བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་ས་འགོས་ལྟར་ཡུ་རོབ་དང་རྒྱ་གར་ནང་བོད་དོན་ཞུ་གཏུག་གི་སྐོར་སྐྱོད་གནང་གིན་འདུག
ཁ་སང་ཕྱི་ཚེས་ ༢༩ ཉིན་ (Daijiworld) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཡུ་རོབ་ཁུལ་དུ་བོད་དོན་ཞུ་སྐུལ་གནང་མགོ་བཙུགས་པ་དང་། སྐབས་དེར་ཡུ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་དང་། བོད་དོན་ཐོག་གྲོས་ཆོད་འཇོག་རྒྱུ། དེ་བཞིན་ཡུ་རོབ་མཐུན་ཚོགས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བའི་འབོད་སྐུལ་ཞུས་ཡོད་འདུག
དེ་འབྲེལ་གནས་ཚུལ་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་བཅས་ཀྱིས་ཡུ་རོབ་ཀྱི་རྒྱལ་ཁབ་སྦེལ་ཇམ་ཁུལ་དུ་གཞུང་འབྲེལ་སྐོར་སྐྱོད་གནང་མགོ་འཛུགས་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༢ བར་སྦེལ་ཇམ་གཞུང་དང་ཡུ་རོབ་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་སོགས་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུ་ཡིན་འདུག
ཐེངས་འདིར་སྐུ་ཚབ་ཚོགས་ཆུང་དེས་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པའི་ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོ་མ་སི་ (Tomas Zdechovky) ལགས་དང་མཇལ་འཕྲད་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་ཀྱི་གནས་སྟངས་དང་། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་གཙང་མ་ཡིན་པའི་གནས་བབ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་སོགས་ངོ་སྤྲོད་གནང་ཡོད་འདུག་ལ། སྐབས་དེར་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོ་མ་སི་ལགས་ཀྱིས། བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་པ་དང་། འབྲེལ་ཡོད་སྲིད་གཞུང་ཁག་ལ་ཡང་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་སྐོར་བརྗོད་འདུག
གཞན་ཡང་། སྦེལ་ཇམ་དུ་ཡོད་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་ཞིག་གི་གོ་སྒྲིག་འོག བོད་མི་མང་གི་སྤྱི་འཐུས་རྣམས་ཁོར་ཡུག་གི་འགྲེམ་སྟོན་ཞིག་ལ་གཟིགས་སྐོར་དང་། བོད་དོན་ངོ་སྤྲོད་ཀྱི་ཡིག་ཆ་དང་དེབ་སོགས་ཕུལ་ཏེ། གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་སྦེལ་ཇམ་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་ལྕམ་སྐུ་ཧེ་ལི་ནཱ་ (Helena Berge) མཆོག་དང་མཇལ་འཕྲད་ཀྱིས། ད་ལྟའི་ཆར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་པ། བོད་དེ་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རང་བཙན་གཙང་མ་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་དམར་ཤོག་གཞུང་གི་བཙན་བཟུང་འོག་གནས་ཡོད་པ་ཞིག་ལ་ངོས་འཛིན་གནང་དགོས་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་སོགས་ངོ་སྤྲོད་གནང་བ་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་ཡོད་པ་མ་ཟད། ད་དུང་བྷེ་ལ་རུ་སི་ (Belarus) ཁ་གཏད་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་སྐུ་སི་ཝེ་ཊ་ལ་ན་ (Sviatlana Tsikhanouskaya) མཆོག་དང་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་ནི་ཁོ་ལེ་ཊ་ (Ms Nicoletta Pusterla) མཆོག དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ལས་བྱེད་སྐུ་ཞབས་གྷར་གྱ་ (Gargya, Policy Officer, EEAS) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག
དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེས་ཡུ་རོབ་གྲོས་ཚོགས་འཐུས་མི་དང་ཀ་ཊ་ལུ་ནི་ཡའི་ (Catalunya) སྲིད་འཛིན་ཟུར་པ་སྐུ་ཞབས་ཀར་ལེ་སི་ (Carles Puigdmont) མཆོག་དང་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་དེ་ཡུ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་དགོས་སྐོར་ཞུ་སྐབས། སྐུ་ཞབས་ཀར་ལེ་སི་ལགས་ཀྱིས། བོད་ཀྱི་དཀའ་ངལ་ནི་རྒྱ་ནག་གིས་བོད་པའི་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ངན་པ་བཏིང་ནས་བྱུང་བ་ཞིག་ཡིན་པ་དང་། ཁོང་གི་ངོས་ནས་རྒྱ་ནག་ལ་ཁ་གཏད་བཅག་སྟེ་མ་འོངས་པར་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཐོག་དྲི་བ་དྲིས་ལན་སོགས་ཀྱི་མཚོན་པའི་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་ངེས་ཡིན་པ་དང་། ཀ་ཊ་ལུ་ནི་ཡའི་ (Catalunya) འཐབ་རྩོད་དང་བོད་ཀྱི་འཐབ་རྩོད་དབར་འབྲེལ་བ་དམ་ཟབ་གནང་རྒྱུ་ཡིན་སྐོར་སོགས་གསུངས་འདུག
གཞན་ཡང་། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་དང་། སྤྱི་འཐུས་པདྨ་མཚོ་ལགས་རྣམ་གཉིས་ལ་དྭགས་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་ལ་དྭགས་སླེ་རུ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་དང་མཇལ་འཕྲད་གནང་འདུག མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ལ་དྭགས་དང་བོད་གཉིས་དབར་ལོ་རྒྱུས་ཐོག་མི་རིགས་དང་སྐད་ཡིག་གཅིག་ཡིན་པ་ལྟར་དུས་ད་ལྟའང་ལ་དྭགས་མི་མང་དང་བོད་མིའི་དབར་སེམས་ཐག་ཉེ་པོའི་ཐོག་གནས་ཡོད་པ་དང་། ཁྱད་པར་དུ་ལ་དྭགས་མངའ་གཞུང་ནས་ས་གནས་བོད་མི་ཚོར་གཟིགས་རྟོགས་ཆེན་པོ་གནང་བཞིན་ཡོད་པ་དང་། འདི་ལོར་རྒྱ་ནག་གཞུང་གི་ངན་ཇུས་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཞི་མེད་མཚན་སྨོད་ཞུ་སྐབས། ལ་དྭགས་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་གིས་ཞི་བའི་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་བར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། མ་འོངས་པར་མུ་མཐུད་བོད་མི་རྣམས་ལ་གཟིགས་རྟོགས་གནང་བའི་འབོད་སྐུལ་ཞུས་ཡོད་འདུག་ལ། སྐབས་དེར་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་གིས། ལ་དྭགས་མི་མང་ལ་མཐུན་རྐྱེན་དང་རོགས་རམ་གང་ཡོད་ས་གནས་བོད་མི་རྣམས་ལའང་གཅིག་མཚུངས་སུ་ཐོབ་ཐབས་གནང་རྒྱུ་ཡིན་སྐོར་གསུངས་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།
གྲྭ་པ་སྤྱི་འཐུས་དེ་ཚོ་ས་གནས་དེ་དག་ལ་འགྲོ་བ་ནི་གཞུང་དངུལ་ཆུད་ཟོས་རང་རེད། དེ་ལས་བོད་གཞུང་གི་ལས་བྱེད་འགའ་རེ་བཏང་ན་ཏག་ཏག་རེད།