ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་མགོ་བཙུགས་པའི་ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་དེ་ཧིན་བོད་མཐའ་མཚམས་ཁུལ་དུ་སྤེལ་མ་ཐུབ་པར་རེ་ཞིག་མཚམས་འཇོག་བྱས་འདུག

འདི་ལོའི་ཕྱི་ཟླ ༧ ཚེས་ ༡༥ ཉིན་ནས་སྐལ་བཟང་མཐར་ཕྱིན་ལགས་ཀྱིས། བོད་རང་བཙན་འཐབ་རྩོད་པ་རང་བཙན་བློ་དགའ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐུ་ལུས་མེར་བསྲེགས་ནས་སྐུ་གྲོངས་པར་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བར་ངོ་རྒོལ་མཚོན་སླད། བཞུགས་སྒར་དྷ་ས་ནས་ལ་དྭགས་ཀྱི་ཧིན་བོད་མཐའ་མཚམས་བར་གོམ་བགྲོད་གནང་འཆར་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱ་གར་གྱི་ཕྱི་སྲིད་ལས་དོན་དང་འབྲེལ། རྒྱ་གར་གྱི་ས་མཚམས་ཉེན་རྟོག་པས་ཁོང་དང་རོགས་པ་བསྟན་འཛིན་ཆོས་གྲགས་ལགས་གཉིས་བཀག་འགོག་བྱས་པའི་དབང་གིས། ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་དེ་མཚམས་འཇོག་བྱ་དགོས་ཁེལ་འདུག
གནད་དོན་དེ་དང་འབྲེལ་ནས་ཁ་སང་ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྙན་ཞིག་སྤེལ་བའི་ནང་། དེ་རིང་ང་ཚོས་ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་གཅིག་ཅེས་པའི་ཞི་བའི་གོམ་བགྲོད་དེ་མཚམས་འཇོག་དགོས་ཁེལ་སོང་། མཚམས་འཇོག་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་གར་དང་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ་ཀྱི་དབང་གིས་རེད། དངོས་གནས་བྱས་ན་གོམ་བགྲོད་དེ་སྤང་གོང་མཚོ་དང་མཐའ་མཚམས་བར་འགྲོ་རྒྱུའི་འཆར་གཞི་རེད་དེ། དེ་རིང་མ་བཏང་བའི་དབང་གིས་འདི་ནས་མཚམས་འཇོག་དགོས་ཁེལ་སོང་བ་མ་ཟད། ཁོང་ཚོས་རླངས་འཁོར་ནས་ལ་དྭགས་གླེ་བར་བསྐྱལ་རྒྱུའི་འཆར་གཞི་རེད་འདུག་པས། ངེད་གཉིས་ཀྱིས་ཨུ་ཚུགས་མཐར་བསྐྱལ་ནས་ཤོར་འགྲོ་ཟེར་སའང་མེད་པར་ཐབས་ཤེས་གང་ཡང་མི་འདུག་ལ། ཉེན་རྟོག་པས་ཀྱང་གཏོང་གི་མི་འདུག་པས་ངེད་གཉིས་ཚུར་མ་སླེབས་ཀ་མེད་རེད་འདུག ཅེས་བརྗོད་འདུག
ཡང་ཁོང་གིས། ང་ཚོས་ཤེས་དགོས་པ་ཞིག་ལ། ང་ཚོའི་སྐད་ཡིག་ལ་འགོག་རྐྱེན་དེ་འདྲ་འཕྲད་བཞིན་པའི་སྐབས་སུ། ང་ཚོ་བཀག་འགོག་བྱས་ཏེ་འགྲོ་མ་ཐུབ་པའི་གནས་སྟངས་འདྲ་ཞིག་ཆགས་བསྡད་ཡོད་རེད། ཡིན་ཡང་། ང་ཚོས་སྐད་ཡིག་སྲུང་སྐྱོབ་ནི་ཇི་ལྟར་འཚོ་བའི་བར་བྱ་དགོས་པ་ནི་འགན་འཁྲི་ཞིག་ཡིན་སྟབས། དེ་རིང་ལས་འགུལ་མཚམས་འཇོག་དགོས་ཁེལ་ནའང་སེམས་ཤུགས་ཆག་དགོས་པའི་གནས་སྟངས་ཤིག་མཐོང་གི་མེད། ད་ལྟའང་ལ་དྭགས་ཀྱི་འགྲོ་ཆོག་སའི་ས་ཁུལ་ཁག་ཏུ་མུ་མཐུད་དུ་སྐད་ཡིག་གི་ལས་འགུལ་སྤེལ་གྱི་ཡིན། ཞེས་བརྗོད་འདུག
འདི་གའི་གསར་འགོད་པས་སྐལ་བཟང་མཐར་ཕྱིན་ལགས་སུ་མ་འོངས་པར་དམིགས་བསལ་ལས་འགུལ་ག་རེ་སྤེལ་འཆར་ཡོད་མེད་སོགས་ཀྱི་སྐོར་ལ་དྲིས་པར་ཁོང་གིས། ད་ལྟའི་ཆར་ལས་འགུལ་ག་རེ་སྤེལ་རྒྱུ་ཡིན་མིན་དང་། གང་འདྲ་སྤེལ་རྒྱུ་ཡི་མིན་ཐད་དམིགས་བསལ་གྲ་སྒྲིག་མེད་ཀྱང་། ལ་དྭགས་ཡུལ་གྱི་ས་གནས་གཞོན་ནུ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ལ་འབྲེལ་འདྲིས་དང་དྲིལ་བསྒྲགས་བརྒྱུད། ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཡོད་ཚེ། ལ་དྭགས་ཁུལ་གྱི་འགྲོ་སྐྱོད་ཆོག་སའི་ས་གནས་ཁག་ཏུ་ལས་འགུལ་སྤེལ་འཆར་ཡོད་ཀྱང་། ད་ལྟ་ལས་འགུལ་ག་རེ་སྤེལ་རྒྱུ་ཡིན་མིན་སོགས་གཏན་ཁེལ་ཆགས་མེད། ཅེས་བརྗོད་བྱུང་།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས་ལ་དྭགས་ཟངས་དཀར་སྟོང་སྡེ་གྲོང་ཚོར་འབྱོར་སྐབས། ལ་དྭགས་ཡུལ་མི་དང་བོད་ཁྱིམ་གྱི་སློབ་ཟུར་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་ལས་འགུལ་ཁྲོད་མཉམ་ཞུགས་གནང་ཡོད་ལ། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ལ་དྭགས་ཉེ་མོ་ཡུལ་ནས་གླེ་ཕྱོགས་བར་གྱི་གོམ་བགྲོད་ཁྲོད། བོད་མི་དང་ལ་དྭགས་པ་ཁྱོན་མི་གྲངས་ ༡༠ ཙམ་གྱིས་མཉམ་ཞུགས་གནང་ཏེ། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༣༠ ཙམ་ལ་ལ་དྭགས་བསོད་ནམས་གླིང་ལ་སྤྱི་ལས་ཁུངས་ཀྱི་མདུན་ཐང་དུ་འབྱོར་ནས། ལ་དྭགས་བོད་ཁྱིམ་སློབ་ཟུར་ཚོགས་པའི་གོ་སྒྲིག་འོག་སྣེ་ལེན་གྱི་མཛད་སྒོ་ཞིག་འཚོགས་རྗེས། བོད་མི་དང་ཡུལ་མི་རྣམས་ཀྱིས་ཁོང་ལ་ཁ་བཏགས་བསྒྲོན་ཏེ་ཐུགས་རྗེ་ཆེ་ཞུས་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།





