ཚོགས་པ་སྒྲིག་འཛུགས་དང་མི་སྒེར་གྱི་ཆབ་སྲིད་ཀྱི་ཁེ་ཕན་སླད་བོད་ཀྱི་ལོ་རྒྱུས་འཁྱོག་བརྗོད་བྱ་རྒྱུ་མེད་པའི་རེ་སྐུལ་གནང་སོང་།
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་༢༢ ཉིན་གྱི་ཉིན་གུང་ཨོ་གླིང་དང་རྒྱ་གར་འབྲེལ་ལམ་བསྟི་གནས་ཁང་(Australia-India Institute) གཉིས་ཀྱི་གོ་སྒྲིག་འོག ཧིན་བོད་གཉིས་ཀྱི་གནའ་དེང་གི་འབྲེལ་ལམ་ (India-Tibet: Ancient Ties and Current Bond) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
དེ་བཞིན་ཕྱི་དྲོ་སྲིད་སྐྱོང་མཆོག་གིས་ཨོ་གླིང་མེལ་བྷོན་གྲོང་ཁྱེར་(Melbourne)ཝི་ཁི་ཌོ་རི་ཡ་(Victoria) ཁུལ་གྱི་ས་གནས་བོད་རིགས་མི་མང་ལ་ཐུག་འཕྲད་གནང་སྟེ། སྐབས་དེར་སྲིད་སྐྱོང་མཆོག་གིས། ཨོ་གླིང་དུ་གནས་བཞུགས་པ་མང་ཆེ་བ་བོད་ནང་དུ་རྒྱ་གཞུང་ལ་སོ་སོའི་མི་རིགས་དང་། རིག་གཞུང་གི་ཆེད་དུ་འཐབ་རྩོད་བྱས་ཏེ་དཀའ་ངལ་འཕྲད་ནས་སྐྱབས་བཅོལ་དུ་ཡོང་དགོས་གནས་སྟངས་ཆགས་པའི་འབྲེལ་ཡོད་དང་འབྲེལ་ཆགས་ཡིན་པ་རེད་ལ། བོད་ནང་དུ་འབྱུང་བཞིན་པའི་གནས་སྟངས་མཁྱེན་གྱི་ཡོད་པས། བཙན་བྱོལ་དུ་འཚར་ལོངས་བྱུང་བའི་མི་རབས་དང་བསྡུར་ན་གང་ཅིའི་ཐད་ནས་དགོངས་པ་བཞེས་སྟངས་དང་ཕྱག་ལས་གནང་སྟངས་མི་འདྲ་བ་ཞིག་དགོས་པ་རེད་ལ། བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་ནི། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནང་དུ་ལས་འགན་གལ་ཆེན་ཞིག་འཁུར་གྱིན་ཡོད་པ་མ་ཟད། མི་རབས་རྗེས་མ་གསོ་སྐྱོང་བྱེད་པའི་རིན་ཐང་བྲལ་བའི་ཞབས་འདེགས་ཤིག་རེད། ཅེས་གསུངས་སོང་།
བོད་རྒྱའི་དཀའ་རྙོག་སེལ་བའི་སྐོར་ལ་ཁོང་གིས། བོད་རྒྱའི་དཀའ་རྙོག་སེལ་བར་ང་ཚོས་རྒྱ་ནག་དང་མཉམ་དུ་སྙོབ་དགོས་ཀྱི་ཡོད་པ་དང་། དངོས་ཡོད་གནས་ཚུལ་དང་མཐུན་པར་བྱ་རྒྱུ་གལ་ཆེན་ཡིན་པ་ལས། སྣང་མེད་དུ་བཞག་ནས་དངོས་ཡོད་དང་མ་མཐུན་པར་བྱས་ན་གྲུབ་འབྲས་ཞིག་ཐོན་རྒྱུ་ཁག་པོ་ཆགས་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་ཡུན་རིང་པོའི་ནང་གནས་ཚུལ་རྟོག་ཞིབ་གནང་སྟེ་དབུ་མའི་ལམ་གྱི་དགོངས་པ་འཁོར་བ་ཞིག་ཡིན་པ་མ་གཏོགས། རྒྱུ་མཚན་མེད་པར་གང་བྱུང་ཐག་གཅོད་གནང་བ་ཞིག་མ་རེད། རྒྱ་གཞུང་གི་རིག་གནས་གསར་བརྗེ་ཆེན་པོའི་སྲིད་ཇུས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་གནས་ཐུབ་མིན་གྱི་ཆག་འཇིག་གི་མཚམས་སུ་སླེབས་བསྡད་པའི་གནས་སྟངས་དང་བསྟུན་ནས། རྒྱལ་སྤྱི་དང་། རྒྱ་ནག བོད་ནང་གི་གནས་སྟངས་ཐད་རིམ་པ་མང་པོའི་བཀའ་བསྡུར་གནང་མཐར་དབུ་མའི་ལམ་སྲིད་ཇུས་གཏན་ལ་ཕབ་ཅིང་། ད་ལྟའི་བཀའ་ཤག་གིས་ཀྱང་དབུ་མའི་ལམ་གྱི་སྲིད་ཇུས་བརྟན་པོ་བཟུང་ཡོད་ལ། རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་ནས་བདེན་མཐའ་སེལ་ཐབས་བྱ་རྒྱུ་ཡིན། ཞེས་གསུངས་སོང་།
དེ་བཞིན་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ལ་ཁོང་གིས། རྒྱ་གཞུང་གིས་རྒྱལ་ཁབ་གཞན་ལ་བོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཟེར་བཅུག་པ་མ་གཏོགས། སོག་པོ་དང་། མན་ཇུ། ཤར་ཏུར་ཀི་སི་ཐན་བཅས་ཡིན་པར་བཤད་བཅུག་མེད། དེ་ནི་རྒྱ་གཞུང་གིས་བོད་ལ་དབང་བསྒྱུར་བྱེད་པའི་ཁྲིམས་མཐུན་གྱི་ནུས་པ་མེད་པས། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུ་ཁྲིམས་མཐུན་བྱེད་པའི་ནུས་པ་རེག་པར་འབད་བརྩོན་བྱེད་ཀྱི་ཡོད། ཞི་མོལ་དང་འབྲེལ་མོལ་གྱི་སྐད་ཆ་ཇི་ཙམ་བྱས་ཀྱང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་ཁས་ལེན་དགོས་པའི་ཆ་རྐྱེན་འདོན་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་གཞན་གྱི་མགོ་ཁྲིད་རྣམས་ལ་བོད་ཀྱི་ལོ་རྒྱུས་ལ་མ་བལྟས་པར་ཆབ་སྲིད་པའི་འཕྲལ་སེལ་གྱི་ཁེ་ཕན་བསམ་ནས་བོད་ཀྱི་ལོ་རྒྱུས་འཁྱོག་བརྗོད་བྱེད་མི་ཆོག ཅེས་གསུངས་སོང་།
གསར་འགོད་པ། བྱམས་པ་ཚེ་རིང་།