༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཟླ་འདིའི་ཕྱི་ཚེས་ ༢༠ དང་ ༢༡ ཉིན་ལྡི་ལིར་འཚོག་གཏན་འཁེལ་བའི་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།
རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་སྐྱོང་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར། དེ་རིང་ཞོགས་པ་ཆུ་ཚོད་ ༥ ཙམ་གྱི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་མཛད་དེ། ཇཱ་མུ་ནས་མཁའ་ལམ་བརྒྱུད་ཉིན་གུང་ཆུ་ཚོད་ ༡ ཙམ་ལ་ལྡི་ལིའི་མཁའ་ཐང་དུ་ཞབས་སོར་བདེ་བར་བཀོད་གནང་ཡོད་པ་དང་། གནམ་ཐང་དུ་སེར་སྐྱ་མི་མང་སྟོང་ཕྲག་གིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག
རྒྱ་གར་ཆོས་རིག་ལྷན་ཁང་དང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༠ དང་ ༢༡ ཉིན་ལྡི་ལིའི་ཨ་ཤོ་ཀ་(Ashok Hotel)གསོལ་མགྲོན་ཁང་དུ། འཛམ་གླིང་ནང་པའི་ལྷན་ཚོགས་( Global Buddhist summit )འཚོག་གཏན་འཁེལ་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་ནང་ཆོས་ཀྱི་ལྟ་གྲུབ་
དེའི་ཐད་རྒྱ་གར་འགྲིམ་འགྲུལ་དང་རིག་གཞུང་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ཀི་ཤན་རཡེ་ཌི་(G Kishan Reddy)མཆོག་གིས། རྒྱ་གར་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་མཆེད་ཁུངས་དང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་ཡིན་པས། ནང་པའི་ཆོས་ལུགས་ཀྱི་ལོ་རྒྱུས་དང་རིག་གནས་རྣམས་འཛམ་གླིང་ཁྱོན་ཡོངས་སུ་གསལ་སྟོན་བྱ་རྒྱུ་ནི་རྒྱ་གར་གྱི་འོས་འགན་ཡིན་སྐོར་སོགས་གསུངས་འདུག་ལ། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། སང་ཉིན་ཕྱི་ཚེས ༢༠ ཉིན་གྱི་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་། སློབ་དཔོན་ཆེན་མོ་སྐུ་ཞབས་རོ་བྷཌ་ཐུར་མན་ (Prof. Robert Thurman) ལགས་གཙོ་བོར་གྱུར་བའི་རྒྱ་གར་གྱི་གནད་ཡོད་མི་སྣ་དང་ཤེས་ཡོན་པ་ཁག་ཅིག་ཀྱང་མཉམ་ཞུགས་གནང་གི་ཡོད་འདུག
སྤྱིར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དེ་ཕྱི་ལོ ༢༠༢༠ ལོར་འཚོག་གཏན་འཁེལ་ཡོད་ཀྱང་། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་སྟེ་རྒྱལ་སྤྱིའི་ཐོག་འགྲོ་སྐྱོད་བཀག་སྡོམ་ཤུགས་ཆེན་བྱས་པར་བརྟེན། ལྷན་ཚོགས་དེ་ད་ལོ་བར་དུ་ཕྱིར་འགྱང་གནང་དགོས་བྱུང་ཡོད་འདུག
གསར་འགོད་པ། དཔལ་ལྡན།