ན་ཨང་དང་པོ་ཡིན་སྙམ་པའི་ང་རྒྱལ་དང་རྨོངས་ཞེན་དེས་བསྡམས་ནས་ཡོད། དེང་སང་གི་མི་ཚོའི་བསམ་ཤེས་དང་དཀྱེས་ཡངས་ཀྱི་བསམ་བློ་དེ་ཚད་གཞི་ཧ་ཅང་ཞན་པོ་རེད། མང་པོ་ཞིག་གིས་སོ་སོའི་རིན་ཐང་དང་མཛེས་དཔྱོད་ཀྱི་ལྟ་བ་ཁོ་ན་ཚང་མའི་མཛེས་དཔྱོད་དང་རིན་ཐང་གི་ལྟ་བ་ཡིན་དགོས་སྙམ་པའི་བཙན་ཤེད་ཀྱི་བསམ་བློ་ལས་སད་མེད།

བོད་དང་ཨེ་ཤ་ཡ་ཕལ་མོ་ཆེར། ཕྲུ་གུར་ལག་པས་འཆང་བ་དང་། བྱམས་པོ་བྱེད་པ། རྩེད་མོ་འདྲ་མིན་རྩེ་བ་སོགས་ལ་ཆགས་སྲེད་ཀྱི་ངོས་ནས་ལྟ་བ་འདི་ད་ལྟ་གཞི་ནས་དར་མགོ་ཚུགས་པ་ཙམ་ཡིན། བོད་དུ་ཨ་ཅང་ཅང་། ང་ཐའེ་ཝན་དུ་ཡོད་སྐབས་ཀྱང་རང་གི་སློབ་མའི་ཕྲུ་གུ་པང་དུ་ལེན་པ་དང་། བྱམས་པོ་བྱེད་པ་སོགས་ནི་ཧ་ཅང་རྒྱུན་ལྡན་ཞིག་རེད། ཡིན་ན་ཡང་། ང་ཨོ་གླིང་དུ་བསླེབས་ནས་དེ་ལྟར་ཕོད་ཀྱི་མེད། གང་རེད་ཟེར་ན། དེ་ལྟར་བྱས་ན་ང་ལ་མཐོང་ཚུལ་གཞན་ཞིག་ཡོང་སྲིད་པ་དེ་ངས་ཤེས་ཀྱི་ཡོད། སྐབས་མང་པོ་ཞིག་ལ་འདི་ཉིད་ཡར་རྒྱས་ཤིག་ཏུ་ངོས་འཛིན་དགོས་མིན་ཐད་ང་ལ་ཐེ་ཚོམ་འདུག དེ་ལས་ལྡོག་སྟེ། འགྲོ་བ་མིའི་བྱ་སྤྱོད་ལས་བྱུང་བའི་བསམ་བློ་དང་ཡིད་ཆེས་ཀྱི་ཉམས་རྒུད་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་འདི་ངའི་ལྟ་ཚུལ་ཡིན།

གནའ་ཡིན་ན་ང་ཚོས་ཕྲུ་གུ་ལ་ཕྲུ་གུར་ལྟ་ནས་བྱམས་པོ་བྱེད། རྒན་པས་ཕྲུ་གུ་ལ་ཞི་དྲག་གཉིས་ཀྱི་སྒོ་ནས་སྐྱོང་། ཐ་མ་དེར་རྒན་པས་གཞོན་པ་གཅེས་ཤིང་གཞོན་པས་རྒན་པར་བཀུར་བ་དང་། མི་ཚེ་གང་པོར་རྒན་པ་དང་གཞོན་པའི་བར་གྱི་མཛའ་འབྲེལ་བཟང་པོ་ཞིག་གི་རྒྱུན་མཐུད་ཐུབ་ཀྱིན་ཡོད་མོད། ད་ཆ་ནི་ཕྲུ་གུ་ཡང་ཆགས་སྲེད་ཀྱི་ཡུལ་དུ་བལྟས་ཤིང་། ཕན་ཚུན་དོགས་པ་རྣམ་རྟོག་ཚ་རུ་ཕྱིན། ཡིད་ཆེས་ཀྱི་ཚད་གཞི་དམའ་རུ་ཕྱིན་དེ་རྒན་གཞོན་བར་གྱི་འབྲེལ་ཐག་རིང་ནས་རིང་དུ་འགྲོ་ཞིང་། ཐ་མ་དེར་རྒན་གཞོན་གཉིས་ཆར་བརྩེ་བས་ཕོངས་པའི་ཁེར་རྐྱང་གི་སྡུག་བསྔལ་གྱིས་མནར་བཞིན་ཡོད། གནའ་བོའི་རང་བྱུང་བཅོས་མིན་གྱི་འཚོ་བ་ལ་ཅི་ཙམ་སྣང་ཆུང་བྱས་པ་དེ་ཙམ་ང་ཚོར་ཕམ་ཁ་མང་བ་ཡོད། དོན་དངོས་ནི་དེ་འདྲ་ལགས་མོད། སྐད་ཆ་འདི་བཤད་སྐབས་ང་ལ་གྲོག་མ་ཞིག་གིས་རི་བོ་ཇོ་མོ་གླང་མ་ཡར་འགྱོགས་འདོད་བྱེད་བཞིན་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་སྤྲད་ཀྱི་འདུག །དེ་ནི་ངའི་སྐད་ཆ་དེར་ཁྱོད་ཀྱིས་མཉན་འཇོག་བྱེད་མི་སྲིད་སྙམ་པའི་ཡིད་ཆེས་ད་ངའི་སེམས་ནང་དུ་འཛུལ་བཞིན་ཡོད་པས་ཡིན།

དོན་དངོས་ཀྱིས་ད་ལྟའི་གསར་འགྱུར་འདིས་༧གོང་ས་མཆོག་གི་ངེས་པ་དོན་གྱི་མཛད་པ་འཕྲིན་ལས་ལ་དོ་ཕོགས་གང་ཡང་འགྲོ་རྒྱུ་མིན་མོད། གལ་ཏེ་འགྲོ་སྲིད་པའི་དབང་དུ་བཏང་ན་དེ་ནི་འགྲོ་བ་མིའི་ཆེས་གལ་འགངས་ཆེ་བའི་རང་དབང་དང་ཞི་བདེ། བྱམས་བརྩེ་དང་དྲང་བདེན། ཁྱད་པར་དུ་སྟོན་པ་ཐུགས་རྗེ་ཅན་དང་། ན་ལེནྡྲའི་ཤེས་ཡོན་སྙིང་སྟོབས་ཀྱི་གསོན་ཤུགས་སུ་གྱུར་པའི་མཚོན་རྟགས་ཤིག་ལ་དོ་ཕོག་བཏང་བ་ཞིག་ཡིན་པ་དང་། དེ་ནི་མིའི་རིགས་དང་རྒྱ་གར་གྱི་ས་གཞི་ཆེན་པོ་དེའི་གྱོང་གུད་རེད། ལྷག་པར་དུ་རྒྱ་གར་གྱི་ས་གཞི་ཆེན་པོའི་ཐོག་ཏུ་ཡོད་པའི་ནང་པ་ཡོངས་རྫོགས་དང་། ཧི་མ་ལ་ཡའི་ལྗོངས་ཀྱི་མི་མང་། ཁྱད་པར་རྒྱ་གར་ལ་ཡིད་ཆེས་ཆེན་པོ་བྱེད་མཁན་གྱི་བོད་པ་ཚང་མར་བློ་ཕམ་ཆེན་པོ་བཟོས་ཡོད་པ་འདི་རྒྱ་གར་གྱི་བརྒྱུད་ལམ་དག་གི་ངོས་ནས་ངེས་པར་དུ་ཚོར་དགོས། ནམ་རྒྱུན་འདར་དབྱངས་ཀྱི་ཐོག་ཏུ་༧གོང་ས་མཆོག་གིས་མཚན་ཟུར་ཙམ་དང་། འདྲ་པར་ཙམ་ཡང་འགོད་སྤེལ་བྱས་ན་བཙོན་འཇུག་གི་ཉེས་ཆད་ཕོག་སའི་རྒྱ་ནག་ཏུའང་། ད་ཐེངས་རྒྱ་གར་གྱི་རྒྱུད་ལམ་ཁག་གི་བཤད་སྟངས་ལ་རྗེས་ཟློས་བྱས་ནས་བརྒྱུད་འགོད་བྱ་མགོ་ཚུགས་ཡོད་མོད། ཁོར་ཡུག་དེར་མཚོན་ན། གནས་ཚུལ་གང་ཡིན་པ་དེ་གསལ་བཤད་བྱེད་པའི་ལམ་ཁ་གང་ཡང་མེད་དེ། དེའི་ཆ་ནས་རང་དབང་གི་ཁོར་ཡུག་ཏུ་ཡོད་པའི་གསར་འགྱུར་དང་བརྒྱུད་ལམ་དག་གིས་སོ་སོའི་གཏམ་སྤྱོད་ཀྱི་མཇུག་འབྲས་དེར་བསམ་བློ་བསྐྱར་དུ་གཏོང་དགོས་པ་ཞིག་ཆགས་ཡོད།

ནམ་རྒྱུན་ཁྱེད་ཚོས་འཛུབ་མོ་ཕར་བཙུགས་ནས་༧རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱ་བཞིན་ཡོད་པ་དང་། ༧གོང་ས་མཆོག་བོད་མི་དང་འཛམ་གླིང་གི་ནང་པ་ཡོངས་ཀྱི་དབུ་ཁྲིད། རང་དབང་དང་དྲང་བདེན་གྱི་མཚོན་རྟགས་ཡིན་པར་བཤད་ཀྱི་ཡོད་པ་དེ་བདེན་ན། དེ་རིང་ཁྱེད་ཚོས་རང་འགུལ་གྱི་སྒོ་ནས་བོད་དང་ནང་པའི་སེམས་ཀྱི་བླ་སྲོག་དེར་གནོད་འཚེ་གཏོང་ཐབས་བྱས་ཡོད་པ་འདིར་འགྲེལ་བཤད་ཅིག་དགོས་ངེས་རེད། སྔ་ཕྱི་མ་གཏོགས་གནས་ལུགས་འདི་ངོས་ཟིན་རྒྱུའི་རེ་བ་ཡོད།

དེ་དང་མཉམ་དུ་དོན་དངོས་ལ་ཞིབ་ཏུ་དཔྱོད་པའི་བློ་གྲོས་མངའ་ཞིང་། དྲང་བདེན་དང་ལས་འབྲས་དཔང་དུ་བྱེད་པའི་སྤྱི་སྒེར་མང་པོ་ཞིག་གིས་དོན་དངོས་དང་མཐུན་པའི་དཔྱད་བརྗོད་དང་བསམ་ཚུལ་མང་པོ་གསུང་ཡོད་པ་དེ་དག་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཧི་མ་ལ་ཡའི་༧གོང་ས་མཆོག་གི་དད་འབངས་དག་གིས་ཀྱང་། ཞི་བ་དང་མི་འཚེ་བའི་ངང་ཚུལ་དང་མ་བྲལ་བའི་ཐོག་ནས་རང་གི་རྩ་བའི་བླ་མར་འཛིན་པའི་དད་གུས་དང་། ཕ་རོལ་པོའི་འགན་ཁུར་མེད་པའི་གཏམ་བརྗོད་དང་འབྲེལ་བའི་སེམས་ཚོར་གང་ཡོད་པ་ནི་གསལ་པོ་བཟོ་དགོས་རེད། དེ་ཡང་ངའི་བླ་མ་ལ་སྐྱོན་བརྗོད་མི་ཆོག་ཟེར་བ་ཙམ་མིན་པར། དངོས་འབྲེལ་མིན་པའི་འཁྱོགས་བཤད་ཀྱི་རིགས་ལ་རྒྱུ་མཚན་ལྡན་པའི་འགྲེལ་བརྗོད་དགོས་པ་དེ་ཡིན། རྫོགས་སོ།།

འབྲེལ་ཡོད་གསར་འགྱུར།

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦

མཆན། 1

  1. ཐུབ་བསྟན་དབང་རྒྱལ་། says:
    ལོ་ 2 སྔོན།

    ཕྱི་དགྲ་ལས་ནང་དགྲ་ཧ་ཅང་ཉེན་ཚབ་ཆེ་། ནང་དགྲ་ནས་བསམ་བཞིན་དུ་ཁྱད་བསད་དང་བཙན་བྱོལ་སྤྱི་ཚོགས་ནང་དཀྲུགས་གཞིའི་རྫུན་གཏམ་ལོག་བཤད་དང་དགྲ་བོའི་དགོས་མཁོ་གྲུབ་བཞིན་པ་རྣམས་ལ་ངེས་པར་དོ་སྣང་བྱེད་གལ་ཆེ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese