བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ལ་མགྲོན་ཁང་ནང་དུ་མི་ཁག་ཅིག་གིས་རུབ་རྡུང་བྱས་ཏེ་སྨན་ཁང་དུ་འགྲོ་དགོས་བྱུང་འདུག་ཀྱང་ད་ལྟའི་ཆར་ཁོང་གི་གནས་སྟངས་ག་འདྲ་ཡོད་མེད་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག
བོད་རང་དབང་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཁང་གི་གསར་འགོད་འབྲེལ་མཐུད་པ་རྗོན་ (John Jones) ཡིས། བཀྲ་ཤིས་དབང་ཕྱུག་ལགས་མགོ་ལོག་དར་ལག་རྫོང་དུ་ཕྱིན་ཏེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བ་དང་། དར་ལག་མི་རིགས་སློབ་འབྲིང་དུ་ཕྱིན་ནས་བརྙན་ཐུང་འགའ་བླངས་ཏེ་ཕྱིར་མགྲོན་ཁང་དུ་འབྱོར་ནས་ངལ་གསོ་བྱེད་སྐབས། ཁ་རས་གྱོན་པའི་མི་ཁག་ཅིག་བཙན་གྱིས་མགྲོན་ཁང་ནང་དུ་འཛུལ་ཡོང་སྟེ་ཁོང་ལ་རུབ་རྡུང་བཏང་རྗེས་བྲོས་ཕྱིན་ཡོད་སྟབས། མི་སུ་ཡིན་མིན་ངོ་རྟགས་ཆོད་མི་འདུག་ལ། ཁོང་ཚོ་འཛིན་བཟུང་འདྲི་རྩད་ཀྱང་བྱས་མེད་འདུག
བོད་རང་དབང་གི་དེ་འབྲེལ་གསར་འགྱུར་ནང་། དགོང་མོ་དེའི་ཆུ་ཚོད་ ༩ ཙམ་ལ་ཉེན་རྟོག་པ་ཡོང་སྟེ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་མགྲོན་ཁང་དུ་ཡོང་སྟེ་ཆུ་ཚོད་གཉིས་ལྷག་རིང་འདྲི་རྩད་བྱས་རྗེས། ཁོང་གི་ཁ་པར་ནང་ཡོད་པའི་བརྙན་དང་པར་སོགས་ནག་བསུབས་གཏོང་དུ་བཅུག་ཡོད་པ་མ་ཟད། ཁོང་སྡོད་སའི་མགྲོན་ཁང་གིས་ཀྱང་སྡོད་དུ་མ་བཅུག་པར་བརྟེན། མགྲོན་ཁང་གཞན་དུ་ཕྱིན་ཡང་ཁང་པ་གཡར་མེད་པ་རེད། དེ་ནས་ཁོང་དར་ལག་རྫོང་སྨན་ཁང་དུ་མགོ་སྨན་པར་སྟོན་དུ་ཕྱིན་སྐབས། སྨན་པས་བརྟག་དཔྱད་བཤེར་འབེབ་འཕྲུལ་ཆས་(CT scanner)འཕྲོ་བརླག་ཕྱིན་ཡོད་སྐོར་བརྗོད་དེ་སྨན་བཅོས་ཚུལ་བཞིན་བྱས་མེད་པ་དང་། མཚན་མོ་དེར་ཁོང་སྨན་ཁང་གི་ཐོག་རྩེག་དང་པོའི་རྐུབ་སྟེགས་ཤིག་གི་སྟེང་དུ་མཚན་གང་སྡོད་དགོས་བྱུང་བ་སོགས་བྲིས་འདུག
ཕྱི་ལོ་ ༢༠༢༡ ལོར་ཁོང་གི་བཙོན་འཇུག་ལོ་ ༥ ཚང་ནས་ཀློད་གྲོལ་བཏང་རྗེས། མུ་མཐུད་ཁོང་གིས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐོབ་ཐང་རྩོད་ལེན་བྱེད་བཞིན་ཡོད་པར་བརྟེན། ད་ལན་ཁོང་ལ་གློ་བུར་བའི་རུབ་རྡུང་དེ་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག་ལ། འདས་ལོ་ཡང་ཁོང་མགོ་ལོག་ཏུ་ཕྱིན་ཏེ་རྒྱ་ནག་གཞུང་གིས་སྒོ་བརྒྱབ་ཟིན་པའི་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ་སོགས་སུ་རྒྱུས་ལོན་བྱེད་སྐབས་ཀྱང་མགྲོན་ཁང་མ་གཡར་བའི་དཀའ་ངལ་འཕྲད་ཡོད་པ་རེད།
དེ་བཞིན་འདས་ལོའི་ཕྱི་ཟླ་དང་པོའི་ཚེས་ ༡༨ ཉིན་བཀྲ་ཤིས་དབང་ཕྱུག་ལགས་ནས་སྒེར་གྱི་ཝེ་པོད་དྲ་ཚིགས་སྟེང་གནས་ཚུལ་སྤེལ་ཏེ། ཟླ་དེའི་ཕྱི་ཚེས་ ༡༢ ཉིན་ཁོང་སྐྱེས་རྒུ་མདོ་གྲོང་ཁྱེར་གྱི་གཙོ་འཛིན་ལས་ཁུངས་སུ་ཕྱིན་ནས། བོད་ཁུལ་དུ་ལས་བྱེད་གསར་འདེམས་ཀྱི་གཙོས་བོད་ནང་བོད་སྐད་བོད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་དང་སྐད་ཡིག་རྒྱུན་འཛིན་དགོས་སྐོར་གྱི་འབོད་སྐུལ་བྱེད་དུ་འགྲོ་སྐབས་འབྲེལ་ཡོད་ནས་བཀག་འགོག་བྱས་ཡོད་པ་མ་ཟད། ཟླ་དེའི་ཕྱི་ཚེས་ ༡༧ ཉིན་ཉེན་རྟོག་ལས་ཁུངས་ཀྱིས་ཁོང་འབོད་འགུག་གིས་ཆུ་ཚོད་ ༣ ལྷག་རིང་འདྲི་རྩད་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།
བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ཙམ་ནས་པེ་ཅིན་དུ་གནས་སྡོད་ནེའུ་ཡོག་དུས་བབ་ཡན་ལག་གི་གསར་འགོད་པར་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་སློབ་གསོ་རྩ་མེད་བཟོ་ཡི་ཡོད་པ་དང་། བོད་ཕྲུག་བྱིས་པའི་བོད་སྐད་ཡིག་གི་གནས་ཚད་ཉེན་ཚབས་ཅན་དུ་གྱུར་ཡོད་སྟབས། ངེས་པར་དུ་རྒྱ་ནག་གཞུང་གི་མི་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ནང་གསལ་ལྟར་བོད་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། གསར་ཁང་དང་ཁྲིམས་རྩོད་པ་སོགས་ལ་འབྲེལ་བ་བྱས་ཏེ་བོད་ཁུལ་གྱི་སློབ་གསོའི་དཀའ་ངལ་དྲིལ་བསྒྲགས་བྱེད་ཐབས་གནང་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་གསང་བའི་ཐོག་ནས་ཁོང་འཛིན་བཟུང་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༤ བར་ནང་མིར་ཤེས་རྟོགས་བྱུང་བཅུག་མེད་པ་མ་ཟད། ནང་མི་སྤུན་མཆེད་སོགས་ལ་ཐུག་ཏུ་མ་བཅུག་པར་བཀག་ཉར་བྱས་ཏེ་ལོ་ ༢ ལྷག་བཞག་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་སྐྱེས་རྒུ་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དེས། རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག བཀྲ་ཤིས་དབང་ཕྱུག་ལགས་སུ་ལོ་ ༥ བཙོན་འཇུག་ཁྲིམས་བཅད་དེ་༢༠༢༡ ལོའི་ཟླ་ ༡ ཚེས་ ༡༤ ཉིན་ཀློད་གྲོལ་བཏང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།